གངས་རིའི་གཤམ་གྱི་ཡུལ་ལྗོངས་མཛེས་ཤོས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-06


འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་ཁ་རྫོང་ཆུ་ཁ་གྲོང་རྡལ་སྤྱང་ཀི་གྲོང་ཚོའི་བུ་ཕྲུག་ཚང་གཅེན་གཅུང་གསུམ་གྱི་འགྲུལ་ཁང་ཡིན་པ།
     གངས་རིའི་གཤམ་གྱི་རྒྱལ་ལམ་318འགྲམ་དུ་ཡངས་ཤིང་རྒྱ་ཆེ་བའི་སྒོ་ར་གྲུ་བཞིའི་ཁང་པ་ཞིག་ཆགས་ཡོད།
     དྲག་ཆར་རླུང་འཚུབ་དང་ཡང་ན་གྲང་ངད་ཆེ་བའི་དགུན་ཁ་དང་ཚ་གདུག་ཆེ་བའི་དབྱར་ཁ་ག་དུས་ཡིན་རུང་། ཧ་ལམ་ཉིན་ལྟར་རྐང་འཁོར་བཞོན་པའི་འགྲུལ་བཞུད་པ་དང་ཡུལ་སྐོར་བས་བུ་ཕྲུག་ཚང་གཅེན་གཅུང་གསུམ་གྱི་འགྲུལ་ཁང་དུ་ཞག་སྡོད་བྱེད་ཀྱི་ཡོད་ལ། འགྲུལ་ཁང་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་ཁ་རྫོང་ཆུ་ཁ་ཤང་སྤྱང་ཀི་གྲོང་ཚོར་གནས་ཡོད་པ་རེད།
     ལོ་55ལ་སླེབས་པའི་བུ་ཕྲུག་ནི་ཁང་པ་དེའི་བདག་པོ་ཡིན་ཞིང་། ཁོང་ནི་གཟུགས་སྟོབས་ཆེ་ལ་སྐྲ་རིང་པོ་ཕྲག་སྟེང་དུ་དཔྱངས་པའི་ཁམས་པའི་ཕོ་གཞོན་ཞིག་རེད།
     བུ་ཕྲུག་གིས་ཡར་སྔོན་ང་རང་འབྲོག་པ་འབྲོག་རྐྱང་ཞིག་ཡིན་པ་དང་། རང་ཉིད་མི་འདི་འདྲ་མང་པོ་དང་འབྲེལ་འདྲིས་ཡོང་གི་རེད་བསམས་མྱོང་མེད་ཅེས་བཤད།
     2000ལོའི་གཡས་གཡོན་ལ་ཁྲོན་བོད་གཞུང་ལམ་རྒྱུད་དུ་རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། མི་མང་པོས་ཁྲེང་ཏུའུ་ནས་རྡོག་ཐོན་བྱས་ཏེ་རྐང་འཁོར་བཞོན་ནས་ལྷ་སར་ཡོང་གི་ཡོད། རྒྱལ་ལམ་གྱི་རྒྱུད་དུ་གནས་པའི་བུ་ཕྲུག་ཁྱིམ་ཉིད་རྐང་འཁོར་བཞོན་པའི་འགྲུལ་བཞུད་པ་ཁག་གཅིག་གིས་གནས་ཚང་གཡར་སར་གྱུར།
     “སྐབས་དེ་དུས་ལམ་རྒྱུད་དུ་འགྲུལ་ཁང་ཧ་ཅང་དཀོན་པས་འགྲུལ་པ་ཁག་གཅིག་གིས་ང་ཚོའི་ཁྱིམ་དུ་གནས་ཚང་གཡར་གྱི་ཡོད། ཕྱིས་སུ་མི་ཁག་གཅིག་གིས་ང་ལ་འགྲུལ་ཁང་གཉེར་རྒྱུའི་གྲོས་འགོ་བཏོན་བྱུང”ཞེས་འགྲུལ་ཁང་འཛུགས་པའི་ཀུན་སློང་གི་སྐོར་གླེང་བ་དང་། བུ་ཕྲུག་གིས“ཁྲོན་བོད་གཞུང་ལམ་ཡུལ་སྐོར་གྱི་ཚ་རླབས་ལས་ང་ལ་འགྲུལ་ཁང་གཉེར་བའི་གོ་སྐབས་རག་བྱུང་། དེ་སྔ་འགྲུལ་ཁང་གི་མིང་ལ་བུ་ཕྲུག་ཚང་ཞེས་བཏགས་ཡོད། ཕྱིས་སུ་འགྲུལ་པ་ཁག་གཅིག་གིས་ཁྱེད་ཀྱི་ཁྱིམ་ལ་བུ་མོ་གསུམ་ཡོད་པས་གཅེན་གཅུང་གསུམ་ཞེས་བཏགས་ན་བློ་ལ་ངེས་བདེ་ཞེས་བཤད་པས། ད་ལྟའི་མིང་དེ་བྱུང་བ་རེད”ཅེས་བརྗོད་བྱུང་།
     གྲོགས་པོ་ཞིག་གིས། རྐང་འཁོར་བཞོན་ནས་ཁྲོན་བོད་གཞུང་ལམ་དུ་སྐྱོད་པ་ནི། འགྲུལ་བཞུད་ཀྱི་ལམ་བར་དུ་རང་ཉིད་ཀྱི་མ་སྐྱིད་པའི་སེམས་ཁམས་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་ཙམ་མ་ཟད། ད་དུང་བསམ་ཡུལ་ལས་འདས་པའི་དྲོ་སྐྱིད་དང་བསམ་ཤེས་ཐོབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།
     གཅེན་གཅུང་འགྲུལ་ཁང་ནི་དེ་ལྟ་བུའི་གནས་ཤིག་ཡིན་ཏེ། རྒྱལ་ཁབ་དང་། མི་རིགས། ལོ་ན་བཅས་གང་ལའང་མ་བལྟོས་པར་བུ་ཕྲུག་གི་ཁྱིམ་མི་རྣམས་ཀྱིས་དེར་སླེབས་པའི་མགྲོན་པོ་ཡོངས་ལ་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུ་ཡི་ཡོད།
     གསར་འགོད་པ་ཧང་སངས་དགོས་པ་ཞིག་ལ་བུ་ཕྲུག་གི་ཁྱིམ་དུ་རིན་པ་མི་སྤྲོད་པར་ཟ་མ་ཟ་བ་དང་ཞག་སྡོད་བྱེད་མཁན་གྱི་ཡུལ་སྐོར་བ་ཡང་མི་ཉུང་བ་ཞིག་ཡོད་ཅིང་། སྡོད་ཡུན་རིང་ཤོས་ཤིག་ནི་ཡུལ་སྐོར་བ་ཞིག་གིས་ཁོང་ཚོའི་ཁྱིམ་དུ་རིན་པ་མ་སྤྲད་པར་ལོ་4ལྷག་ཙམ་བསྡད་དེ་ནམ་རྒྱུན་ནང་ལས་བྱེད་རོགས་བྱེད་པ་དང་། ཁོང་ཚོ་དང་མཉམ་དུ་འཚོ་བ་བསྐྱལ་ནས་གཉེན་ཉེ་ལྟ་བུར་གྱུར་ཡོད། དེས་མ་ཟད་འོན་ལྐུགས་དང་དབང་པོ་སྐྱོན་ཅན་འགྲུལ་ཁང་དུ་ཞག་སྡོད་བྱས་ན་རིན་པ་ལེན་གྱི་མེད། ཐེངས་གཅིག་བུ་ཕྲུག་གི་ཁྱིམ་གྱིས་འོན་ལྐུགས་རྐང་འཁོར་རུ་ཁག་གཅིག་ལ་རོགས་རམ་ཆེན་པོ་བྱས་པ་དང་། ཁོང་ཚོས་དྲིན་ལན་འཇལ་ཐབས་བྲལ་བས། མཐར་བུ་ཕྲུག་གི་ཁྱིམ་དུ་རུ་དར་ཞིག་བཞག
     འདི་ལྟར་བྱས་ན་འགྲུལ་ཁང་ལ་གྱོང་གུན་ཕོག་གི་མ་རེད་དམ་ཞེས་གསར་འགོད་པས་དྲིས་པར། བུ་ཕྲུག་གིས་ཁང་པ་ནི་རང་ཁྱིམ་གྱི་ཡིན་པ་མ་ཟད་མ་གནས་ཀྱང་མཐོ་པོ་མིན། འགྲུལ་པ་ཇེ་མང་དུ་སོང་རྗེས་འགྲུལ་ཁང་ད་དུང་རྒྱ་ཆེ་རུ་བཏང་ཡོད། “ང་ཚོས་མ་གཞི་ནས་འགྲུལ་ཁང་དེ་འགྲུལ་བཞུད་བྱེད་མཁན་ཚོར་རོགས་རམ་བྱ་ཆེད་བཙུགས་པ་ཡིན་པས། ཚང་མར་རོགས་རམ་བྱེད་ཐུབ་ན་འགྲིག་སོང”ཞེས་བཤད་བྱུང་།
     བུ་ཕྲུག་གིས། གྱོང་གུན་ཕོག་རྒྱུ་ལྟ་ཞོག་ད་དུང་དེ་ལས་ལྷག་པའི་འབྲས་བུ་ཐོབ་བྱུང་། ཡུལ་སྐོར་བ་འགའ་ཞིག་གིས་རང་འགུལ་ངང་ནང་ལས་བྱེད་ལ། འགའ་ཞིག་གིས་འདི་ནས་ཁ་བྲལ་ཟིན་རུང་ད་དུང་ང་རང་ལ་ཡི་གེ་གཏོང་གི་འདུག བསམ་པའི་ཐད་ཀྱི་རྒྱབ་སྐྱོར་དེས་ང་ལ་གཞན་ལས་ལྷག་པའི་དགའ་ཚོར་ཞིག་སྐྱེ་ཡི་འདུག་ཅེས་བཤད།
     ད་ཆ་ཁོང་གི་སློབ་ཆེན་ཐོན་མ་ཐག་པའི་བུ་མོ་ཆུང་བ་སྐལ་བདེ་མཚོ་མོས་ཕ་ཡུལ་དུ་ལོག་ནས་ཕ་མ་གཉིས་པོར་འགྲུལ་ཁང་གཉེར་རོགས་བྱེད་ཀྱི་ཡོད། གསར་འགོད་པས་ཁོ་མོའི་སྐད་འཕྲིན་གྱི་གྲོགས་ཚོམས་ནས་ཡིག་ལན་མང་པོ་ཞིག་མཐོང་བྱུང་། ཡིག་ལན་དེ་དག་ལས་གསར་འགོད་པས་གཅེན་གཅུང་མགྲོན་ཁང་ལ་ཚོང་ཡག་པོ་དེ་འདྲ་ཡོང་བའི“ཐབས་མཆོག”ཀྱང་ངང་གིས་རྟོགས་བྱུང་།
     ཡུལ་སྐོར་བའི་ཡིད་དབང་ཤོར་ས་ནི་ཡུལ་མིའི་ཞིམ་ཟས་ཁོ་ན་གཏན་ནས་མིན་པར་ད་དུང་དེ་གར་ཡོད་པའི་ཡུལ་མི་རྣམས་ཡིན་ཞིང་། ཁོང་ཚོའི་རྒྱུད་ནས་ཁྱེད་ཀྱིས་བདེན་ལེགས་མཛེས་གསུམ་ཚོར་ཐུབ་ལ་མི་གཤིས་དྭངས་མ་ཡང་རྟོགས་ཐུབ། ཁོང་ཚོ་ནི་ཁྲོན་བོད་ལམ་རྒྱུད་དུ་རང་བྱུང་གི་མཛེས་ལྗོངས་ལས་ཀྱང་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་རེད།
འདི་ནི་བུ་ཕྲུག་ཚང་གཅེན་གཅུང་གསུམ་གྱི་འགྲུལ་ཁང་ནས་བླངས་པའི་ཡུལ་སྐོར་བ་དང་བུ་ཕྲུག་གི་ནང་མིའི་མཉམ་པར་ཡིན་པ།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།། ཆུ་བོ་གངྒཱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1