གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

འབྲོང་བུ་རྡོ་རྗེ་རིན་ཆེན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༦ཉིན།

༄༅།། ཁ་ཕྱོགས་བོར་བའི“རླུང་།”

རྩོམ་པ་པོ་བཀྲ་བྷ་ལགས་ལ་བགྲོ་གླེང་གི་ཚུལ་དུ་ཕུལ་པ།

འབྲོང་བུ་རྡོ་རྗེ་རིན་ཆེན།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་རྩོམ་པ་པོ་བཀྲ་བྷའི་སྒྲུང་གཏམ《རླུང》གི་རྩོམ་རིག་གི་སྐད་ཆ་དང་སྒྲིག་གཞི།  “ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དང་སྤྲོས་བརྗོད་སོགས་ལ་ཕྱོགས་དུ་མ་ནས་དབྱེ་ཞིབ་བགྱིས་ཏེ།  སྒྲུང་གཏམ་དེའི་སྒྱུ་རྩལ་དང་བརྗོད་དོན་སོགས་ཀྱི་གནད་དོན་འགར་རང་གི་ལྟ་ཚུལ་གླེང་བ་དང་།  དེར་མཐུད་ནས་རྩོམ་པ་པོའི་རྩོམ་རིག་གི་རྣམ་འགྱུར་འཛིན་སྟངས་ཐད་དུ་བྱེ་བྲག་གི་བསམ་འཆར་དང་རེ་བ་བཏོན་ཡོད།

བརྡ་ཆད་གཙོ་བོ།  རྩོམ་རིག་གི་སྐད་ཆ།  སྤྲོས་བརྗོད་ཀྱི་ལབ་བརྡོལ།  རྩོམ་རིག་གི་རྣམ་འགྱུར།

དུས་སྐབས་གསར་བའི་རྩོམ་རིག་གི་བསྟན་པ་བླ་ལྷག་ཏུ་དར་བའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།བོད་ཀྱི་སྒྲུང་གཏམ་རྩོམ་སྟེགས་སུ་ཀློག་མཁན་ཁྲི་སྟོང་མང་བོར་བག་ཆགས་ཟབ་མོ་འཇོག་མཁན་གྱི་རྩོམ་པ་པོ་གྲགས་ཅན་སྐོར་ཞིག་བྱུང་། བཀྲ་བྷ་ལགས་ནི་དེ་དག་ཁྲོད་ཀྱི་དཔྱད་འཇོག་ཐོབ་པའི་ངེས་དོན་གྱི་རྩོམ་པ་པོ་ཞིག་ཡིན། ཁོང་གིས་སྒྲུང་གཏམ་སྔ་མ་དག་ཏུ་བབ་ཆགས་ཤིང་ལྷུ་འཕྲོད་པའི་སྐད་ཆ་སྤྱད་དེ། གཏམ་རྒྱུད་ཀྱི་དགེ་མཚན་ལ་བརྟེན་ནས་ལོ་རྒྱུས་དང་དངོས་ཡོད། དུས་རབས་དང་མི་གཤིས་ལ་སོགས་པར་བསམ་གཞིག་ནན་མོ་མཛད་ཡོད་ཅིང་། སྒྱུ་རྩལ་གྱི་བྱུང་རིམ་སྟེང་ནས་མི་སྣའི་གཤིས་ཀ་བདེན་སྟོབས་ཀྱིས་འཕྱོར་འབྲི་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་གལ་ཆེན་དག་ཀློག་མཁན་ཀུན་ལ་འགྲེམ་སྟོན་བྱས་འདུག་པས། བརྩམས་ཆོས་ལ་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པའི་རིན་ཐང་ངེས་ཅན་ཞིག་ལྡན་པ་རེད། སྐུ་ཞབས་ལུའུ་ཞུན་གྱིས“དཔྱད་འཇོག་ཐོབ་པའི་རྩོམ་པ་པོ་ཞིག་ཡིན་ན་དེའི་བརྩམས་ཆོས་ཡོད་ཚད་ཀྱིས་རྩོམ་ཡིག་ཇི་ལྟར་འབྲི་ཚུལ་གསལ་བཤད་བྱེད་ཐུབ”[1]ཅེས་པ་ལྟར། རྩོམ་པ་པོ་བཀྲ་བྷའི《སྒྲོལ་མ་ཉེར་གཅིག》ནས《ཟླ་བ་དང་མེ་ལོང》དང་།    འཕྲོས་ཀྱི《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ལ་སོགས་པས་ནམ་ཡང་ཀློག་མཁན་དག་ལ“རྩོམ་ཡིག་ཇི་ལྟར་འབྲི་ཚུལ”གྱི་མན་ངག་སྟོན་གྱིན་ཡོད་པས།  ང་ཚོས་ཁོང་གི་བརྩམས་ཆོས་དག་ལས་རྩོམ་རིག་གི་ཉམས་མྱོང་འབོར་ཆེན་གསོག་ཐུབ་ཀྱིན་ཡོད་པ་རེད།

ཡིན་ནའང་།    བཀྲ་བྷའི་ཉེ་དུས་ཀྱི་སྒྲུང་གཏམ《རླུང》(2017ལོའི《སྦྲང་ཆར》དེབ་བཞི་པར་བཀོད་ཡོད)ཞེས་པ་ཀློག་སྐབས།  རྩོམ་གྱི་སྒྲིག་གཞི་ནས་ནང་དོན་བར་གྱི་ཁོང་གསེང་དུ་ཀློག་སྟབས་ཤིན་ཏུ་མི་བདེ་བའི་རྒྱུ་སྣ་ཚོགས་ཀྱིས་བཅད་འདུག་པ་མཐོང་ནས།    ཡིད་ངོར་ཚོར་བ་མི་སྤྲོ་བའི་བག་ཆགས་རབ་རིབ་ཅིག་འཐིབས་འོངས་ལ།དུས་མཚུངས་སུ་བརྩམས་ཆོས་འདིས་སྔོན་གྱི་སྒྲུང་གཏམ་རབ་དང་རིམ་པ་དག་ལྟར་བདག་ལ“རྩོམ་ཡིག་ཇི་ལྟར་འབྲི་ཚུལ”གྱི་མན་ངག་ཟབ་མོ་ཞིག་ཡེ་ནས་བསྟབས་མ་བྱུང་བས།  སྒྲུང་གཏམ་འདི་ཁོང་གི་སྨྱུག་འོག་ནས་ཐོན་པའི་བརྩམས་ཆོས་ཤིག་ཡིན་མིན་ལའང་སོམ་ཉི་སྐྱེས་བྱུང་།  དེ་བས་འདིར་ཕྲན་གྱིས་རྩོམ་པ་པོ་ཁོང་ཉིད་ཀྱི་རྩོམ་རྩལ་ལ་སློབ་སྦྱོང་བྱེད་ཞོར་དུ།   དོན་དག་རེ་འགའི་ཐད་དུ་རང་གི་ལྟ་ཚུལ་འགའ་ཞིག་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་གསོང་བོར་ཞུ་འདོད་པས།  ཉེས་པའི་ཆ་མཆིས་ན་གཟུ་བོར་གནས་པ་ཀུན་གྱི་སྤྱན་སྔར་མཐོལ་ལོ་འཆགས་སོ།།

གཅིག    སྐད་ཆའི་ཐ་སྙད་ཀྱི་འཛོལ་སྤྱོད་དང་ཚིག་སྦྱོར་གྱི“སྒྱིད་ལུག”

“རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན”ཞིང་།   རྩོམ་རིག་གི་དམིགས་བསལ་རང་བཞིན་ཡང་རྩོམ་རིག་རང་སྟེང་གི་དམིགས་བསལ་ཅན་གྱི་སྐད་ཆའི་སྟེང་ན་ཡོད། དེ་བཞིན་དུ་རྩོམ་རིག་གི་ཡོད་ཚད་ཐོག་མར་སྐད་ཆས་དབང་བསྒྱུར་པ་ཡིན་པས། སྒྲུང་གཏམ་ཞིག་ལ་མཚོན་ན། རྩོམ་རིག་གི་སྐད་ཆའི་ཁྱད་ཆོས་ལ་གཙིགས་འཛིན་བྱ་རྒྱུ་ཤིན་ཏུ་གཙོ་ལ། སྐད་ཆའི་བློ་སྦྱོང་དམན་པའི་རྩོམ་པ་པོས་ནམ་ཡང་རླབས་ཆེ་བའི་སྒྲུང་གཏམ་ཞིག་སྤེལ་དཀའ་བར་འདོད། རང་རེའི་མིང་དུ་གྲགས་པའི་སྲོལ་རྒྱུན་སྒྲུང་གཏམ་རྩོམ་མཁན་མདོ་མཁར་པ་དང་། ཡང་ན་ཕྱི་གླིང་གི་རྩོམ་མཁན་གྲགས་ཅན་ཐུའོ་ཨེར་སི་ཐའེ་དང་ཁ་ཧྥུ་ཁ་སོགས་ཀྱི་སྒྲུང་གཏམ་དག་ལ་གཞིགས་ན། ཁོང་ཚོའི་རྩོམ་རིག་གི་སྐད་ཆ་ནི་ལྟག་ཆུ་མ་ཆད་པའི་རྫིང་བུ་ལྟར“ཐོན་ཁུངས”ཕུན་སུམ་ཚོགས་ཤིང་། སྤྱད་པས་འཛད་མཐའ་མེད་ཅིང་འགུགས་ཤུགས་ཁྱད་དུ་འཕགས་པས། སྒྲུང་གཏམ་གྱིས་ཀློག་པ་པོར་བསྒོས་པའི་བག་ཆགས་གཙོ་བོ་ཡང་། ཕལ་ཆེར་རྩོམ་པ་པོའི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལས་བྱུང་བ་ར་སྤྲོད་བྱེད་ཆོག་སྙམ།

ཕྱི་ངོས་ནས་བལྟས་ན།《རླུང》ནི་རྩོམ་པ་པོ་བཀྲ་བྷས་སྒྲུང་གཏམ་སྔོན་མ་དག་གི་རྩོམ་སྟངས་ལ་ཡིད་མ་འཚེངས་པར། རང་གི་རྩོམ་གཤིས་སུ་གཞི་ནས་གྲུབ་ཟིན་པའི་སྤྲོས་བརྗོད་བྱེད་སྟངས་དང་གཏམ་རྒྱུད་སྒྲིག་སྟངས། བརྩེ་དུངས་མཚོན་ཚུལ། མཛེས་དཔྱོད་ལྟ་བ་འདོན་སྟངས་སོགས་ལ་ཁྱོན་ཡོངས་ནས་གསར་བརྗེ་བཏང་བའི་ཚོད་བགམ་གསར་བ་ཞིག་རེད། འོན་ཀྱང་ཚོད་བགམ་གྱི་གོ་རིམ་ཁྲོད་དུ་གཙོ་བོར་སྒྲུང་གཏམ་གྱི་སྐད་ཆའི་སྟེང་གི“ཁྱད་མཚར་རང་བཞིན”དང“དོན་མང་རང་བཞིན”གྱི་ཁྱད་ཆོས་ལ་གཙིགས་ཆེན་མ་བྱས་པས། ཕྱིས་ཀྱི་སྒྲུང་གཏམ་དག་ལ་སྔ་མའི་སྒྲུང་གཏམ་དག་དང་མི་འདྲ་བའི་ཐོད་རྒལ་གྱི་འབྲས་བུ་ཅི་ཡང་སྨིན་མ་ཐུབ་པར།རྩོལ་བ་ཕལ་ཆེར་ཕམ་ཁའི་ཕྱོགས་སུ་གཞོལ་འདུག

འདིར་ཐོག་མར《རླུང》གི་སྐད་ཆའི་སྒྱུ་རྩལ་ཐད་ཀྱི་བྱེ་བྲག་གི་གནད་དོན་འགའ་ཞིག་གླེང་བར་བྱ་སྟེ།

ཀ  ཐ་སྙད་འདེམ་སྤྱོད་མི་ལེགས་པ།

ཚིག་སྦྱོར་འགྲུབ་བྱེད་ཀྱི་སྐད་ཆའི་སྡེ་ཚན་ཆུང་ཤོས་ནི་ཐ་སྙད་ཡིན།  སྐད་ཆའི་རྗོད་པ་ཡག་པོ་ཞིག་འཁྱོངས་དགོས་ན།  ཐ་སྙད་ཀྱི་འདེམ་སྤྱོད་འཁྲུལ་བ་མེད་པ་ཞིག་ལ་བརྟེན་དགོས།  དེ་ནི་བརྡ་སྤྲོད་རིག་པའི་ཆོས་ཉིད་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད།  རྒྱའི་རྩོམ་པ་པོ་ཞེ་ཡིའུ་ཧྲུན་གྱིས“རྩོམ་པ་པོ་སུ་ཞིག་གིས་བརྩམས་ཆོས་ཁྲོད་ཀྱི་ཚིག་རེ་རེ་དང་ཐ་སྙད་རེ་རེ་ལ་ཐུགས་ཁུར་གནང་སྟེ།  རྩོམ་ཡིག་འབྲི་དུས་ཁོའི་གསར་རྩོམ་གྱི་ཚོར་བ་ནི་སྐད་ཆ་དང་མཐུན་པར་བསྡེབས་ཏེ་གནས་པ་ཡིན་པས།ཚིག་གཅིག་ཀྱང་རང་གི་སྨྱུག་འོག་ནས་ལས་སླ་མོའི་ངང་བཞུར་དུ་འཇུག་མི་སྲིད”[2]ཟེར།  གཏམ་དེར་གནས་ལུགས་ཆེན་པོ་ལྡན་ཏེ།  སྒྲུང་གཏམ་ཧྲིལ་པོའི་ཆ་ནས་བཤད་ན།  ཐ་སྙད་དང་སྐད་ཆ་ནི་སྒྲུང་གཏམ་གྱི་རང་ལུས་ཡིན་པ་ལས་ཟུར་གཏོགས་མིན་ཞིང་། སྒྲུང་གཏམ་ཀློག་པ་ཡང་ཐོག་མར་ཐ་སྙད་ནས་མགོ་བརྩམས་པའི་སྐད་ཆའི་རྒྱུན་ལ་འཇུག་པའི་གོ་རིམ་ཞིག་ལས་འདའ་ཐབས་མེད་པས། སྒྲུང་གཏམ་གྱི་གསར་རྩོམ་ནི་མཐར་གཏུགས་ཚེ་སྐད་ཆ་འབྲི་བ་ལས་གཞན་གང་ཡང་མ་ཡིན། འོན་ཀྱང་ཐ་སྙད་འདེམ་སྤྱོད་མ་ལེགས་ན་སྐད་ཆའི་ནུས་པ་དང་དམིགས་ཡུལ་ལ་ཤུགས་རྐྱེན་ཐེབས་ངེས་པ་ནི་བཟློག་མེད་ཀྱི་ཆོས་ཉིད་ཅིག་རེད། དཔེར་ན། “ང་ཆང་གིས་བཟི་སྟེ་ར་རོར་གྱུར་པ་ན། ཕྱི་ཉིན་བཟི་བའི་དུས་སུ་ཅི་ཞིག་བྱས་པ་དང་ཅི་ཞིག་བྱུང་བ་གཏན་ནས་མི་ཤེས། སློབ་གྲོགས་རྣམས་ཀྱིས་ཚུལ་དེ་རྟོགས་རྗེས། ཤ་འཁོན་ཅན་ལ་ལས་ང་བཟི་འདུག་པའི་གོ་སྐབས་དང་བསྟུན་ནས་ང་ལ་གཅར་རྡུང་བྱེད་བཞིན་ཡོད་པར་བརྗོད……”ཅེས་དང་།  ཡང“‘ཅི་བྱུང་ཟེར་རམ།’  ང་ལ་ཁོང་ཁྲོ་ཆེན་པོ་ཞིག་གློ་བུར་ལྡང་བྱུང་བས། སྐད་ཕྱུང་སྟེ‘ཁྱོད་ཀྱི་ཨ་ཕ་དགྲ་ལག་ལ་ཤོར་སོང་།ཁྱོད་ཀྱིས་ཤ་འཁོན་མི་རྩོད་དམ’ཞེས་བཤད་དེ། ཁོའི་ཉལ་གོས་ཤུགས་ཀྱིས་འཐེན་ཏེ་ས་ལ་གཡུགས།”ཀུན་གྱིས་ཤེས་གསལ་ལྟར། “ཤ་འཁོན”ནི་མི་སྲོག་བཅད་པའི་སྙིང་ནད་དམ་འཁོན་འཛིན་ལ་འཇུག་ཅིང་། ཁ་དཔེར་ཡང་ཤ་ཤོར་གྱི་ཤ་ལན་དང་རྒྱུ་ཤོར་གྱི་ར་མདའ་ཟེར་བ་ལྟར་ཡིན་པས། སློབ་གྲོགས་ཕན་ཚུན་བར་གཅར་རེས་དང་རྡུང་རེས་བྱུང་བའི་ཞེ་འཁོན་དུ་སོང་བའི་འགལ་བ་ཞིག་ལ“ཤ་འཁོན”ཞེས་པའི་ཐ་སྙད་ཇི་ལྟར་སྦྱོར།  “ཨ་ཕ་དགྲ་ལག་ཏུ་ཤོར་སོང”ཞེས་པ་ཡང་ཨ་ཕ་དགྲ་ཡིས་བསད་པའི་དོན་རྩ་བ་ནས་མིན་པས། བུ་ཡིས་ཀྱང་སྲོག་མ་ཤོར་པའི་ཨ་ཕའི་ཤ་འཁོན་ཇི་ལྟར་རྩོད། དེ་བས་འདིར་སྤྱད་པའི“ཤ་འཁོན”ཞེས་པས་སྐབས་བབ་ཀྱི་བརྗོད་དོན་དང་ཐག་ཉེ་བའམ་ཕྱོགས་མཚུངས་པའི་ཆ་ཞིག་སྟོན་ཐུབ་པ་ལས། བརྗོད་དོན་དངོས་དེ་ཇི་བཞིན་སྟོན་མ་ཐུབ་པས་སྤྲོས་བརྗོད་ཀྱི་དམིགས་ཡུལ་ཡོངས་སུ་འགྲུབ་མི་འདུག

སྒྲུང་གཏམ་ཞིག་གི་ངོས་ནས་བཤད་ན། ཐ་སྙད་འདེམ་སྤྱོད་ནི་ཚིག་རྒྱན་རིག་པའི་གནད་དོན་གལ་ཆེན་ཞིག་རེད། ཨ་རིའི་མཁས་པ་པུའུ་སི་ཡིས“སྒྲུང་གཏམ་ནི་ཚིག་རྒྱན་གྱི་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་གྱིན་ཡོད་ལ། ཚིག་རྒྱན་གྱི་ངོ་བོ་ནི་སྐད་ཆའི་བཀག་རྒྱ་སྣ་ཚོགས་སེལ་ཏེ་གནད་ལ་ཁེལ་བ་དང་། ཤུགས་དང་ལྡན་པའི་སྒོ་ནས་བརྩེ་དུངས་མཚོན་པ་དང་བསམ་བློ་བརྗེ་རེས་བྱེད་པ་དེ་ཡིན”སྐད། དེས་ན། ང་ཚོས་ཚིག་རྒྱན་གྱི་དམིགས་ཡུལ་འགྲུབ་པའི་ཆེད་དུ་སྦྱོང་བརྡར་བརྒྱུད་དེ་སྒྲུང་གཏམ་གྱི་ཐ་སྙད་ལ་འདེམ་སྤྱོད་ཡག་པོ་གཏོང་བ་ནི། རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་འཇལ་བྱེད་ཀྱི་གཞི་འཛིན་བྱེད་གཙོ་བོར་ལྟ་བཞིན་ཡོད།《རླུང》གི་ནང་དུ། ད་དུང་ཐ་སྙད་འདེམ་སྤྱོད་མི་ལེགས་པའི་དཔེ་གཞན་ཡང་འདྲེན་རྒྱུ་ཡོད་དེ།  “ང་འུ་ཐུག་སྟེ་རང་གི་དཔྲལ་ངོས་སུ་ཁུ་ཚུར་གྱིས་ལན་འགའ་གཞུས་པ་ན། ཟུག་གཟེར་ཆེན་པོ་དང་འགྲོགས་ཏེ་མིག་ལམ་དུ་མེ་སྟག་དམར་ལམ་ལམ་དུ་མཆེད་བྱུང་།……”འདིར“ལམ་ལམ”ཞེས་པ་ནི།《དག་ཡིག་གསར་བསྒྲིགས》སུ་འོད་འཚེར་བའི་དོན་དང་།  ཚིག་མཛོད་ཁ་ཅིག་ཏུ་འགུལ་བའི་རྣམ་པ་ཅན་གྱི་འོད་འཕྲོ་སྟངས་ཤིག་ཏུ་འགྲེལ་འདུག་ལ།  གླིང་སྒྲུང་དུའང“ལྷ་དང་དགྲ་ལྷ་སྲུང་མའི་ཚོགས།།ལམ་ལམ་འཁྱུག་འཁྱུག་འོད་མཆེད་མཆེད”ཅེས་དང་།  ལམ་རིམ་བླ་རྒྱུད་ལས“གསུང་རབ་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་ཕལ་ཆེར་ལ་བལྟས་པ་ཙམ་ནས།  འདིའི་དོན་འདིར་འདུག་སྙམ་པ་འབད་མེད་ལམ་ལམ་དུ་འཆར”ཞེས་སོགས་འབྱུང་ཚུལ་ལ་གཞིགས་ན།  “མེ་སྟག་དམར་ལམ་ལམ”ཞེས་པ་ཁྱད་གཞི་གང་དེར་ཁྱད་ཆོས་མི་འཕྲོད་པ་ཞིག་སྦྱར་བ་སྟེ།  མེ་སྟག་མཆེད་ཚུལ་ནི་མྱུར་ཞིང་སྐད་ཅིག་མའི་རང་བཞིན་ཅན་ཞིག་ཡིན་པ་ལས།  འགུལ་བའི་རྣམ་པ་ཅན་གྱི་འོད་འཕྲོ་ཚུལ་ཞིག་མིན་ལ།  བརྒྱ་ལ་སྲིད་པའི་དབང་དུ་བཏང་ནའང་མིའི་རྟོག་ངོར་འོད་ལམ་ལམ་གྱི་ངང་དུ་སྣང་མི་སྲིད་པ་ནི་མངོན་སུམ་ཚད་མས་གྲུབ་ཅིང་།  ལྷག་པར་སྐྱེས་བུ་བདག་བརྗོད་ཀྱི་སྒྲའི་མཐོང་སྣེའི་ངོས་ནས་བཤད་ན།  རང་གིས་རང་གི་དཔྲལ་ངོས་སུ་ཁུ་ཚུར་གཞུས་ཚེ་མིག་ལམ་དུ་མེ་སྟག“དམར་ལམ་ལམ”དེ་འདྲ་མཆེད་པར་བརྗོད་ན་ནི།རྩོམ་པ་པོའི་དངོས་བརྒྱུད་ཀྱི“གདོད་མའི་ཉམས་མྱོང”ཞིག་ཏུའང་ཡིད་ཆེས་དཀའོ།།

ཐ་སྙད་ཀྱི་འདེམ་སྤྱོད་ལ་གཟབ་ནན་མི་བྱེད་པ་ནི་མཐར་གཏུགས་ནས་བརྗོད་ན།རྩོམ་རིག་གི་སྐད་ཆའི་གནད་ཁེལ་རང་བཞིན་ལ་བརྩི་སྲུང་མ་བྱས་པ་དེ་རེད། རྩོམ་རིག་གི་སྐད་ཆའི་གནད་ཁེལ་རང་བཞིན་ནི་རྩོམ་རིག་གི་སྐད་ཆའི་ཁྱད་ཆོས་འབའ་ཞིག་ཡིན་པའི་སྟབས་ཀྱིས།  ང་ཚོས་བརྗོད་དོན་གང་ཞིག་ལ་དོན་གཉེར་བྱེད་སྐབས་ཐ་སྙད་སྣ་ཚོགས་ཁྲོད་ནས་ངེས་པར་གནས་སྐབས་ཀྱི་བརྗོད་དོན་དང་བར་ཐག་ཆེས་ཉེ་བའམ།  ཆེས་འཚམ་པ་དེ་བཙལ་ནས་འདེམ་སྤྱོད་གཏོང་རྒྱུ་ནི་གནད་ཀྱི་གཙོ་བོ་སྟེ།  དེ་ལྟར་མིན་པར་དེ་དང་དོན་ཉེ་བ་དང་མཐུན་པ་ཙམ་ཞིག་སྤྱད་ནའང་སྐབས་བབ་ཀྱི་བརྗོད་དོན་གསལ་བོར་སྟོན་མི་ཐུབ་པའམ།  ཡང་ན་ཚིག་རྒྱན་གྱི་ནུས་པ་ཉམས་ཏེ་སྐད་ཆར་སྒྱུ་རྩལ་གྱི་རྐྱོང་ཤུགས་ཞན་པར་འགྱུར་རོ།།  དེ་བས་ཨ་རིའི་རྩོམ་པ་པོ་མ་ཁོཐུའུ་ཝིན་གྱིས暋འོས་འཚམ་གྱི་ཐ་སྙད་དང་རྨང་གཞིའི་སྟེང་འོས་འཚམ་ཡིན་པའི་ཐ་སྙད་གཉིས་མི་འདྲ་བའི་ཁྱད་པར་ནི།ーགློག་སྒྲོན་དང་སྲིན་བུ་མེ་ཁྱེར་བར་གྱི་ཁྱད་པར་ལྟ་བུ་ཡིན་ནོ”[3]ཞེས་བརྗོད་མྱོང་ལ།  དེ་དང་མཐུན་པར།  ལི་ཨངསའེ་སྨི་ལི་ཨན་གྱིས་ཀྱང吻དེང་རབས་སྒྲུང་གཏམ་གྱི་མཛེས་རིག》ཏུ“རྩོམ་པ་པོ་རྣམས་ཀྱིས་ནམ་ཡང་ཁོ་ཚོས་སྤྱོད་ཀྱིན་པའི་ཐ་སྙད་རེ་རེའི་བར་ཁྱད་ཕྲ་མོར་བརྟག་དཔྱད་ཡང་ཡང་བགྱིས་ཏེ།  དོན་མཐུན་ཐ་སྙད་མང་བོའི་ཁྲོད་ནས་ཆེས་འོས་འཚམ་གྱི་ཐ་སྙད་འདེམ་པར་བྱེད་པ་ཡིན”[4]ཞེས་གསུངས།

ཁ།     མི་སྣའི་སྐད་ཆ་ཟོལ་བཅོས་ཅན།

མི་སྣའི་སྐད་ཆ་ནི་མི་སྣའི་སེམས་ཁམས་ཀྱི་འཇིག་རྟེན་མཚོན་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། ཐབས་ཤེས་དེ་འདྲ་ཉེ་བར་སྤྱོད་པ་ནི་དཀའ་ཁག་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཀྱང་རེད།     མི་སྣ་མི་འདྲ་བ་ལ་སྐད་ཆ་རྗོད་སྟངས་མི་འདྲ་བ་རེ་ཡོད།  སྒྲུང་གཏམ་གྱི་མི་སྣར་གསོན་ཤུགས་ཡོད་མེད་ལ་གཞིག་དགོས་ཚེ། གཙོ་བོར་མི་སྣ་རང་ཉིད་ལ་སྐད་ཆ་ཡོད་མེད་དང་རང་ཉིད་ལ་གཤིས་ཀ་ཡོད་མེད་སོགས་ལའང་བལྟ་དགོས།  ཨ་རིའི་རྩོམ་པ་པོ་ཧའེ་མིང་ཝེ་ཡིས་གསར་རྩོམ་གྱི་ཉམས་མྱོང་གླེང་སྐབས་རྩོམ་པ་པོ་དང་མི་སྣས“རང་ཉིད་ལ་གཏོགས་པའི་སྐད་ཆ་འཚོལ་དགོས་པའི”གདམས་པ་གནང་ཡོད།  མི་སྣའི་ལབ་གླེང་གི་སྐད་ཆ་དེ་མི་སྣ་རང་ཉིད་ཀྱི་རང་གཤིས་ཅན་གྱི་སྐད་ཆ་ཡིན་དགོས་པ་ལས།གཞན་གང་གིས་ཀྱང“བཟོ་བཅོས”དང“གསར་བཟོ”བྱེད་མི་རིགས།དེ་ནི་མི་སྣའི་སྣང་བརྙན་གསར་བཞེང་གི་དགོས་གལ་ཆེ་བའི་ཐབས་རྩལ་ཞིག་ཡིན།རྩ་དོན་དེ་ལ་བརྩི་སྲུང་བྱས་ཚེ།  ང་ཚོས《རླུང》ནང་གི་གནད་དོན་རེ་གཉིས་ཤིག་ལ་མཛུབ་མོས་རི་སྟོན་མི་བྱེད་ཐུ་མེད་ཡིན་ཏེ།  དཔེར་ན།  “ཐེངས་ཤིག ཨ་ཕས་ང་ལ་ཁ་པར་གཏོང་སྐབས།  ཚིག་འབྲུ་དག་ངུ་ངག་ལ་དྲངས་ཏེ‘བསོད་ནམས་རྒྱ་མཚོ།  ཨ་མ་འབྲུག་མཚོས་ང་ཕྱི་རུ་སྤྱུགས་བྱུང’ཞེས་བརྗོད་འོངས།  ‘ཨ་ཕ།  ཁྱོད་ཀྱིས་མོ་ཕྱི་ལ་སྤྱུགས་ན་མི་ཆོག་གམ།’  ངས་ཤིན་ཏུ་མ་རངས་པའི་ངང་ནས་དེ་ལྟར་སྨྲས།”  འདི་ནི་སྒྲུང་གཏམ་གྱི་མི་སྣ་བསོད་ནམས་རྒྱ་མཚོ་དང་ཁོའི་ཨ་ཕ་གཉིས་ཀྱི་ལབ་གླེང་ཞིག་རེད།  ང་ཚོས་སྐད་ཆ་ཚན་པ་དེ་གཉིས་བཀླགས་མ་ཐག  ཆེས་ཐོག་མའི་ཚོར་བ་ནི་མི་སྣའི་ལབ་གླེང་གི་སྐད་ཆ་དེ་དག་ལ་མི་སྣ་དངོས་ཀྱི་སྐད་སྒྲ་ཞུགས་མེད་པར།  ཟོལ་བཅོས་ཀྱི་ཆ་གང་རུང་ཞིག་གིས་བསླད་འདུག་པའི་སྣང་བ་སྟེར།  དེ་ཡང“སྤྱུགས”ནི《དག་ཡིག་གསར་བསྒྲིགས》ལས།  “གནའ་དུས་ཁྲིམས་དང་འགལ་བའི་མི་ཡུལ་ཁམས་གཞན་དུ་སྐྲོད་པའི་ཆད་པ་བཅད་པའི་དོན”དུ་བཀྲལ་བར་གཞིགས་ན།  སྐབས་འདིའི་རྗོད་པའི་སྟེང་དུ་བརྡ་རྙིང་གི་རྣམ་པ་མངོན་ཡོད་པ་མཐོང་ཐུབ་ལ།  གོ་དཀའ་ཞིང་རྒྱུན་སྤྱོད་མ་ཡིན་པའི་སྐད་ཆ་དེ་འདྲ་ཞིག་ཀུན་སྤྱོད་དང་བསམ་བློར་གནད་དོན་ཡོད་པའི་གཞི་རིམ་གྱི་མི་སྣ་ཞིག་གི་ངག་ཏུ་དྲངས་ཚེ།  ལར་མི་སྣའི་འབྲེལ་བ་དང་འཚོ་སྡོད་ཀྱི་གནས་ཚུལ་ཙམ་ཞིག་གཞོགས་ངོས་ནས་སྟོན་ཐུབ་པའི་དབང་དུ་བཏང་ནའང་། མི་སྣ་གང་དེའི་གཤིས་ཀ་མཚོན་པར་ནུས་པ་ཏིལ་ཙམ་ཡང་ཐོན་དཀའ།  རྒྱུ་མཚན་ནི་མི་སྣ་དེ་དག་གི་ངག་ནས་བྱུང་བའི་སྐད་ཆ་ནི་འཚོ་བའི་རྒྱུན་ལྡན་གྱི་སྐད་ཆ་དང་མི་མཚུངས་པར།  རྩོམ་པ་པོའི་སྐད་གཤིས་ཀྱི་རྟགས་ཐམ་ཁེལ་ནས“ཡིག་སྐད”ཀྱི་ཉམས་འགྱུར་ཆེས་ཆེར་ཞུགས་ཡོད་ལ།  མི་སྣ་དེ་དག་ཀྱང་རྩོམ་པ་པོའི་སྐད་སྐྱེལ་པ་ལྟ་བུ་ཞིག་ཏུ་སོང་འདུག་པ་ལས།   རང་ཉིད་ཀྱི་སྐད་ཆ་བཤད་པ་ཞིག་ཏུ་མཐོང་མི་ཐུབ།

ཕྲན་གྱི་བསམ་པར།  སྒྲུང་གཏམ་གྱི་མི་སྣའི་ལབ་གླེང་བརྒྱུད་ནས་མི་སྣའི་གཤིས་ཀ་དང་ས་གནས་ཀྱི་ཁྱད་ཆོས།  ཡུལ་སྲོལ་གོམས་འདྲིས།  མི་གཤིས་བརྩེ་དུངས།  འཚོ་བའི་སྣང་ཚུལ་སོགས་མཚོན་པར་བྱེད་ན།  སྒྲུང་གཏམ་གྱི་མི་སྣར་ཁ་སྐད་བཤད་དུ་འཇུག་རྒྱུ་ནི་ཕན་འབྲས་ཆེ་བའི་ཐབས་ཤེས་ཤིག་ཏུ་འདོད།  ཡིན་ནའང་རྩོམ་པ་པོ་བཀྲ་བྷས་གནད་དོན་དེའི་རིགས་མ་རྟོགས་པ་ནི་ག་ལ་ཡིན།  ཁོང་གིས“དམངས་ཁྲོད་ཀྱི་སྐད་ཆ་ལེགས་པོ་རྣམས་ཡི་གེར་ཇི་བཞིན་འགོད་མི་ཐུབ་པས་གསར་རྩོམ་ལ་སྐད་ཆའི་དཀའ་ངལ་འབྱུང་ངེས་ཡིན”ཞེས་གླེང་མྱོང་ལ།  དེར་མཐུད་ནས“ལྷག་པར་མི་སྣའི་ཁ་བརྡ་འབྲི་དུས་དཀའ་ངལ་དེ་བས་ཀྱང་ཆེ།  གལ་སྲིད།  གཏམ་གླེང་དེ་ཨ་མདོའི་དམངས་སྐད་དང་བསྟུན་དྲགས་ན།  དབུས་གཙང་དང་ཁམས་ཕྱོགས་ཀྱི་ཀློག་པ་པོས་མི་གོ གལ་སྲིད་ཨམ་སྐད་དེ་ཡིག་སྐད་རྒྱུགས་ཆེ་བས་བྲིས་ན་རྩོམ་ཉམས་ཤོར་འགྲོ། འདི་ནི་ང་གསར་རྩོམ་ལ་འཇུག་སྐབས་ཀྱི་དཀའ་ངལ་ཆེས་ཆེ་བ་ཞིག་ཡིན”[5]ཞེས་ཀྱང་བརྗོད་མྱོང་།   བསམ་ཚུལ་དེར་གཞིགས་ན།  རྩོམ་པ་པོས་སྐབས་འདིར《རླུང》གི“རྩོམ་ཉམས་འཆོར་འགྲོ་བ”ལ་དོགས་ཏེ་བསམ་གཟས་ནས་མི་སྣའི་ངག་ལ་མདོ་དབུས་ཁམས་གསུམ་ཀུན་གྱིས“གོ”ཐུབ་པའི་སྐད་ཆའི“ཁྱད་དབང”ཞིག་དམིགས་བསལ་དུ་གནང་འདུག་མོད།  དོན་དངོས་སྟེང“ཁྱད་དབང”དེར་མ་བསམས་ས་ནས་ཕན་སེམས་ཐལ་ཆེ་བའི་ཞར་སྐྱོན་ཞིག་བྱུང་འདུག་པ་ཁོང་གིས་མ་ཚོར་བར་འདུག་གོ།

སྒྲུང་གཏམ་ཞིག་གི་ངོས་ནས་བཤད་ན།  མི་སྣར་ཁ་སྐད་ཀྱིས་ལབ་གླེང་བྱེད་དུ་འཇུག་པ་ནི་སྒྱུ་རྩལ་གྱི་དགོས་དབང་ཞིག་ཡིན།  ཨུ་རུ་སུའི་རྩོམ་རིག་གཞུང་ལུགས་མཁན་པོ་པ་ཧོ་ཅིན་གྱིས་གསར་གཏོད་གནང་བའི“ལབ་གླེང་གཞུང་ལུགས”ཀྱི་ལྟ་བ་གཞིར་བཟུང་ན།  བརྩམས་ཆོས་ཁྲོད་ཀྱི་ལབ་གླེང་བྱེད་མཁན་ནི་མི་སྣ་དང་རྩོམ་པ་པོ་སོགས་གང་ཡིན་ཡང་།  ཚང་མ་འདྲ་མཉམ་བརྗེ་རེས་ཀྱི་གོ་གནས་གཅིག་འདྲའི་སྟེང་དུ་འགྲེང་ཡོད་ཅིང་།  ཐམས་ཅད་ཀྱང་ལབ་གླེང་བྱེད་མཁན་གྱི་གཙོ་གཞིར་གྱུར་ཡོད་པས།  སུ་ལའང་རང་གཏམ་རང་གིས་བཤད་ཆོག་པའི་ཕྱོགས་དུས་ཀྱི་རང་བཞིན་དང་ཁེར་ཚུགས་ཀྱི་རང་བཞིན་ཁྱད་པར་བ་ཞིག་ལྡན་དགོས་པར་མངོན།  དེ་ལྟར་ཡིན་ཚེ་རྩོམ་པ་པོ་གང་ཞིག་གིས་རང་ཉིད་ཡོད་ཚད་ཀྱི་ལྟེ་བར་བཟུང་ནས་ཐམས་ཅད་ལ་ཁ་ལོ་བསྒྱུར་ཏེ།  མི་སྣའི་སྨྲ་བརྗོད་ཀྱི་རང་དབང་ཕྲོགས་ཤིང་མི་སྣའི་སྨྲ་སྒོ་ལ་རང་གི་སྐད་ཆ་བླུགས་པའི་བཤད་སྦུག་བཙུགས་ན།  དེ་ནི་དེང་རབས་སྒྲུང་གཏམ་འཕེལ་རྒྱས་ཀྱི་རྐང་དང་མི་མཐུན་པར།  སྲོལ་རྒྱུན་གྱི“རྩོམ་པ་པོ་ལྟེ་བར་སྨྲ་བ”ཡི་རྩོམ་སྟངས་ཀྱི་འཆིང་རྒྱ་ལས་མ་ཐར་བའི་རྟགས་སུ་མཐོང་།

དེང་འདིར།   དམངས་སྐད་དམ་ཁ་སྐད་ནི་ཡུལ་ལུང་མི་འདྲ་བའི་རིག་གནས་ཀྱི་བརྡ་རྟགས་རིགས་ཤིག་ཏུ་གྱུར་ཡོད་ཅིང་།  ཁ་སྐད་མི་འདྲ་བས་ས་ཁུལ་རིག་གནས་མི་འདྲ་བ་རེ་ཚུར་སྣང་བྱེད་ཐུབ་པ་དང་།ས་ཁུལ་རིག་གནས་དེས་ཀྱང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཁྱད་ཆོས་རིགས་ཤིག་རྒྱུན་སྲུང་བྱེད་ཀྱིན་ཡོད་པས།  ཁ་སྐད་ནི་རྩོམ་རིག་གི་སྐད་ཆའི་ཐོན་ཁུངས་གལ་ཆེན་ཞིག་ཏུ་རང་བཞིན་གྱིས་གྲུབ་ཡོད་པ་རེད།  དེ་བས་རྩོམ་པ་པོ་སུ་ཞིག་གིས་ཀྱང་རང་ངོས་ཀྱི་རྩོམ་འབྲིའི“དཀའ་ངལ”ལ་དམིགས་ཏེ་དམངས་སྐད་དམ་ཁ་སྐད་འདོར་ཐབས་བྱེད་པ་ནི།ཀློག་པ་པོའི་དགའ་བསུ་ཐོབ་པ་ཞིག་གཏན་ནས་ཡིན་མི་སྲིད།  དོན་དམ་གྱིས་བཤད་ན།  རྩོམ་པ་པོས་སྒྲུང་གཏམ་གྱི་མི་སྣར་ཁ་སྐད་བརྗོད་དུ་འཇུག་པ་ནི།  ས་གནས་ཤིག་གི་རིག་གནས་ཀྱི་སྣང་ཚུལ་བསྐྱར་མཚོན་བྱེད་རྒྱུ་ཁོ་ནའི་ཆེད་མིན་པར།  རྩོམ་པ་པོའི་རྩོམ་འབྲིའི་ལངས་ཕྱོགས་གསལ་བོར་སྟོན་པ་ལའང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་དེ།ཁ་སྐད་ཀྱིས་མ་མཐའ་ཡང་རྩོམ་པ་པོའི“དམངས་ཁྲོད་ཀྱི་ལངས་ཕྱོགས”དེ་ཚད་གཞི་ཆེན་པོ་ཞིག་གི་ངོས་ནས་སྟོན་ཐུབ་པའི་ཕྱིར་རོ།།  དེར་བརྟེན་རྩོམ་པ་པོས་མི་སྣའི་ལབ་གླེང་གི་སྒྱུ་རྩལ་དམིགས་ཡུལ་འགྲུབ་པར་བྱེད་ན།  མི་སྣར་འོས་འཚམ་གྱི་ཁ་སྐད་བཤད་དུ་འཇུག་རྒྱུ་གལ་ཆེ་བར་མཐོང་ལ། རྒྱའི་རྩོམ་པ་པོ་ཝང་ཙེང་ཆི་ཡིས“མི་སྣའི་སྐད་ཆ་ཞིག་ཡིན་ན་ཚིག་ཉུང་ཞིང་རང་བྱུང་ཡིན་པ་དང་། རྒྱུན་སྤྱོད་ཅན་གྱི་སྐད་ཆ་ཡིན་པ།  རྒྱུན་སྤྱོད་ཀྱི་ཁྲོད་ནས་ཀྱང་བྲོ་བ་ཅན་ཞིག”[6]ཡིན་དགོས་ཞེས་སྨྲས་པ་ལྟར།ཅིས་ཀྱང“ཉུང་བ”
དང“རང་བྱུང་།”“རྒྱུན་སྤྱོད་ཅན”དང“བྲོ་བ་ཅན”གྱི་སྐད་ཆར་བསྙེག་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

ག   དཔེ་དོན་མི་འབྱོར་བ།

དཔེ་འགོད་ནི་བྱ་དངོས་རིགས་ཤིག་སྤྱད་དེ་བྱ་དངོས་རིགས་གཞན་ཞིག་གསལ་བཤད་བྱེད་པའི་ཚིག་རྒྱན་སྦྱོར་ཐབས་ཤིག་ཡིན་ཞིང་། དེའི་བྱེད་ནུས་གཙོ་བོ་ནི་བྱ་དངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱ་ཆེད་སྤྱི་མཚན་ཅན་གྱི་བྱ་དངོས་དེ་སྣང་བརྙན་ཅན་དུ་བསྒྱུར་ཏེ། སྐད་ཆའི་རྗོད་སྟངས་ཀྱི་འབྲས་བུ་མཐོར་འདེགས་སུ་གཏོང་བ་དེ་ཡིན། ཡ་ལི་ཧྲི་ཏའོ་ཏིས“དཔེ་རྒྱན་གང་ལེགས་ཀྱི་སྒོ་ནས་སྤྱོད་པ་ནི་རྩོམ་འབྲིའི་ལས་ཀ་ཆེས་གཙོ་བོ་ཞིག་ཏུ་དགོངས”ཀྱིན་པ་ལྟར། སྒྲུང་གཏམ་ལ་དཔེ་འགོད་ཀྱིས་ཚིག་རྒྱན་གྱི་ནུས་པ་མི་དམན་པ་ཞིག་བསྐྱེད་སྲིད་ནའང་། དཔེ་དོན་སྦྱོར་ཚུལ་མ་ལེགས་ན་ཚིག་སྦྱོར་མི་མཛེས་པའི་སྐྱོན་དུ་འགྱུར་བར་མཁས་པས་གསུངས་ལ། 《རླུང》ནང་དུ་དེ་འདྲའི་རྣམ་གསལ་གྱི་མཚན་གཞི་རེ་འདྲེན་རྒྱུ་ཡོད་དེ།“‘ཁྱོད་ཀྱིས་ངའི་འཕོངས་ཚོས་ནི་ལྷ་སྐུ་ཞིག་དང་མཚུངས།  གལ་སྲིད་ང་ཁྱོད་ཀྱི་ཆུང་མར་གྱུར་པ་ན།  ཁྱོད་ཀྱིས་ངའི་འཕོངས་ཚོས་ཀྱི་མདུན་དུ་མཆོད་པ་བཤམས(བཤམ)ངེས་ཡིན་ཟེར་བ་བདེན་ནམ།’གཞོན་ནུ་མའི་སྐད་གདངས་ལ་ང་རྒྱལ་གྱི་དུ་བ་འཕྱུར་གྱིན་འདུག……” སྐད་ཆ་ཚན་པ་འདི་བཀླགས་མ་ཐག བདག་གི་ཡིད་ངོར་གནའ་བོའི་ཀེ་རེ་སིའི་སྐྱོ་གར་སྙན་ངག་པ་ཁོ་ལུ་ཨའོ་ཧྥིན་གྱིས་བརྩམས་པའི་སྙན་ངག་ཅིག་འཁོར་བྱུང་།  དེའི་ནང་དུ“ཨེ་མ།  བཙུན་མོ་དང་མཚུངས་པའི་མེ་ཏོག་མེད་པའི་སིལ་སྡོང”ཞེས་བཀོད་འདུག་ལ།ཡ་ལི་ཧྲི་ཏའོ་ཏིས་སྙན་ངག་འདིའི་ཚིག་རྒྱན་སྤེལ་སྟངས་ཐུགས་ལ་མ་བབས་པར།  སྙིང་བོ་བྲལ་པའི་རྩེད་མཚར་ཞིག་ཏུ་ངོས་འཛིན་གནང་མྱོང་བར་གྲགས།  རྒྱུ་མཚན་ནི“མེ་ཏོག་མེད་པའི་སིལ་སྡོང་ནི་ཆེས་ཕལ་བར་སྣང་ཞིང་བཙུན་མོ་ནི་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡིན་པས།  དེ་གཉིས་ལ་སྤྱིར་བཏང་གི་དོན་སྙིང་སྟེང་དུ་མངོན་གསལ་ཐུན་མོང་གི་ཁྱད་ཆོས་མེད་པའི་སྟབས་རེད”[7]ཟེར། “བཙུན་མོ་དང་མཚུངས་པའི་མེ་ཏོག་མེད་པའི་སིལ་སྡོང”ཞེས་པའི་དཔེ་འགོད་འདིའི་རྗོད་སྟངས་ཀྱི་རྣམ་པ་ཅུང་ཟད་བསྒྱུར་པའི་དབང་དུ་བཏང་ན།  ཧ་ལམ“མེ་ཏོག་མེད་པའི་སིལ་སྡོང་ནི་བཙུན་མོ་དང་མཚུངས”ཞེས་པའི་གོ་དོན་ལས་ཆེས་ཆེར་འདའ་མི་སྲིད།  དེས་ན་སྙན་ངག་འདིའི་དཔེ་རྒྱན་འགོད་ཚུལ་དང་ཇ་ཁང་གི་བདག་མོའི“འཕོངས་ཚོས་ལྷ་སྐུ་དང་མཚུངས་པར”བརྗོད་པ་གཉིས་ལ་ཚིག་རྒྱན་སྤེལ་སྟངས་ཐད་དུ་མི་འདྲ་བའི་ཁྱད་པར་ཆེར་མི་མཐོང་ཞིང་།  ཞིབ་ཏུ་བསམས་ན་དཔེ་རྒྱན་འདིས་ཀྱང་ཁོ་ལུ་ཨའོ་ཧྥིན་གྱི་སྙན་ངག་དང་འདྲ་བར་ཀློག་པ་པོའི་བློ་ངོར་དཔེ་དང་དོན་གཉིས་གཏན་ནས་མི་འབྱོར་བའི་ཚོར་བ་མི་སྤྲོ་བ་ཞིག་སྦྱིན་ཡོང་།  དེ་ཡང་ཡིན་ཏེ།《ཚངས་སྲས་བཞད་པའི་སྒྲ་དབྱངས》སུ།  མེ་ལོང་མའི་རྩ་བ“ཉི་མ་བཞིན་དུ་མེ་ཁྱེར་གསལ”ཞེས་པར་ཚིག་འགྲེལ་གནང་སྐབས།  “དཔེ་ཁྱད་པར་ཅན་ཉི་མ་བཞིན་དུ་དཔེ་ཅན་དམན་པ་མེ་ཁྱེར་གསལ་ཞེས་པ་ལྟ་བུ།  མཆོག་དམན་གྱི་ཁྱད་པར་ཆེ་བ་སོགས་དཔེ་དོན་སྦྱོར་ཚུལ་ལ་མ་མཁས་ན།  ཚིག་སྦྱོར་མི་མཛེས་ཤིང་དོན་ལ་མི་འབྱོར་བས།  སྙན་ངག་གི་སྐྱོན་ཆེན་པོར་འགྱུར་རོ”ཞེས་གསུངས་པ་ལྟར།སྐབས་འདིའི“ལྷ་སྐུ”དང“འཕོངས་ཚོས”གཉིས་ཀྱི་དཔེ་དང་དོན་ལ་ཡང་མཆོག་དམན་གྱི་ཁྱད་པར་ཡོད་ཅིང་།དཔེ་ཤིན་ཏུ་ལྷག་པ“ལྷ་སྐུ”ཡིས་དཔེ་ཅན་ཤིན་ཏུ་དམན་པ“འཕོངས་ཚོས”འཇལ་བ་ནི་སྐྱོན་དུ་ཇི་ལྟར་མི་འགྱུར་གྲང་།

སྤྱིར་བཏང་དུ།  དཔེ་འགོད་ཀྱི་ཚིག་རྒྱན་ཡིན་ན་ཐོག་མར་དཔེ་དང་དཔེ་ཅན་གཉིས་ལ་དངོས་ཤུགས་གང་རུང་གི་མཚུངས་ཆོས་ཁ་འགྲིག་སོ་འགྲིག་ཅིག་ལྡན་དགོས་པ་དང་།  དེ་ནས་སྣང་བརྙན་ཐོན་པ་དང་གསར་སྣང་ཆེ་བ་ཞིག་ཡོང་རྒྱུ་གཙོ་ཆེ་བར་བཤད་ཅིང་།  བླང་བྱའི་ཐད་ནས་ཀྱང་ཁྱད་མཚར་གྱི་འཆར་ཡན་སློང་བའི་གོ་བརྡའི་འབྲས་བུ་བསྐྱེད་ཐུབ་ན།  ཀློག་པ་པོར་གོ་སྐོན་བློ་འགུག་གི་ནུས་པ་འབྱུང་སྲིད་མོད།འོན་ཀྱང་སྐབས་འདིར“འཕོངས་ཚོས”དེ་དཔེ་ཅན་དམན་པ་དང“ལྷ་སྐུ”ནི་དཔེ་མཆོག་ཏུ་གྱུར་པ་ཞིག་གི་རྣམ་པ་རུ་གྲུབ་ཡོད་པར་མ་ཟད།  ད་དུང་དཔེ་ཡིས་དཔེ་ཅན་མཚོན་པའི་ཆ་རྐྱེན་དང་ཁྱད་ཆོས་དེ་དག་ནི་རྙིལ་ལ་སོ་འཕྲོད་པ་ལྟ་བུ་ཞིག་མ་ཡིན་པས།  ཚིག་སྦྱོར་ལ་ཤུགས་དྲག་པའི་མཛེས་ཚོར་དང་དཔེ་ལ་གསོན་ཉམས་ལྡན་པའི་འབྲས་བུ་དག་བསྐྱེད་ཐུབ་མེད་པར།  ཚིག་རྒྱན་གྱི་ནུས་པ་དེ་བག་ལ་ཞ་བར་གྱུར་འདུག དེ་བཞིན་དུ་རྩོམ་རིག་གི་མཚོན་བྱར་གྱུར་པའི་བྱ་དངོས་ཁ་ཤས་ལ་མ་གཞི་ནས་མཛེས་བཙོག་གི་ཁྱད་པར་མཆིས་ཀྱང་།  རྩོམ་པ་པོས་མཛེས་དཔྱོད་རིག་པའི་དོན་སྙིང་གི་སྟེང་ནས་དཔེ་དང་དཔེ་ཅན་བར་དུ་སྒྱུ་རྩལ་གྱི་ལས་སྣོན་དང་ཐག་གཅོད་ཡག་པོ་བྱེད་མ་ཐུབ་པའི་དབང་གིས།  “ལྷ་སྐུ”ཡི་ཤུགས་བསྟན་གྱི་སྲོལ་རྒྱུན་མཚོན་དོན་ལ་བརྟེན་ནས་སྒྲུང་གཏམ་གྱི་མི་སྣའི་སྐད་ཆ་ཕུན་སུམ་ཚོགས་པོར་གཏོང་སྙམ་ཡང་།  སྒྲུང་གཏམ་ཧྲིལ་པོའི་ཆ་ནས་བལྟས་ན།  གཅིག་ནས་བྱུང་རིམ་སྟེང་གི་དངོས་དོན་གྱི་རྨང་གཞི་མེད་པ་དང་།  གཉིས་ནས་རྒྱབ་ལྗོངས་རང་བཞིན་གྱི་བྱེད་རྐྱེན་གཞན་དག་ལ་གཞོགས་འདེགས་ཀྱི་ནུས་པ་འདང་ངེས་ཤིག་ཐོན་མེད་པས།  མཚོན་བྱེད་རང་སྟེང་གི་བག་ཤུགས་ཀྱི་བྲོ་བ་དང་དགེ་མཚན་ཅི་ཡང་ངོམ་ཐབས་མ་བྱུང་བར་འདུག་གོ།

གཞན་ཡང་བསམ་དགོས་པ་ཞིག་ལ།  དེང་འདིར་སྒྲུང་གཏམ་པ་ཡིན་ནའང་འདྲ།  སྙན་ངག་པ་ཡིན་ཡང་རུང་།  ཀུན་གྱི་མཛེས་དཔྱོད་ཀྱི་ལྟ་བར་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་སྟེ།  རྩོམ་རིག་གི་སྐད་ཆ་དང་ཚིག་རྒྱན་སྤེལ་སྟངས་ཐད་དུ་ནུབ་ཕྱོགས་རིག་པའི་ཤུགས་རྐྱེན་ཞུགས་པར་གུ་ཡངས་ཆེ་ནའང་།  རྒྱའི་སྒྲུང་གཏམ་དཔྱད་བརྗོད་པ་ལིའུ་ཡུས་མེན་གྱིས་ཚིག་རྒྱན་གྱི་ཁྱད་ཆོས་གླེང་སྐབས“ཚིག་རྒྱན་ཡོད་ཚད་ལ་མི་རིགས་རང་བཞིན་ལྡན་པ་སྟེ།  དེས་མི་རིགས་ཤིག་གིས་བྱ་དངོས་གང་དེར་ཤེས་རྟོགས་མཛད་པའི་ཐབས་ལམ་དང་ཤེས་རྟོགས་ཐོབ་པའི་ཚད་རིམ་མཚོན་པ་ཡིན”ཟེར་བ་ལྟར།  རྩོམ་པ་པོ་སུ་ཡིན་ཡང་རྩོམ་རིག་གི་མི་རིགས་རང་བཞིན་ལ་བརྩི་སྲུང་བྱ་རྒྱུ་ནི།  གསར་རྩོམ་ཁྲོད་དུ་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།  རྩོམ་རིག་གི་མི་རིགས་རང་བཞིན་ཟེར་བ་ནི།  མི་རིགས་རང་གི་རྩོམ་རིག་ལ་མི་རིགས་གཞན་གྱི་རྩོམ་རིག་དང་མི་འདྲ་བའི་ཁྱད་ཆོས་དང་སྙིང་སྟོབས།  སྒེར་གཤིས་སོགས་འཛོམས་པའི་ཉམས་འགྱུར་མངོན་པ་དེ་ལ་ཟེར།  དེ་ལྟར་ན་རང་རེ་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་གསུངས་པ་ལྟར“སྐུ་འདྲ་དང་སྐུ་གདུང་དེ་མིན་ཀྱང་མཆོད་རྟེན་སོགས་སངས་རྒྱས་དང་མཉམ་པས་སངས་རྒྱས་ཀྱི་ཐ་སྙད་བྱེད”[8]ཅེས་པའི་མི་རིགས་ཤིག་ཡིན་པ་བསྙོན་དུ་མེད་པས་ན།  ང་ཚོའི་རྩོམ་པ་པོས་རང་མི་རིགས་ཀྱི་འཚོ་སྟངས་ཧྲིལ་པོའི་ཁྲོད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་འདུ་ཤེས་དེ་ལ་བསམ་གཞིག་མི་བྱེད་པར།  ཀློག་མཁན་གྱིས་ཡེ་ནས་དང་ལེན་བྱེད་དཀའ་བའི“དཔེ་མེད་ཀྱི་གཏམ་དང་ལུང་མེད་ཀྱི་རབ་གནས”དེ་འདྲ་སྤེལ་པར་བག་མི་ཚ་བ་ནི་རྒྱུ་རྐྱེན་གང་ཞིག་ལ་རག་ལས་པ་ཡིན་ནམ།  མི་རིགས་ཀྱི་ཁྱད་ཆོས་ལ་བརྩི་སྲུང་མི་བྱེད་པ་དང་།  མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ལ་གཙིགས་ཆེན་མ་བྱས་ན།  ང་ཚོས་པ་ཨེར་ཀྲ་ཁོས་གསུངས་པའི“སྒྲུང་གཏམ་ནི་མི་རིགས་ཤིག་གི་གསང་བའི་ལོ་རྒྱུས་ཡིན”ཟེར་བའི་བརྩམས་ཆོས་ཤིག་ཇི་ལྟར་སྤེལ།  མི་རིགས་གང་དེའི་རྩོམ་རིག་གིས་ད་གཟོད་མི་རིགས་དེའི་ཀློག་པ་པོ་མི་ཉུང་བ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་ནང་བཞིན།  རང་རེའི་ཀློག་པ་པོ་དག་གི་རྒྱུད་ལ་ཆགས་པའི་མཛེས་དཔྱོད་ཀྱི་ལྟ་བ་དང་གོམས་སྲོལ།བསམ་བློ།  དགའ་ཕྱོགས་སོགས་ཀྱང་རང་མི་རིགས་ཀྱི་ཡུན་རིང་གི་འཚོ་བའི་བག་ཆགས་དང་རྩོམ་རིག་གི་ཚོགས་བསགས་ལས་བྱུང་བ་ཡིན་པས།  གལ་ཏེ་མི་རེའི་བློ་ངོས་སུ་མཛེས་དཔྱོད་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཚར་བ་ཡིན་ན།  ཕྱི་ནང་གི་བྱེད་རྐྱེན་གང་གིས་ཀྱང་དེའི་ངོ་བོ་དང་ཁ་ཕྱོགས་དག་ལས་སླ་མོའི་ངང་གཞན་དུ་བསྒྱུར་མི་ཐུབ་པ་ཡིན།  དེ་བས་གསར་རྩོམ་གྱི་གོ་རིམ་ཧྲིལ་པོའི་ཆ་ནས་བཤད་ན།  མི་རིགས་ཀྱི་མཛེས་དཔྱོད་རིག་གནས་དེས་སྐབས་འདིར་སླར་ཡང་རྩོམ་པ་པོར་དངོས་ཤུགས་གང་རུང་ནས་མི་སྒྲུབ་ཀ་མེད་ཡིན་པའི་བླང་བྱ་གསར་བ་ཞིག་འདོན་གྱིན་ཡོད།  བླང་བྱ་དེ་ནི་རྩོམ་པ་པོས་ངེས་པར་ཀློག་པ་པོའི་ཁམས་དང་མོས་པར་མཐུན་པའི་མི་རིགས་ཀྱི་མཛེས་དཔྱོད་ཀྱི་གདམ་ག་དང་དགོས་མཁོར་ཐུགས་བསམ་གཏང་རྒྱུ་དེ་ཡིན་པས།  རྩོམ་པ་པོས་སྒྲུང་གཏམ་གྱི་བརྗོད་བྱ་འདེམ་ལུགས་དང་མི་སྣ་བཞེང་སྟངས།  རིན་ཐང་དབྱེ་གཅོད་སོགས་ཀྱི་ཐད་དུ།  མི་སྒེར་རིང་ལུགས་ཀྱི་ལྟ་བ་སྤངས་ཏེ་ཧུར་བརྩོན་གྱིས་རང་རེའི་ཀློག་པ་པོའི་སྤྲོ་སྣང་གི་གནད་གང་དུ་ཡོད་པ་དང་།  ལྟ་ཀློག་གི་གོམས་སྲོལ་དང་མཛེས་དཔྱོད་ཀྱི་མོས་པའི་ཆ་གང་ན་ཡོད་པར་རྒྱུས་ལོན་ཡོང་བ་བྱེད་དགོས་ལ།  དེ་ནི་བརྩམས་ཆོས་དེ་ཉིད“འཇིག་རྟེན་པའི་ལུགས་ལས་ཁོལ་དུ་ཕྱུང་སྟེ།  སླར་ཡང་རྣམ་ཤེས་ཀྱི་ཀློང་དུ་ལྡོག་པའི”འགག་རྩ་ཡིན་ཞིང་།  འགག་རྩ་དེ་དག་གཞིར་བཟུང་ནས་སྒྲུང་གཏམ་ལ་འོས་འཚམ་གྱི་ཚིག་རྒྱན་སྤེལ་ན།  ད་གཟོད་ཀློག་པ་པོའི་ཡིད་དབང་འགུག་པའི་ཕན་འབྲས་རྨད་དུ་བྱུང་བ་ཐོན་ནུས་པར་འདོད།

ང་།   ཚིག་གི་གཏན་ཚིགས་རང་བཞིན་འཆོལ་བ།

སྒྲུང་གཏམ་གྱི་གོ་སྐོན་བློ་འགུག་གི་ནུས་པ་ནི་ཕྱི་ནང་གཉིས་ཀྱི་ཆ་རུ་ཡོད་ལ། ཕྱིའི་ཆ་ནས་བཤད་ན་སྒྲིག་གཞི་ཚགས་དམ་པ་དང་བྱུང་རིམ་ཀྱག་ཀྱོག་ཆེ་བ། ཞིབ་འབྲི་ལ་དངོས་སྣང་རང་བཞིན་ལྡན་པ། འཆར་ཡན་ཕུན་སུམ་ཚོགས་པ། མི་སྣར་གཤིས་ཀ་ཐོན་པ། སྐད་ཆའི་གཏན་ཚིགས་རང་བཞིན་མི་འཆོལ་བ་སོགས་ཀྱི་སྟེང་ནས་མངོན་པ་དང་། སྐད་ཆའི་གཏན་ཚིགས་ལའང་ཚོར་བའི་རང་བཞིན་དང་དཔྱོད་ཤེས་རང་བཞིན་གྱི་གཏན་ཚིགས་ཏེ་རིགས་གཉིས་ཡོད།  གཏན་ཚིགས་ཀྱི་སྐད་ཆ་གང་ཡིན་རུང་རྗོད་སྟངས་ཀྱི་ཆ་ནས་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་ཞིང་།  ཚིག་སྔ་ཕྱིའི་བར་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་ཐུབ་པ་ཞིག་ཡིན་དགོས་པར་མ་ཟད།  ད་དུང་སྤྲོས་བརྗོད་དང་ཞིབ་འབྲི་སོགས་ཀྱི་སྐད་ཆ་གང་ཞིག་བེད་སྤྱོད་ཀྱང་།  སྐབས་དོན་གང་དེ་ཀློག་པ་པོས་བདེ་བླག་གིས་ཟིན་ཐུབ་པ་ཞིག་ཡིན་དགོས།  ཡིན་ནའང་ང་ཚོས《རླུང》ཞེས་པའི་སྒྲུང་གཏམ་ནང་དུ་སྐད་ཆའི་གཏན་ཚིགས་རང་བཞིན་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མི་ཆགས་པ་དང་།  རྒྱུ་དང་འབྲས་བུ་གཉིས་ཁ་ཐོར་ཡ་བྲལ་དུ་སོང་བའི་གནད་དོན་ཞིག་མཐོང་ཐུབ།  དཔེར་ན།  “དབྱར་གཞུང་གི་གཟའ་མཇུག་དེར།  སྒྲོལ་མས་ང་ཨུ་ཚུགས་ཆེན་མོས‘སྐད་ཁྱིམ་དྲོན་མོ’ཟེར་བའི་འདུ་ར་དེར་ཁྲིད་སོང་བས།  ངས་ཀྱང་ཅི་ཞིག་ཤེས་པ་ལྟར་མི་ཚོགས་ཀྱི་གྲས་སུ་ཞུགས་ཏེ།  སློབ་མ་མང་བོའི་གཏམ་གླེང་ལ་ཉན་པ་ཡིན།  འདུ་རར་འདུ་འཛི་ཆེ་བ་དང་།  འདུ་འཛིའི་ཁྲོད་ཀྱི་མི་རེ་རེ་ལ་རང་གི་བརྗོད་གཞི་དང་དབྱིན་སྐད་འཆད་ཡ་འགའ་རེ་ཡོད་པས། ང་དེ་གར་སླེབས་པ་མང་བོ་ཞིག་གིས་རྟོགས་མ་བྱུང་།”  ཚིག་འདི་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ལྟར་དུ་བྲིས་པའི་བྱུང་རིམ་ཞིག་རེད།  འདིར“འདུ་རར་འདུ་འཛི་ཆེ་བ་དང་འདུ་འཛིའི་ཁྲོད་ཀྱི་མི་རེ་རེ་ལ་རང་གི་བརྗོད་གཞི་དང་དབྱིན་སྐད་འཆད་ཡ་འགའ་རེ་ཡོད་པ”ཞེས་པའི་ཚིག་མཇུག་ཏུ།  རྒྱུ་མཚན་གྱི་བྱེད་སྒྲ་སྦྱར་ནས་དེའི་འབྲས་བུར“ང”དེ་གར་སླེབས་པ“མང་བོ་ཞིག་གིས་རྟོགས་མ་བྱུང་བ”དེ་དྲངས་འདུག སྐད་ཆ་འདི་ལྟ་བུ་ནི་རིགས་འདེད་གཏན་ཚིགས་ཀྱི་རྗོད་སྟངས་ལ་གཏོགས་ཏེ།  རིགས་འདེད་པ་ནི་དོན་སྤྱི་གསལ་ཞིང་བརྡར་ཤ་གཅོད་ཚུལ་འོས་འཚམ་ཡིན་པའི་རྨང་གཞིའི་སྟེང་དུ།   གོམ་གང་མདུན་སྤོས་ཀྱིས་གཏན་ཚིགས་རང་བཞིན་གྱི་བསམ་གཞིག་གི་རྣམ་པ་ཐོན་པར་བྱེད་པ་ཞིག་ཡིན་པ་དང་།གསལ་བོར་བཤད་ན།  ཤེས་ཟིན་པའི་རྟགས་དང་རྒྱུ་མཚན་ལ་བརྟེན་ནས་མ་ཤེས་པའི་ཕྱོགས་གསར་བ་ཞིག་ཐག་གཅོད་པའི་བསམ་གཞིག་གི་གོ་རིམ་ཞིག་རེད།  དེ་ལྟར་ན་བྱུང་རིམ་འདིའི་ནང་དུ“འདུ་རར་འདུ་འཛི་ཆེ་བ་དང་འདུ་འཛིའི་ཁྲོད་དུ་མི་རེ་ལ་རང་གི་བརྗོད་གཞི་དང་དབྱིན་སྐད་འཆད་ཡ་འགའ་རེ་ཡོད་པ”ནི་རིགས་འདེད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ།  “ང་དེ་གར་སླེབས་པ་མང་བོ་ཞིག་གིས་རྟོགས་མ་བྱུང་བ”ནི་སྡོམ་ཚིག་གི་འབྲས་བུ་རེད།  འོན་ཀྱང་ང་ཚོས་ཞིབ་ཏུ་བཀླགས་ན།  ཚིག་སྔ་ཕྱི་གཉིས་ནི་བརྗོད་དོན་དོ་མཉམ་གྱི་འབྲེལ་བའི་ངང་དུ་གནས་པ་ལས།  དེ་གཉིས་ཀྱི་བར་དུ་རྟེན་འབྱུང་གི་འབྲེལ་བ་དང་ཡང་ན་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཆགས་ག་ལ་སྲིད།  ལྷག་པར“མི་རེ་ལ་རང་གི་བརྗོད་གཞི་ཡོད་པའི”རྒྱུ་མཚན་དེ་འདྲ་ཞིག་གིས“ང་དེ་གར་སླེབས་པ་མང་བོ་ཞིག་གིས་རྟོགས་མ་བྱུང་བའི”འབྲས་བུ་འདི་འདྲ་ཇི་ལྟར་བསྐྱེད་པར་ནུས།  གལ་ཏེ།  ཚིག་སྔ་ཕྱིའི་བར་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་པའི་དབང་དུ་བཏང་ནའང་།  “འདུ་རར་འདུ་འཛི་ཆེ་བ་དང་།  འདུ་འཛིའི་ཁྲོད་ཀྱི་མི་རེ་རེ་ལ་རང་གི་བརྗོད་གཞི་དང་དབྱིན་སྐད་འཆད་ཡ་འགའ་རེ་ཡོད་པ”དེ་དང་།  “ང་དེ་གར་སླེབས་པ་མང་བོ་ཞིག་གིས་རྟོགས་མ་བྱུང་བ”གཉིས་ནི་འཚོ་བའི་སྣང་ཚུལ་སོ་སོ་བ་དང་རྣམ་པ་ཐ་དད་པ་གཉིས་ཡིན་ལ།  ཡང་གཅིག་བཤད་ན་འཚོ་བའི་ངོས་ཀྱི་སྣང་ཚུལ་ཐར་ཐོར་ཅན་དང་རྣམ་པ་རྒྱུ་མང་ཅན་གཉིས་ཡིན་པས།  ཚིག་སྔ་ཕྱིའི་བར་དུ“པས”སྒྲ་སྦྱར་ནས་བྱུང་རིམ་ཧྲིལ་པོ་ཞིག་གི་སྟེང་དུ་ཨུ་ཚུགས་ཀྱིས་སྦྲེལ་ཐབས་བྱེད་པའི་དགོས་པ་མ་མཆིས།  རྒྱུ་མཚན་ནི་སྒྲུང་གཏམ་ལེགས་པོ་ཞིག་ཡིན་ན།  བྱུང་རིམ་དང་བྱུང་རིམ་བར་གྱི་འབྲེལ་བ་ནི་མ་གཞི་ནས་རྒྱུ་འབྲས་ཅན་གྱི་འབྲེལ་བས་གྲུབ་པ་ཞིག་ཡིན་པས།ཚིག་སྔ་མ་དང་ཕྱི་མའི་བར་དུ་རྒྱུ་མཚན་གསལ་བྱེད་ཀྱི“པས”སྒྲ་ནན་གྱིས་སྦྱར་ནས། གཟབ་ནན་དང་ཚགས་དམ་པོའི་འབྲེལ་བ་ཆགས་པར་ཧུར་བརྩོན་བསྐྱེད་མི་འོས།  རྒྱའི་སྒྲུང་གཏམ་དཔྱད་བརྗོད་པ་ལིའུ་ཡུས་མེན་གྱིས་གནད་དེ་མཐོང་ནས《སྒྲུང་གཏམ་གསར་རྩོམ་གྱི་ཚིག་རྒྱན་སྨྲ་བ》ཞེས་པའི་ནང་དུ།  “རྒྱུ་འབྲས་ཀྱི་འབྲེལ་བ་སྤྱད་དེ་བྱུང་རིམ་སྤེལ་ན་ངེས་པར་རྒྱུ་འབྲས་ཀྱི་འབྲེལ་བ་དེ་གོས་ལ་འཚེམ་བུ་བྱེད་པ་ལྟར་ཚགས་དམ་པོས་སྦྲེལ་མི་རུང་བར།  འཚོ་བའི་གང་འདོད་རང་བཞིན་གྱི་རིགས་དེ་རྒྱུན་སྲུང་བྱེད་དགོས་པར་མ་ཟད།ཐ་ན་འཚོ་བའི་ཐར་ཐོར་རང་བཞིན་དང་དུམ་མཚམས་རང་བཞིན་ཡང་རྒྱུན་སྲུང་བྱེད་དགོས་ཏེ།  དེ་ལྟར་མིན་ན་བྱུང་རིམ་གྱི་བདེན་པ་ཤོར་འགྲོ་ལ།  དེ་ལས་ལྡོག་སྟེ་ཡིད་འགུག་གི་ནུས་པ་ཡང་འཆོར་སྲིད་པ་རེད”[9]ཟེར།

གོང་སྤྲོས་ཀྱི་གནད་དོན་དེ་དག་ལ་གཞིགས་ན།  འགག་རྩ་གཙོ་བོ་ནི་སྐད་ཆའི་དམིགས་ཡུལ་མངོན་འགྱུར་བྱེད་མ་ཐུབ་པ་དེ་རེད།  སྐད་ཆའི་དམིགས་ཡུལ་ནི་ཀློག་པ་པོས་བལྟས་པ་ཙམ་གྱིས་བརྗོད་བྱ་གསལ་རྟོགས་ཡོང་བ་དང་།  ཉན་པ་ཙམ་གྱིས་བརྗོད་དོན་ཡིད་ལ་བརྣགས་ཐུབ་པ་ཞིག་ཡོང་ཐབས་བྱེད་རྒྱུ་རང་ཡིན།  བདེན་ཏེ།སྒྲུང་གཏམ་གྱི་བདེན་པ་ནི་སྤྲོས་བརྗོད་ཀྱི་ཁྲོད་ནས་རིམ་དང་ཁད་ཀྱིས་བསགས་ནས་གྲུབ་པ་ཡིན་ཞིང་།   བྱུང་རིམ་སྣང་མེད་དུ་འཇོག་པ་དང་ཚིག་སྦྱོར་གང་མོས་སུ་སྤེལ་པ་ལ་སོགས་པས་སྐད་ཆའི་གོ་སྐོན་བློ་འགུག་གི་ནུས་པ་སྐྱེད་མི་ཐུབ།  སྐད་ཆའི་ཡིད་འགུག་གི་ནུས་པ་དབེན་པར་གྱུར་ཚེ།  ཀློག་པ་པོར་སྒྲུང་གཏམ་གྱི་ཡིད་ཆེས་བསྐྱེད་མི་ཐུབ་ལ།  ཡིད་ཆེས་མི་འབྱུང་བའི་སྒྲུང་གཏམ་ནི་སྒྲུང་གཏམ་ལེགས་པོ་ཞིག་ཏུ་རྩི་ཐབས་མེད།  དེ་བས“གནད་དུ་ཁེལ་བ”ནི་ཀུན་གྱིས་སྐད་ཆའི་ཚད་གཞི་ཉག་གཅིག་ཏུ་འདོད་པར་གནས་ལུགས་ཟབ་མོ་འདུག  ཐ་སྙད་ལ་འཛོལ་སྤྱོད་བྱུང་བ་དང་ཚིག་སྦྱོར་སྒྱིད་ལུག་ཅན་དུ་སོང་བ་ནི།  སྐད་ཆ་གནད་དུ་མ་ཁེལ་བའི་ཐད་ཀའི་མངོན་ཚུལ་ཉིད་རེད།  ཐ་སྙད་ཀྱི་འཛོལ་སྤྱོད་དང་སྐད་ཆའི་སྒྱིད་ལུག་གིས་སྒྲུང་གཏམ་གྱི་སྣང་བརྙན་རང་བཞིན་ཉམས་དམས་སུ་གཏོང་བ་དང་།  དེར་བསྟུན་ནས་བརྗོད་དོན་ཡང་མག་མོག་ཏུ་སྒྱུར་བར་བྱེད་པས།  སྒྲུང་གཏམ་གྱི་མི་སྣ་སྒྲུབ་བཞེང་དང་།  བསམ་བློ་དང་ནང་དོན་སྟོན་པ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱིན་ཡོད།རང་རེའི་རྩོམ་པ་པོ་ཐུན་མོང་ལ་མངའ་བའི་མི་འདང་ས་ཕྱོགས་གཅིག་ནི་སྐད་ཆའི་ཐ་སྙད་ཀྱིས་ཅུང་ཟད་དབུལ་ཞིང་སྟོང་བ་དེ་རེད།  ཐ་སྙད་ཀྱིས་དབུལ་བའི་གསར་རྩོམ་ལ་རྩོམ་རིག་གི་ཉམས་འགྱུར་དང་སྙིང་སྟོབས་ཀྱི་སྲོག་ཕྲ་ཞིང་།  གནད་དོན་དེ་སེལ་ཐབས་སུ་ཐ་སྙད་གསོག་ཉར་དང་སྐད་ཆར་སློབ་སྦྱོང་བྱ་རྒྱུ་ནི་གསར་རྩོམ་ལ་འཇུག་པའི་སྟ་གོན་ཐོག་མ་ཡིན།  རྒྱའི་རྩོམ་པ་པོ་ཀོན་ཧྭས“རྩོམ་རིག་གསར་རྩོམ་གྱི་རྒྱུ་ནོར་ནི་སྐད་ཆ་ཡིན།  དེས་ན་སྐད་ཆའི་ཕྱུག་པོར་འགྱུར་དུ་ཆུགས་དང་།  ཀློག་པ་པོ་ཐམས་ཅད་ཀྱང་རྒྱུ་ནོར་ལོངས་སྤྱོད་མཁན་དུ་འགྱུར་དགོས་པར་མ་ཟད།  དེ་ལས་ད་དུང་བསམ་བློ་དག་མྱོང་དུ་འཇུག་དགོས”[10]ཞེས་གསུངས་པ་ལ་ལེགས་བཤད་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་པར་སྙམ་མོ།།

གཉིས། སྤྲོས་བརྗོད་ཀྱི“ལབ་རྡོལ”དང་བརྗོད་སྙིང་གི་རབ་རིབ།

བདག་གི་ཚོར་བར་འཁྲུལ་ཤེས་བྱུང་བ་མིན་ན།  རྩོམ་པ་པོ་བཀྲ་བྷ་ནི“གཞན་གྱི་རྗེས་སུ་མི་འབྲང་ལ་རང་ཉིད་ལའང་བསྐྱར་ཟློས་མི་བྱེད་པའི”སྒྲུང་གཏམ་པ་ཉམས་མྱོང་ཅན་དང་སྙིང་སྟོབས་ཅན་ཞིག་རེད།  ཝང་ཙེང་ཆི་ཡིས“རྩོམ་པ་པོ་ཞིག་གི་རྩོམ་གཤིས་ནི་ནམ་ཡང་སྣ་གཅིག་ཡིན་ན་མི་འགྲིག”[11]ཟེར་བ་ལྟར།  ཁོང་གིས་ཡུན་རིང་དུ་རྒྱུན་བསྐྱངས་པའི་རང་གི་དུས་རབས་སྔོན་མའི་རྩོམ་རིག་གི་བགྲོད་ལམ་དང་རྩོམ་གཤིས་རྙིང་བ་དག་འདོར་ཐབས་བགྱིད་བཞིན་ཡོད་པའི་དུས་མཚུངས་སུ།  ནུབ་ལུགས་ཀྱི་རྩོམ་རིག་ལ་བློ་སྦྱོང་མཛད་དེ་གསར་རྩོམ་གྱི་ཐད་དུ“རང་ཉིད་ལ་གཏོགས་པའི་ཐབས་ཤེས་ཤིག་འཚོལ”བར་ཧུར་བརྩོན་ཆེན་པོ་གནང་གིན་པ་ནི་ཧ་ཅང་ཡི་རང་འབུལ་འོས་པ་ཞིག་རེད།   བཀྲ་བྷ་ལགས་ཀྱིས《ངས་སྒྲུང་གཏམ་ལ་འདི་ལས་ཅི་ཞིག་བཤད》ཅེས་པར་གསར་རྩོམ་གྱི་ཉམས་མྱོང་གླེང་དུས“ད་སྐབས།  ངས་སྒྲུང་གཏམ་ལེགས་པོ་རྣམས་ལ་ལྟ་སྐབས།  དེ་དག་གི་བཟང་ཆ་ཚུར་ལེན་བྱེད་པ་དམིགས་སུ་བཟུང་བ་ཡིན་ཞིང་།  རང་ལ་མཁོ་བའི‘འཚོ་བཅུད’ལེགས་པོ་རེ་རྙེད་རྗེས།  འབྲེལ་ཡོད་དཔེ་དེབ་བཀླགས་ཏེ་གཞུང་ལུགས་ཐད་ནས་རང་གི་ཞན་ཆ་དང་གཞན་གྱི་ལེགས་ཆ་དེ་ར་སྤྲོད་བྱེད་བཞིན་ཡོད”[12]ཟེར།  དེར་བལྟས་ན་ང་ཚོས་ཁོང་གི་ཕྱིས་ཀྱི་སྒྲུང་གཏམ་འགའ་ཞིག་ནི་རྩོམ་རིག་གི་སྙིང་སྟོབས་ཀྱིས་བསྐྱེད་པའི་འཚོལ་རྟོག་གསར་བ་ཞིག་དང་ཚོད་ལྟ་གསར་བ་ཞིག་གི་གྲུབ་འབྲས་སུ་བསྙོན་དུ་མེད།  “སྙིང་སྟོབས་ཆེ་བའི་ཚོད་ལྟ་ནི་ལེགས་གྲུབ་ཀྱི་ཕྱེད་ཀ་ཡིན”ཟེར་བ་ལྟར།  ཆེ་ཕྱོགས་ནས་བལྟས་ན་ཁོང་གི་ཉེ་དུས་ཀྱི་སྒྲུང་གཏམ་དག་ནི་སྤྱིར་བཏང་དུ་ཕྱི་རྐྱེན་གྱི་ཞིབ་འབྲི་ནས་ནང་རྐྱེན་གྱི་སྤྲོས་བརྗོད་ཕྱོགས་སུ་གཞོལ་ཡོད་པ་དང་།  རྩོམ་པ་པོའི་རང་ཤེད་རང་བཞིན་ནས་གཟུར་གནས་རང་བཞིན་ལ་ཕྱོགས་ཡོད་ཅིང་།  སྤྱི་ཚོགས་ཀྱི་གནད་དོན་ལ་སྟབས་བདེའི་སྡོམ་ཚིག་འགོད་པ་ནས་འཆར་ཡན་སྒྱུ་རྩལ་གྱི་རྐྱོང་ཤུགས་ཐད་དུ་བརྩོན་པ་ཆེན་པོ་བསྐྱེད་ཡོད་པས།  རྩོམ་སྟངས་དང་བསམ་བློ་སོགས་ཀྱི་ཆར་ཐོད་རྒལ་དང་འཕེལ་རྒྱས་ཀྱི་སྔ་ལྟས་ཕུན་སུམ་ཚོགས་པ་ཤར་འདུག   ཡིན་ནའང་།  སྒྲུང་གཏམ་འབྲི་བ་ནི་གསར་གཏོད་ཀྱི་ལས་ཀར་གཏོགས་པས།  གསར་བརྗེ་དང་བཅོས་བསྒྱུར་ལ་ཞུགས་མ་ཐག་པ་ནས་འབྲས་བུ་རབ་ཏུ་སྨིན་པ་ཞིག་འབྱུང་བ་ནི་དཔེ་མི་སྲིད་པ་ཞིག་རེད།  དེ་བས་ང་ཚོས《རླུང》ལ་ཞིབ་ཏུ་བརྟགས་ཚེ།  སྒྲུང་གཏམ་གྱི་སྒྲིག་གཞི་ལྷུ་ཐོར་བ་དང་མི་སྣར་གསོན་ཤུགས་བྲལ་པ།  བྱུང་རིམ་ཡ་མ་བརླ་རུ་སྤེལ་པ་དང་བརྗོད་གཞིར་སྙིང་བོས་དབེན་པ་ལ་སོགས་ཏེ།  མདོར་ན་རྩོམ་གྱི་ལུས་ཡོངས་སུ་ཁྱབ་པའི“ནད་རྟགས”མང་བོ་དག་ལས།  རྩོམ་པ་པོའི་གསར་རྩོམ་གྱི་ཐབས་རྩལ་དང་བསམ་བློ་སོགས་ཀྱི་སྨིན་ཚད་ཤིན་ཏུ་དལ་བའི་ཞན་ཆ་ཞིག་ཀྱང་མཐོང་རྒྱུ་འདུག

《རླུང》གི་བྱུང་རིམ་གྱི་གཞུང་རྐང་གཙོ་བོ་ནི།སློབ་བྱོལ་བྱེད་པའི་སློབ་གྲྭ་ཆེན་མོ་པ“ང”སློབ་ཁྲིད་དུ་མ་ཞུགས་པར་དགེ་རྒན་གྱི་སློབ་གསོ་ལ་གཡོལ་ཐབས་བྱས་པ་དང་།  རྒྱ་སྲང་དང་ཇ་ཁང་སོགས་སུ་མྱུལ་ནས་བུད་མེད་སྣ་ཚོགས་བསྟེན་ཏེ།  གསེར་ལས་རིན་ཐང་ཆེ་བའི་དུས་ཚོད་ཆུད་ཟོས་སུ་བཏང་བའི་བརྒྱུད་རིམ་དེ་རེད།  འོན་ཀྱང་རྩོམ་པ་པོས་དོན་གྱི་བྱུང་བ་ཇི་ལྟར་བརྗོད་ན་བྲོ་བ་འཛོམས་པ་དང་།  མི་སྣ་ཇི་ལྟར་སྒྲུབ་བཞེང་བྱས་ན་གསོན་ཉམས་ལྡན་པ་ཡོང་བ་སོགས་ཀྱི་ཐད་ལ་བསམ་གཞིག་གནད་དུ་ཐིངས་པ་གཏོང་ཐུབ་མེད་པས།  སྤྲོས་བརྗོད་ཀྱི་བརྩེ་དུངས་དང་ཞིབ་འབྲིའི་དོན་དངོས། དཔྱད་བརྗོད་ཀྱི་གཏད་སོ་སོགས་ཀྱི་གནད་ས་བོར་ཏེ་སྐད་ཆའི་དམིགས་འབེན་མི་གསལ་བར་གྱུར་ཡོད།  དེ་ཡང་སྤྲོས་བརྗོད་ཀྱི་ཆར་ཆང་གིས་མྱོས་པའི་བགྲེས་པོ་ཞིག་གིས་ངག་ནས་རང་སྣང་སྐྱིད་པའི་ལབ་བརྡོལ་སྣ་ཚོགས་འབྱིན་པ་ལྟར་པེ་ཅིན་ནས་ལྷ་ལྡན་བར་དང་།  ཇ་ཁང་ནས་མགྲོན་ཁང་བར།  སློབ་གྲྭ་ནས་རྒྱ་སྲང་བར།  སྨན་ཁང་ནས་ཉལ་ཁང་བར།  དགེ་རྒན་ནས་སློབ་མའི་བར།  སྤྲུལ་སྐུ་ནས་བཙུན་མའི་བར།  ཕྱི་གླིང་པ་ནས་རྒྱ་མིའི་བར།བོད་མོ་ནས་སོག་མོའི་བར་ལག་ཏུ་ཐོགས་ཚོད་དང་ཡིད་ལ་ཤར་ཚོད་འབྲི་ཅི་ཐུབ་དང་འཆད་ཅི་ཐུབ་བྱས་ཡོད་ལ།  སྐབས་འགར་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ཕྱིར་དྲན་དང་འཆར་སྣང་མང་བོ་བྱུང་རིམ་གྱི་བར་དུ་ཨུ་ཚུགས་ཀྱིས་བརྫངས་ནས་བརྗོད་ཐབས་བྱས་ཡོད་པ་དང་།  རེས་འགར་བྲོ་མེད་ཆོ་མེད་ཀྱི་དཔྱད་བརྗོད་སྤེལ་པ་དང་།  བརྩེ་དུངས་མཚོན་པ་སོགས་ལ་བརྟུན་པ་བསྐྱེད་ཡོད་པ་སྟེ།  གསལ་བོར་བཤད་ན།  “རང་བྱུང་གི་ཞིབ་འབྲི”ལ་ཚོད་འཛིན་དང་ཁ་ལོ་མེད་པར་རྟ་རྒོད་སྤང་ཐང་དུ་དཀྱུ་བ་དང་མཚུངས་ཤིང་།  “གནད་འགག་གི་བྱུང་རིམ”གྱི་ཁྱབ་ཚད་ཤིན་ཏུ་དོག་ཅིང་འཚོ་བའི་ཞིབ་ཕྲ་ཆེས་ཆེར་ཟིན་ཐུབ་མེད་པས།  གཅིག་ནས་སྒྲུང་གཏམ་གྱི་མཛེས་ཚོར་གྱི་གར་ཚད་སླ་བོར་བསྒྱུར་ཡོད་པ་དང་།  གཉིས་ནས་སྤྲོས་བརྗོད་ཀྱི་གཟབ་ནན་རང་བཞིན་དང་ལྡེམ་ཤུགས་རང་བཞིན་ལ་སྒྱིད་ལུག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

རྩོམ་པ་པོ་སུ་ཞིག་ཡིན་རུང་སྒྲུང་གཏམ་འབྲི་སྐབས།  ཁོས“ཅིའི་ཕྱིར་འབྲི་བ”དང“ཅི་ཞིག་འབྲི་བ”ཡི་དཀའ་ངལ་ལ་འཕྲད་སྲིད།  གལ་ཏེ“ཅིའི་ཕྱིར་འབྲི་བ”ནི་རྩོམ་འབྲིའི་ཆེས་མཐའ་མཇུག་གི་དམིགས་འབེན་དང་ཆེས་མཐོ་བའི་ཕུགས་བསམ་ཡིན་པའི་དབང་དུ་བཏང་ན།  “ཅི་ཞིག་འབྲི་བ”ནི་དམིགས་འབེན་དང་ཕུགས་བསམ་དེ་མངོན་འགྱུར་ཡོང་བའི་ཐད་ལ་འབད་བརྩོན་བྱེད་པའི་བྱེ་བྲག་གི་གདམ་གསེས་རིགས་ཤིག་ཡིན་པར་བཤད།  ལྷག་པར་སྒྲུང་གཏམ་ཐུང་བའི་ངོས་ནས་བརྗོད་ན།  གང་ཞིག་འབྲི་བ་དང་གང་ཞིག་བསྐྱུངས་པ་ནི་རྩོམ་གྱི་གབ་སྦས་ཀྱི་སྒྱུ་རྩལ་སྟེང་གི་ཇུས་འགོད་ཀྱི་ཐབས་རྩལ་གལ་ཆེན་ཞིག་ཡིན།  ཀུན་གྱིས་གླེང་བཞིན་པ་ལྟར།  སྒྲུང་གཏམ་རིང་བ་ནི་འཇིག་རྟེན་ཞིག་ཡིན་པའི་དབང་དུ་བཏང་ན།  སྒྲུང་གཏམ་འབྲིང་བ་ནི་གཏམ་རྒྱུད་ཅིག་དང་སྒྲུང་གཏམ་ཐུང་བ་ནི་ཤེས་རབ་ཅིག་ཡིན་འོས།  དེ་བས་ལིའུ་ཆིན་པང་གིས་སྒྲུང་གཏམ་ཐུང་བས“སྐད་ཆ་མང་བོ་བཤད་ན་མི་ལེགས”ཞེས་སྨྲས་པ་ལྟར།《རླུང》གི་ནང་དུ་དེ་ལྟར“སྐད་ཆ་མང་བོ་བཤད་པ”
དང་བརྗོད་དོན་མང་བོ་སྟོན་པ་ནི་སྒྲུང་གཏམ་ཐུང་བའི་ཁྱད་ཆོས་དང་མི་མཐུན་ཏེ།སྒྲུང་གཏམ་ཐུང་བ་ཞིག་ཡིན་ན།  དེའི“རིན་ཐང་ནི་རྩོམ་པ་པོས་བཤད་ཟིན་པའི་ཁག་ན་མེད་པར།  ཏག་ཏག་རྩོམ་པ་པོས་བཤད་འདོད་ཀྱང་བཤད་མེད་པའི་ཆ་ན་སྦས་ཡོད་པའི”[13]
སྟབས་ཀྱིས་ཡིན་མོད།  འོན་ཀྱང་འདིར་རྩོམ་པ་པོས་སྒྲུང་གཏམ་ཐུང་བའི་ཁྱད་ཆོས་གཞི་ནས་བོར་ཏེ།དེའི“ཚད་བཀག་རང་བཞིན”ལ་བརྩི་སྲུང་ཡེ་ནས་མི་བྱེད་པར“རང་དབང”ཅན་གྱི་རྩོམ་སྟངས་ལ་གཞོལ་དྲགས་པས།  ཀློག་པ་པོས་སྒྲུང་གཏམ་གྱི་ཤུགས་བསྟན་དང་སྟོང་ཆའི་སྒྱུ་རྩལ་གྱི་ཚོར་བ་དག་མྱོང་ཐབས་མི་འདུག

སྤྱིར་བཏང་དུ་སྒྲུང་གཏམ་གང་ཞིག་བྲིས་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་ཚེ།གནད་འགག་གཙོ་བོ་ནི་ཉམས་མྱོང་མཁོ་འདོན་དང་རྩོམ་འབྲིའི་ཐབས་རྩལ་ངོམ་པ་དེ་མ་ཡིན་པར།  གཙོ་བོ་བརྩམས་ཆོས་ཀྱི་བྱུང་རིམ་དུ་རྩོམ་པ་པོའི་སྙིང་སྟོབས་དང་བརྩེ་སེམས།  སྤོབས་པ་བཅས་འཇུག་པར་བྱ་རྒྱུ་དེ་རེད།  གནད་འདིའི་ཆ་ནས་བརྗོད་ན།《རླུང》གི་ནང་དུ་ཉམས་མྱོང་གི་ཞིབ་འབྲི་དང་སེམས་ཁམས་ཀྱི་འཚོལ་ཞིབ་དག་གཞི་གཅིག་ཏུ་བསྡོངས་མ་ཐུབ་པའི་ཞན་ཆ་མངོན་ཡོད་པ་དང་། དེ་བཞིན་དུ་བརྩམས་ཆོས་ཀྱི་ཕྱི་ནང་གི་རྒྱུ་ཆ་མཐའ་དག་ལ་གཞུང་སྐུད་ཉག་ཙམ་ཡང་མེད་པར།ཡོད་ཚད“རླུང”ལྟར་གཟུང་དུ་མེད་ལ་མཐོང་དུ་ཡང་མེད་པའི་ཡི་གེའི་རོལ་རྩེད་ཁོ་ན་ལས་ཅི་ཡང་འཐོབ་རྒྱུ་མི་འདུག ང་ཚོས་མན་ཇུ་རིགས་ཀྱི་རྩོམ་པ་པོ་ལའོ་ཧྲེ་ཡིས་གསུངས་པའི་སྒྲུང་གཏམ་ཐུང་བ་དག་ཤུགས་ཀྱིས་སྒྲུང་འབྲིང་དུ་བསྐྱེད་མི་རུང་བའི་གདམས་ངག་དེ་ལ་གཞིགས་ཚེ། 《རླུང》གི་སྒྲིག་གཞི་དང་སྤྲོས་བརྗོད་ཀྱི་ཇུས་འགོད་ཀྱི་ཆར་སྔར་ལས་ལྷག་པའི་སྒོ་ནས་སྒྲུང་གཏམ་ཐུང་བའི་རྒྱུ་ཆ་དག་རྒྱ་བསྐྱེད་དེ།  སྒྲུང་ཐུང་རིང་བ་ཞིག་ཏུ་བཙན་གྱིས་བསྒྱུར་འདུག་པའི་སྐྱོན་ཆ་ཞིག་མཆིས་པ་ཡང་བསྔོག་ཐུབ།  དེ་ཡང་རྩོམ་པ་པོས་སྤྲོས་བརྗོད་ཀྱི་བྱེད་ཐབས་དང་སྒྲིག་གཞིའི་ཁོག་འབུབས་ལ་གཟབ་ནན་མ་བྱས་པར།  ཧ་ཅང་སྟབས་བདེ་དང་ཀྱག་ཀྱོག་མེད་པའི་བྱུང་རིམ་དེ་དག་ཉོག་འཛིང་ལྡན་པའི་སྐད་བརྡའི་ཕུང་བོ་ཞིག་ཏུ་བརྩེགས་ཡོད་པ་སྟེ།  གསལ་བོར་བཤད་ན།  དོན་ལ་མི་འབྱོར་བའི་དཔེ་འགོད་དང་རྒྱུ་འབྲས་མི་ཆགས་པའི་འཆར་ཡན།  བསྒྲུབ་བྱ་ཆུང་བའི་གཏམ་གླེང་སོགས་ཀྱི་ཚིག་རྒྱན་ཕལ་བར་བརྟེན་ཏེ།  འབྲེལ་བ་མེད་པའི་བརྗོད་གཞི་མང་བོ་གསབ་སྣོན་བྱས་ཡོད་པ་ལྟ་བུ་རེད།  དཔེར་ན།  “ངའི”སློབ་མའི་སློབ་སྦྱོང་གི་འཚོ་བའི་གནས་ཚུལ་དེ་མཚམས་སྦྱོར་བྱེད་སྐབས།  སྤྱིར་ཡིན་ན་སྤྲོས་བརྗོད་ཐུང་ངུ་ཞིག་གིས་གསལ་བར་ངོ་སྤྲོད་བྱས་ཆོག་ཆོག་ཡིན་མོད།  རྩོམ་པ་པོས་དགོས་མེད་ཀྱི་སྣག་ཤོག་མང་བོ་སྤྱད་དེ།  “ང”སློབ་ཆུང་ནས་དམའ་འབྲིང་ལ་ཞུགས་སྐབས་རྒྱུགས་སྐར་ཚད་གཞིར་མ་སླེབས་པས།  “ཨ་ཕ་སྟོད་སྨད་གཉིས་སུ་བརྒྱུགས་ནས་མི་བཙལ་བ”དང་།  མཐོ་འབྲིང་དུའང་སྔར་བཞིན་རྒྱུགས་སྐར་མ་ལོན་པས།  ཡང“ཨ་ཕ་སྔར་བཞིན་སྟོད་སྨད་གཉིས་སུ་བརྒྱུགས་ནས་མི་བཙལ་བ།”  སློབ་ཆེན་དུའང་སྣོག་བརྒྱབ་ནས་ཞུགས་ཚུལ་སོགས་བསྟུད་མར་བྲིས་པ་ནི་ཉེས་ཅན་ཞིག་གིས་ཁྲིམས་དཔོན་གྱི་འདྲི་གཅོད་མ་ཐེག་པར།  རང་སྐྱོན་མཐའ་དག་བློ་ངོར་གང་ཤར་གྱིས་ཁྲ་མ་རྒྱག་པ་ལྟ་བུའི་ཉོག་བཤད་དང་གཉིས་སུ་མི་སྣང་ལ། ཉོག་བཤད་དེ་དག་གིས་མཐར་གཏུགས་ན་ཀློག་པ་པོ་ལ་སྒྱུ་རྩལ་གྱི་ཚོར་བ་དང་འབྲས་བུ་གང་འདྲ་སྟེར་བ་ཡང་དཔོག་ཐབས་བྲལ།

《རླུང》གི་སྒྲིག་གཞི་དང་བྱུང་རིམ།   མི་སྣ་དང་ཁོར་ཡུག   བརྩེ་ཚོར་དང་མཛེས་དཔྱོད་སོགས་ཉོག་ཅིང་འཛིངས་པར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་གཞན་ཞིག་ནི།རྩོམ་པ་པོར་སྒྲུང་གཏམ་ལ་ཚགས་རྒྱག་པ་དང་།  བཙོ་སྦྱང་དང་བླང་དོར་སོགས་ཀྱི་ནུས་པ་དབེན་པའི་གནད་རྩར་ཐུག་ཡོད་པ་ཡིན།  བཙོ་སྦྱང་དང་བླང་དོར་ནི་སྒྲུང་གཏམ་ལས་སྣོན་གྱི་གོ་རིམ་ཡིན་ལ།གོ་རིམ་དེ་མེད་ན་སྒྲུང་གཏམ་ནི་གང་འདོད་ཅི་དྲན་གྱིས་བྲིས་ཆོག་པའི་སྙིགས་སྒམ་ཞིག་ཏུ་འགྱུར་ངེས།  དེ་བས་སྒྲུང་གཏམ་གྱི་རྒྱུ་ཆར་རུང་བའི་དོན་རྐྱེན་དང་བྱུང་རིམ་མཐའ་དག རྩོམ་པ་པོའི་ཀུན་རྟོག་ཏུ་ཟིན་མ་ཐག་པ་ཙམ་གྱིས་ཐད་ཀར“བསྐྱར་དཔར”གཏོང་བ་ནི་ཤིན་ཏུ་ནས་མི་འོས།  དཔེར་ན།  སྒྲུང་གཏམ་དུ“ངས”རྟོགས་ལྡན་ལྷ་མོར་དགའ་མགུར་རོལ་ཚུལ་གྱི་ཞིབ་འབྲི་དག་དགོས་ངེས་རང་བཞིན་ཆེན་པོ་མེད་པ་དང་།  རྟོགས་ལྡན་ལྷ་མོའི་རྨོང་སྤུ་སེར་པོ་ཡིན་པའི་ཞིབ་འབྲི་དང་གཏམ་གླེང་དག་ཀྱང་སྐད་ཆ་ལྷག་མ་དང་བརྗོད་དོན་ཕལ་བའི་ཕལ་བར་གྱུར་ཡོད་པ་རེད།  དེ་བཞིན་དུ་ཉལ་ཁང་གི་སློབ་མ་རྣམས་སྐོར་ཁག་གཉིས་སུ་གྱེས་ཏེ“རང་སྲོག་ལ་མ་འཛེམས་པར”ཕན་ཚུན་ལ་འཐབ་རེས་བྱེད་པའི་སྙིང་བོས་དབེན་ཞིང་བདེན་སྣང་མི་སྟེར་བའི་བྱུང་རིམ་དང་།  ཡང“ཨ་ཕ”པེ་ཅིན་དུ་ཡོང་ནས“ངའི”སློབ་གྲོགས་རྣམས་ཐེངས་སྔ་ཕྱི་གཉིས་སུ་གསོལ་ཁང་དུ་བོས་ཏེ་གསོལ་སྟོན་བཤམས་པའི་གནས་ཚུལ།  ཟ་ཁང་ཞིག་ཏུ“ངས”དོན་མེད་དུ་མགྲོན་པོ་ཆ་མེད་ཅིག་ལ་སྒོར་སྟོང་གི་སྨན་ཡོན་བྱིན་པའི་བརྗོད་གཞི་སོགས་ཀྱང་བྱེ་མའི་ཆངས་བུ་བཞིན་བརྗོད་སྙིང་གཅིག་གི་ངོས་སུ་བསྒྲིལ་མ་ཐུབ་པར་ཐོར་ཞིང་བྲུལ་ནས་འདུག་པའི་ཚོར་བ་སྟེར་རོ།།

སྒྲུང་གཏམ་ལ་བཙོ་སྦྱང་དང་བླང་དོར་བྱ་རྒྱུ་ནི་འབྲེལ་མེད་ཀྱི་ཐ་སྙད་དང་ཚིག་ཐུང་།  རྗོད་པ།  ཚན་པ་སོགས་འདོར་རྒྱུ་དེ་རེད།  བཙོ་སྦྱང་དང་བླང་དོར་ཡག་པོ་མ་བྱུང་ན།  སྤྱིའི་སྒྲིག་གཞི་ངང་ངམ་ཤུགས་ཀྱིས་འཆོལ་བར་འགྱུར་བ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་ཡིན།  ཆོས་ཉིད་དེའི་རྩ་བའི་རྒྱུ་རྐྱེན་ནི་སྒྲུང་གཏམ་ལ་ཚིག་ཚོགས་མ་ཤོང་བའི་རྒྱུ་མཚན་ལས་བྱུང་བ་མ་ཡིན་པར།  འགག་རྩ་ནི་རྩོམ་པ་པོས་སྒྲུང་གཏམ་གྱི་རྒྱུ་ཆར་དབྱེ་ཞིབ་བྱས་པ་མི་འདང་བ་དང་།  སྒྱུ་རྩལ་གྱི་ཐབས་ཤེས་ལ་ཞིབ་འཇུག་གཏིང་ཟབ་མོ་མ་བྱས་པར།  རྩོམ་གྱི་བརྗོད་སྙིང་གི་མཚོན་ཤུགས་ལ་ཁ་ལོ་བསྒྱུར་མ་ཐུབ་པའི་གནད་དོན་དེར་ཐུག་ཡོད་པ་རེད།《རླུང》གི་ནང་དུ་ད་དུང་རྩོམ་པ་པོས་རྐང་བས་ཉ་དང་ལག་པས་བྱ་འཛིན་འདོད་པ་ལྟར།  ཕྱོགས་གཅིག་ནས་བྱུང་རིམ་ལ་བརྟེན་ནས་བསམ་བློ་གང་ཞིག་སྒྲོག་འདོད་པ་དང་།  ཕྱོགས་གཞན་ཞིག་ནས་མི་སྣ་ལ་བརྟེན་ནས་བསམ་བློ་གཞན་ཞིག་སྟོན་འདོད་པའི་དམིགས་སྒོ་ཤིན་ཏུ་ཐལ་ཆེ་བར་མངོན།  སྤྱིར་བཏང་དུ་སྒྲུང་གཏམ་གཅིག་གིས་རྩོམ་པ་པོའི་བསམ་བློའི་ཕྱོགས་འགའ་ཁུར་དུ་བསྣམས་མི་ཆོག་པ་ནི་ག་ལ་ཡིན་མོད།  འོན་ཀྱང་ཕྲན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡང་།《རླུང》གི་བརྗོད་སྙིང་མཐར་གཏུགས་ན་གང་འདྲ་ཡིན་པ་ཡིད་ལ་ངེས་རྒྱུ་མ་བྱུང་།  ཕ་མར་བརྩི་བཀུར་དང་ཀུན་སྤྱོད་ལ་དོ་སྣང་བྱ་རྒྱུ་མི་ཆོས་ཀྱི་རྩ་བ་ཡིན་ཚུལ་དེ་སྒྲོག་པ་ཡིན་ནམ།  ཡང་ན་ཁྱིམ་ཚང་གི་སློབ་གསོ་མེད་ན་སྤྱི་ཚོགས་ཀྱི་སློབ་གསོ་ཡང་ཉམས་པར་འགྱུར་བ་དེ་སྟོན་པ་ཡིན།  ཡང་ན་སྤྲུལ་སྐུའི་ལམ་ལུགས་རྩ་གཏོར་གཏོང་དགོས་པ་དེ་ཡིན་ནམ།  ཡང་ན་འཇིག་རྟེན་གྱི་སྙིང་བོ་ནི་བུད་མེད་ཡིན་པར་སྨྲ་བ་ཡིན་ནམ།  ཡང་ན་བུད་མེད་ནི་གཡོ་སྒྱུའི་རང་བཞིན་ཅན་ཡིན་པར་སྒྲུབ་པ་ཡིན་ནམ།  ཡང་ན་དུས་རབས་ཀྱི་རྒྱས་སྤྲོས་ལོངས་སྤྱོད་ལ་ཞེན་པ་ལོག་པ་སྟོན་ནམ།  ཡང་ན་ཕ་མའི་སེམས་བུ་ཐོག་དང་བུ་ཕྲུག་གི་སེམས་རྡོ་ཐོག་ཡིན་པའི་སྤྱོད་ལམ་ལ་རྒོལ་གཏམ་གཏོང་བ་ཡིན་ནམ།  ཡང་ན་མི་གཤིས་ཀྱི་འགྱུར་བག་ལ་བསམ་གཞིག་བྱེད་པ་དེ་ཡིན།  གང་ལྟར་གནད་དོན་དེ་དག་ལ་སྤྱི་ཚོགས་ཀྱི་མཐོང་སྣེའི་སྟེང་ནས་བསམ་གཞིག་བཏང་ན།  ཕལ་ཆེ་བ་ནི་སྤྱི་ཚོགས་རང་བཞིན་གྱི་བརྗོད་གཞི་ཅན་དུ་གཏོགས་པ་ལས།  རྩོམ་རིག་རང་བཞིན་གྱི་གནད་དོན་ཅན་དུ་ཁྱབ་མི་འདུག་པས།བརྗོད་དོན་དེ་དག་གི་བར་དུ་ཆུ་ལ་ཆུ་བཞག་པ་ལྟ་བུའི་འདྲེས་སྦྱོར་གྱི་རྣམ་པ་གསལ་བོ་ཞིག་ཆགས་མ་ཐུབ་པར་འདུག་གོ།

ཡུས་ཧྭ་ཡི་སྒྲུང་གཏམ《ལོ་བཅོ་བརྒྱད་ཐོག་ཐག་རིང་གི་ཡུལ་ཁམས་འགྲིམས་པ》དང་ཨ་ལེའི《དབྱར་རྩྭ་དགུན་འབུ་རྐང་གསུམ》གཉིས་ཀྱིས་ཀྱང《རླུང》དང་འདྲ་བར“སློབ་བྱོལ”དུ་སོང་བའི་སློབ་མ་ཞིག་གི་སྣང་བརྙན་ཟུར་མི་འདྲ་བ་ནས་སྒྲུབ་བཞེང་བྱས་པ་སྟེ།  དེ་ཡང་སྒྲུང་གཏམ་སྔ་མས་འཚོ་བར་གཏན་ཚིགས་ཀྱི་ཆོས་ཉིད་མེད་པ་དང་།  མི་སྒེར་གྱི་ལས་དབང་ནི་གདེང་ཚོད་ཀྱིས་མི་ལྕོགས་པ་ཞིག་ཡིན་པའི་གནས་ལུགས་བསྟན་ནས།  ལོ་རྒྱུས་ལ་ཡིད་རྟོན་མི་འཆའ་བར་མི་སྒེར་གྱི་མྱོང་བརྒྱུད་ལ་ཁུངས་བཅོལ་བ་དང་།  མི་སྒེར་གྱི་མྱོང་བརྒྱུད་ནི་ད་གཟོད་བདེན་པའི་མཐར་ཐུག་ཡིན་པའི་བསམ་བློ་ཕྱོགས་རེ་བ་ཞིག་བཏོན་ཡོད་ལ།  ཕྱི་མས་ནི་དེང་གི་འཛད་སྤྱོད་སྤྱི་ཚོགས་ཀྱི་ཁོར་ཡུག་རྩུབ་པོའི་འོག་ཏུ།  སྒོར་མོ་དང་དངོས་པོའི་དཔལ་འབྱོར་གྱིས་འབྲོག་པའི་ཉིན་རྒྱུན་འཚོ་བར་གནོན་ཤུགས་དྲག་པོ་ཐེབས་པའི་སྲོལ་རྒྱུན་རིག་གནས་དང་།  དེང་རབས་རིག་གནས་ཀྱི་ཕོག་ཐུག་འོག་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་དག་ཐེར་འདོན་བྱས་ཡོད་པས། 《རླུང》དང་བསྡུར་ན་སྒྲིག་གཞི་དང་བརྗོད་བྱའི་སྙིང་བོ་སོགས་གང་ཐད་ནས་ཆལ་ཆོལ་དང་རབ་རིབ་ཅིག་མ་ཡིན་པར།  གསལ་ཞིང་བསྡུས་ལ་སྙིང་བོ་འབུར་དུ་ཐོན་ཞིང་སློབ་གསོའི་རིན་ཐང་དང་ལྡན་པ་ཞིག་རེད།

གལ་ཏེ།    བརྗོད་གཞི་གཅིག་པའི་སྒྲུང་གཏམ་འདི་དག་ལ་ཁྱོན་ཡོངས་ནས་གཤིབ་སྡུར་བྱས་ཚེ།    ང་ཚོས་མ་མཐའ་ཡང《རླུང》གི་སྤྲོས་བརྗོད་ཐད་ཀྱི“ལབ་བརྡོལ”འབྱིན་ཚུལ་དང་།  བརྗོད་སྙིང་གི་རབ་རིབ་ཐད་ཀྱི་ཞན་ཆ་དེ་ལྟ་བུ་སྒྲུང་གཏམ་ཅིག་ཤོས་དག་ལ་ཡེ་ནས་གོས་མེད་པ་མཐོང་ཐུབ་པར་མ་ཟད། 《རླུང》གིས་རང་རེའི་ཀློག་པ་པོ་དག་སྒྱུ་རྩལ་ལྟར་སྣང་གི་སྨུག་ལོང་ཁྲོད་དུ་བཀྲིས་ཏེ་ཚོར་བའི་ཁ་ཕྱོགས་ཀྱི་མགོ་འཐོམས་པར་བྱས་པ་དང་།   ཀློག་པ་པོ་རྩོམ་རིག་གི་མཚོན་སྟོབས་དང་མངོན་སྟོབས་དག་ཉམས་སུ་མྱོང་སྟབས་མི་བདེ་བའི་དཀའ་ལས་ཤིག་ལ་གཏད་འདུག་པ་རྟོགས་ནུས་སོ།།

གསུམ། “ཕོ་མོའི་ལུས་འབྲེལ”གྱི་བག་མེད་ཞིབ་འབྲི་དང་སྤྲོས་བརྗོད།

སྒྲུང་གཏམ་ལེགས་པོ་ཞིག་འཁྱོངས་དགོས་ན།   མི་སྣ་སྒྲུབ་བཞེང་གི་ཞིབ་འབྲིའི་ཆུ་ཚད་མཐོར་འདེགས་གཏང་རྒྱུ་ནི་སྒྲུང་གཏམ་གཞུང་ལུགས་པ་དང་སྒྲུང་གཏམ་རྩོམ་མཁན་དག་གི་ཐུན་མོང་གི་འདོད་ཚུལ་རིགས་ཤིག་རེད།  མི་སྣའི་ཞིབ་འབྲི་ལའང་སེམས་ཁམས་དང་སྐད་ཆ།  བྱ་སྤྱོད་སོགས་ཀྱི་བྱེད་ཐབས་དུ་མ་འདུས་ཤིང་།  “ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་ནི་བྱ་སྤྱོད་ཞིབ་འབྲི་དེའི་ཁྱབ་ཁོངས་སུ་གཏོགས་པར་མ་ཟད།  དེས་མི་སྣའི་གཤིས་ཀ་སྒྲུབ་པའི་ཐད་དུ་ཐབས་རྩལ་གྱི་གོ་གནས་གལ་ཆེན་ཞིག་བཟུང་ཡོད།  དེར་བརྟེན“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲིའི་ཇུས་འགོད་དང་ལག་ལེན།  ཐག་གཅོད་སོགས་ཀྱི་འཇོན་རྩལ་གྱིས།ཚད་ངེས་ཅན་ཞིག་ནས་རྩོམ་པ་པོའི་ཤེས་རབ་དང་མཛེས་དཔྱོད།  བློ་སྦྱོང་སོགས་ལའང་ཚོད་བགམ་གཏོང་བཞིན་མཆི།

རྒྱའི་རྩོམ་རིག་དཔྱད་བརྗོད་པ་ལི་ཅན་ཅུན་གྱིས་རྩོམ་པ་པོ་ལིའུ་ཆིང་པང་གི《གནས་འདི་ཐམས་ཅད་ཤིན་ཏུ་གཙང》ཟེར་བའི་སྒྲུང་གཏམ་ལ་མཐའ་དཔྱོད་གཏོང་སྐབས།  “རྩོམ་རིག་སྤྲོས་བརྗོད་ཀྱི་ཟུར་ཚད་ནས་བལྟས་ན།མིའི་རིགས་ཀྱི་ཉམས་མྱོང་དེ་རིགས་གཉིས་སུ་དབྱེ་ཆོག་སྟེ།  རིགས་གཅིག་ནི་མཉམ་རོལ་དང་སྤྲོས་བརྗོད་བྱ་རུང་བའི་ཉམས་མྱོང་དེ་དང་། 
རིགས་གཅིག་ནི་མཉམ་རོལ་དང་སྤྲོས་བརྗོད་ཤིན་ཏུ་བྱེད་ཁག་པའི་ཉམས་མྱོང་དེ་ཡིན”[14]པར་བཤད།  དེ་ཡང་རིགས་སྔ་མ་ནི་བཀག་སྡོམ་མེད་པའི་མཛེས་ཚོར་གྱི་ནང་དོན་ལྡན་པའི་ཉམས་མྱོང་སྟེ།  རྩོམ་རིག་གི་ཆ་ནས་བརྗོད་ན་ཀུན་གྱིས་མཉམ་དུ་ལོངས་སྤྱད་ཆོག་པའི་ཉམས་མྱོང་གི་ནང་དོན་མཐའ་དག་མཚོན་པར་བྱེད་པ་དེ་ཡིན་ཞིང་།རིགས་ཕྱི་མ་ནི་དེ་ལས་ལྡོག་སྟེ་ཀུན་གྱིས་མཉམ་དུ་ལོངས་སྤྱོད་བྱེད་དཀའ་བའི་ཉམས་མྱོང་དག་མཚོན་པར་བྱེད་རྒྱུ་དེ་རེད།  ཁོང་གི་བསམ་ཚུལ་ལྟར་ན“ཕོ་མོའི་ལུས་འབྲེལ”གྱི་ཉམས་མྱོང་ནི་རིགས་ཕྱི་མར་གཏོགས་ཤིང་།  དེར་གདོད་མ་ནས་ཚོགས་དབུས་སུ་དབྱུང་དུ་མི་རུང་བའི་དམིགས་བསལ་གྱི་ནང་དོན་དང་ཁྱད་ཆོས་ལྡན་པས།  དམའ་རིམ་དང་གུ་དོག་གི་ཉམས་མྱོང་དུ་ངོས་བཟུང་སྟེ་མཛེས་དཔྱོད་ཀྱི་རིན་ཐང་ཆེན་པོ་མེད་པར་འདོད།   དེ་ལྟ་མོད་ཀྱི་ཁོང་གི་ལྟ་བ་ནི་སྒྲུང་གཏམ་དུ“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་སྤེལ་མི་རུང་ཟེར་བ་ནི་མ་ཡིན་པར།    “ཕོ་མོའི་ལུས་འབྲེལ”གྱི་ནང་དོན་ཅི་འདྲ་ཡིན་རུང་། 

རྩོམ་པ་པོ་གང་ཞིག་གིས་ཐབས་ལ་མཁས་པའི་ཚིག་རྒྱན་དང་སྤྲོས་བརྗོད་སྤྱད་དེ། མི་གཤིས་ཀྱི་ཚད་རིམ་མཐོན་པོ་ཞིག་ཏུ་འདེགས་པར་ནུས་ན།   ད་གཟོད་དེ་ལ་ཕུན་སུམ་ཚོགས་པའི་རྩོམ་རིག་གི་རིན་ཐང་དང་མཛེས་རིག་གི་བྲོ་བ་ལྡན་པར་སྨྲ།

དེ་སྔོན་རང་རེའི་སྒྲུང་གཏམ་ཐམས་ཅད་ནི་སྙན་ངག་དང་མི་འདྲ་བར། ཕོ་མོའི་བརྩེ་དུངས་ཀྱི་གསར་རྩོམ་གྱི་རྣམ་པ་དག་གཙོ་བོར་བསམ་པའི་ལོངས་སྤྱོད་ཀྱི་ཕྱི་རིམ་དུ་གཡེང་ཡོད་ལ། གལ་ཏེ“ཕོ་མོའི་ལུས་འབྲེལ”དག་ཞིབ་འབྲི་བྱེད་པའི་དབང་དུ་བཏང་ནའང་ཧ་ཅང་གབ་སྦས་དང་མངོན་ཆུང་གི་ལམ་དུ་སོང་བས། འཛེམ་དོགས་སྒོས་ཀློག་པ་པོར་ཉམས་མྱོང་གི་མགུ་གང་བའི་ཚོར་བ་ཞིག་སྤེལ་ཐུབ་མེད། འོན་ཀྱང་ཐེངས་འདིར《རླུང》ནང་དུ“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དང་སྤྲོས་བརྗོད་དག་སྙིང་སྟོབས་ཆེན་པོས་སྤེལ་པ་ནི།   རེབ་གོང་རྡོ་རྗེ་མཁར་གྱི《ཨ་ལགས་ཀྱི་འགྱུར་ལྡོག》སོགས་དང་བསྡུར་ན་དོན་སྙིང་དང་སྒྱུ་རྩལ་གང་གི་ཆ་ནས་ཀྱང་ཆེས་ཆེར་བརྒལ་འདུག་པས། དེ་ལ་དུས་རབས་ཀྱི་ཉམས་འགྱུར་དང་ཁྱད་ཆོས་ཀྱི་ཆ་ཙམ་འཛོམས་ཡོད་པ་མཐོང་ཐུབ།  ཡིན་ནའང་རང་རེའི་རྩོམ་པ་པོ་རྣམས་ཀྱིས་བརྩེ་དུངས་ཀྱི་སྙིང་སྟོབས་དང་དོན་སྙིང་ལ་འཚོལ་རྟོག་བྱེད་སྐབས།  གཅིག་ནས་བསམ་བློ་ལ་བཅིངས་འགྲོལ་ཆེན་པོ་མ་ཐོབ་པའི་བགེགས་རྐྱེན་གནས་པ་དང་།  གཉིས་ནས་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་དང་མི་ཚེའི་ལྟ་བ།  མཛེས་དཔྱོད་ཀྱི་འཆར་སྒོ།  རྩོམ་འབྲིའི་ཆུ་ཚད།  ཉམས་མྱོང་གི་གསོག་འཇོག་དང་ལྟ་ཀློག་གི་མཐོང་རྒྱ་མི་འདྲ་བའི་ཁྱད་པར་བྱུང་བས།  “ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་བྱེད་སྟངས་དང་དམིགས་ཡུལ་ལའང་བར་ཁྱད་ཆེན་པོ་ལྷགས་ཡོད་པ་རེད།  དེ་ཡང་ཁ་ཅིག་གིས“ཕོ་མོའི་ལུས་འབྲེལ”གྱི་རྩོམ་འབྲི་ནི“སྲོལ་རྒྱུན་གྱི་ཚོགས་སྤྱིའི་རང་གནས་དེ་དེང་རབས་ཀྱི་སྒེར་མིའི་རང་གནས”སུ་འཕར་བའི་འཕེལ་འགྱུར་གྱི་རྣམ་པ་རུ་ལྟ་བར་མ་ཟད།  ད་དུང་སྲོལ་རྒྱུན་གྱི་ཀུན་སྤྱོད་དང་གཙོ་རྒྱུགས་འདུ་ཤེས་ཀྱི་མགོ་རྟིང་བསློགས་པའི་གསར་བརྗེ་ཞིག་ཏུའང་ངོས་འཛིན་བྱེད་བཞིན་ཡོད་ཅིང་།  འགའ་ཤས་ཀྱིས་དེ་ལ་མི་ཆོས་ཀུན་སྤྱོད་ཀྱི་དོན་སྙིང་དབེན་པས།  བརྩམས་ཆོས་ཀྱི་མཚོན་བྱར་གཏན་ནས་གདམ་མི་རུང་བར་འདོད།  གང་ལྟར《རླུང》གི་སྤྱི་ཁོག་ལ་གཞིགས་ཚེ།  “ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དང་སྤྲོས་བརྗོད་ནི་རང་ཉིད་ཀྱི་མལ་ཁྲིའི་སྟེང་གི་ཉམས་མྱོང་ཁོ་ན་སྟོན་རྒྱུ་དམིགས་ཡུལ་དུ་བཅངས་ནས།  མི་སྒེར་གྱི་འཚོ་བའི་རྣམ་འགྱུར་གྱི་གསང་བ་གང་ཞིག་ངོམ་སོ་བྱེད་པ་ལྟ་བུར་སྣང་བས།  སྒྲུང་གཏམ་གྱི་བསམ་པའི་འཚོལ་སྙེག་དང་བརྩེ་ཚོར་རང་བཞིན་གྱི་བཙོ་སྦྱང་རྣམ་པ་ཤིན་ཏུ་ཉམ་ཆུང་བའི་ངང་དུ་གནས་པ་ནི་ཡིད་ཕངས་པ་ཞིག་རེད།  དཔེར་ན།  “ལྷག་པར་འུ་གཉིས་ཀ་ལྷན་དུ་བདེ་བ་འཚོལ་བའི་ལམ་དུ་ཞུགས་ཏེ་བདེ་སྐྱིད་ཀྱི་ཀློང་དུ་སླེབས་ཐེངས་རེར།  ཁྱོད་ཀྱིས་དབྱིན་སྐད་འུར་ཆེམ་ཆེམ་དུ་རྗོད་བཞིན་ཀི་རྒྱངས་ཀྱི་འགྲོས་དང་བསྟུན་ཏེ་འཕགས་པ་ན།  ང་ལ་རྟ་རྒོད་ཀྱི་རྒྱབ་ཏུ་རོལ་མོར་ཉན་བཞིན་ཡོད་པའི་ཚོར་བ་བྱུང་།  ཡང་རླུང་ཚུབ་ཁྲོད་དུ་འཕུར་ལྡིང་བྱེད་བཞིན་ཡོད་པའི་ཚོར་བ་བྱུང་བར་མ་ཟད།  ཕྱི་ཉིན་སྒལ་ཚིགས་བར་ལ་ཟུག་གཟེར་ལྡང་བའང་བདེ་སྐྱིད་ཅིག་ལ་བརྩི་དགོས་བྱུང”ཞེས་དང་།  “རྟོགས་ལྡན་ལྷ་མོ་དང་ངེད་གཉིས་ཀ‘གུང་གསེང་མགྲོན་ཁང’དུ་འཛོམ་སྐབས།  མོ་ང་ལ་བཞོན་ཏེ་སྨྱོས་པ་ནང་བཞིན་གསིག་རྡེབ་བྱེད་སྐབས།  ལུས་ཀྱི་བྱེད་སྟངས་ལྗོན་པ་རླུང་གིས་གཡོས་པ་དང་གཉིས་སུ་མེད་པ་མ་ཡིན་ནམ”ལྟ་བུའོ།།

གོང་གསལ་གྱི་རྗོད་པ་དེ་གཉིས་ནི་མི་སྣ་བསོད་ནམས་རྒྱ་མཚོ་དང་ཕྱི་གླིང་གི་བུ་མོ་རྟོགས་ལྡན་ལྷ་མོ་གཉིས་བར་གྱི“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲིའི་ཆ་ཤས་ཤིག་རེད།རྟོགས་ལྡན་ལྷ་མོ་ནི《རླུང》ནང་གི་ཕ་ཡུལ་རྒྱབ་ཏུ་དོར་ནས་པེ་ཅིན་ལ་སློབ་གཉེར་དུ་ཡོང་བའི་ཕྱི་གླིང་གི་བུ་མོ་ཕུགས་བསམ་ཅན་ཞིག་ཡིན།  མོ་སློབ་གླིང་དུ་འབྱོར་བ་ནས་བསོད་ནམས་རྒྱ་མཚོ་དགེ་རྒན་དུ་བསྟེན་ཏེ་བོད་ཡིག་ལ་འབད་པས་སྦྱངས་པ་དང་།  མཐའ་མར་ཞིབ་འཇུག་སློབ་མའི་ཐོབ་ཐང་རག་ཡོད་པས་ཤེས་ཡོན་པའི་མཚན་སྙན་བསྣམས་ཡོད།

སྒྲུང་གཏམ་ལ་གཞིགས་ན།  མི་སྣ་དེ་གཉིས་བར་གྱི་དང་ཐོག་གི་འབྲེལ་བ་ནི་དགེ་སློབ་ཀྱི་འབྲེལ་བ་ཡིན་པ་ལ།  ཕྱིས་སུ་དགའ་རོགས་ཀྱི་འབྲེལ་བར་འཕོ་འགྱུར་བྱུང་བ་ཞིག་རེད།  མི་སྣའི་གཤིས་ཀའི་འཕེལ་རྒྱས་དང་དོན་གྱི་བྱུང་རིམ་གཞིར་བཟུང་ནས་བརྟགས་ན།  མི་སྣ་གཉིས་ཀའི་བར་དུ་དེ་འདྲའི་འབྲེལ་བ་ཞིག་ཆགས་འོས་པའི་ཕྱི་ནང་གི་རྒྱུ་རྐྱེན་སྤུ་ཙམ་ཡང་སྨིན་མི་འདུག་ཅིང་།  སྒོས་སུ་ལུས་འབྲེལ་འབྱུང་དགོས་པའི་གནས་ལུགས་དང་རྒྱུ་མཚན་ཡང་མ་མཆིས།  དེར་བལྟས་ན་རྩོམ་པ་པོས་མི་སྣའི་བྱ་སྤྱོད་དེའི་འབྱུང་རྐྱེན་གྱི་ཀུན་སློང་དང་ཉོག་འཛིང་ལྡན་པའི་སེམས་ཁམས་ཀྱི་འགྱུར་ལྡོག་གི་བརྒྱུད་རིམ་ལ་རྩ་བ་ཉིད་ནས་ནན་ཏན་གྱིས་དབྱེ་ཞིབ་བྱེད་མ་ཐུབ་པས།  ཀློག་པ་པོར་གནམ་ལྕགས་ཐབ་ཁུང་དུ་ལྷུང་བ་ལྟ་བུའི་ཧ་ལས་པར་བྱེད་པའི་མཚར་སྣང་གི་མཇུག་འབྲས་དང་བག་ཆགས་གློ་བུར་བ་དེ་འདྲ་ཞིག་བསྩལ་ནས།  རྩོམ་པ་པོ་རང་ཉིད་ཀྱི་འདོད་པ་དང་བསམ་བློ་དག་མི་སྣའི་སྟེང་དུ་བཙན་ཤེད་ཀྱིས་མི་སྣོན་ཀ་མེད་བྱུང་འདུག་པ་རྟོགས་ཐུབ།  གཞན་ཡང《རླུང》ནང་དུ་བསོད་ནམས་རྒྱ་མཚོ་ནི་སྔ་ཕྱིར་ཕྱི་གླིང་གི་བུ་མོ་རྟོགས་ལྡན་ལྷ་མོ་དང་།  བོད་མོ་སྒྲོལ་མ།  རྒྱ་མོ་ལིས་ཧྭ།  གཞན་ཡང“མཛའ་མོ་གསར་བ”སོགས་དགའ་རོགས་མ་མང་བོར་ཕྲད་ཚུལ་བྲིས་ཡོད་པ་དང་།   བསྡོམས་པས་བུད་མེད་གསུམ་མམ་བཞིའི་ཡན་ལ་ལུས་འབྲེལ་བྱུང་འདུག།  ཕོ་མོའི་འབྲེལ་བའི་ཆ་ནས་བལྟས་ན།  རྟོགས་ལྡན་ལྷ་མོ་ཡིན་ནའང་འདྲ།  སྒྲོལ་མ་ཡིན་ནའང་མཚུངས།  བུད་མེད་ཀྱི་འདོད་སྲེད་དགོས་མཁོ་ཐམས་ཅད་ནི་བསོད་ནམས་རྒྱ་མཚོ་ཁོ་ནས་ཚོད་འཛིན་དང་ཁ་ལོ་སྒྱུར་གྱིན་ཡོད་པ་དང་།  ཕོ་མོའི་བརྩེ་དུངས་ཀྱི་རྣམ་པ་ནི་དབང་བོ་གཉིས་སྦྱོར་གྱི་འབྲེལ་བས་ཚབ་བྱས་པས།  དོན་དངོས་སྟེང་གི་འདོད་སྲེད་ཀྱི་དགོས་མཁོ་དེ་བརྩེ་དུངས་ཀྱི་དགོས་མཁོ་ལས་ཆེས་ཆེར་འདས་ཡོད་པར་མངོན།  དེར་བརྟེན་སྒྲུང་གཏམ་གྱིས་ཕོ་མོའི་བརྩེ་དུངས་ཀྱི་དོན་སྙིང་ཁྱད་པར་བ་མཚོན་འདོད་པའི་དམིགས་ཡུལ་དང་བསམ་དོན་དེ་མི་སྣའི་རང་གཤིས་དང་ལས་དབང་ལ་མ་བསྟུན་པས། མ་བསམས་ས་ནས“སྐྱེས་པ་ཚང”དབང་ཤེད་ཆེ་བའི་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་གང་ཞིག་དྲིལ་སྒྲོག་བྱེད་པ་ལྟ་བུའི་གོལ་ལམ་དུ་ཕྱིན་འདུག   

དེ་བས།  རྩོམ་པ་པོས་སྨྱུག་རྩལ་བཏོན་ནས་རྟོགས་ལྡན་ལྷ་མོས་མྱངས་པའི་ཤེ་སྦྱོར་གྱི“མནར་གཅོད”ཞིབ་འབྲི་དང་སྤྲོས་བརྗོད་བྱས་པའི་ཆ་འདི་ནི།  ལི་ཅན་ཅུན་གྱིས་ཨ་ལེའི《རྡུལ་འཚུབ་དྭངས་སོང》ཞེས་པའི་སྒྲུང་གཏམ་ལ་དཔྱད་བརྗོད་འདོན་སྐབས་གསུངས་པ་ལྟར“ཚད་ལས་བརྒལ་པ་དང་།  བྲོ་མེད་ཆོ་མེད།  ཕུན་སུམ་ཚོགས་པའི་མི་གཤིས་ཀྱི་ནང་དོན་དང་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་ཡལ་བ”ཞིག་རེད།  སྒྲུང་གཏམ་ཧྲིལ་པོའི་ཆ་ནས་བལྟས་ན།  “ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དང་སྤྲོས་བརྗོད་ཀྱི་ཕམ་ཁ་ནི་མི་སྣ་བསོད་ནམས་རྒྱ་མཚོ་དེ་ཉིད་མི་སྣ་དཔེ་གཞི་ཅན་དུ་སྒྲུབ་བཞེང་བྱེད་མ་ཐུབ་པའི་གནད་ལ་ཐུག་འདུག པ་ཨར་ཀྲ་ཁོས“སྒྱུ་རྩལ་པའི་འགན་འཁྲི་ནི་བླ་ན་མེད་པའི་དཔེ་མཚོན་ཅན་ཞིག་སྒྲུབ་བཞེང་བྱ་རྒྱུ་དེ་ཡིན་པར་མ་ཟད།  ད་དུང་ཕུན་སུམ་ཚོགས་པའི་མི་སྣ་དེ་ཕུགས་བསམ་གྱི་མཐོ་ཚད་ཅིག་ཏུ་འདེག་པར་བྱ་རྒྱུ་དེ་ཡིན”[15]ཞེས་གསུངས།  ཚད་གཞི་དེ་བཟུང་ནས་དབྱེ་ཞིབ་བྱས་ན།  བསོད་ནམས་རྒྱ་མཚོ་ནི་མིང་ཐོག་ཏུ་སློབ་གྲྭ་ཆེན་མོ་པ་ཞིག་ཡིན་ཡང་།  དོན་ལ་དམའ་འབྲིང་ནས་མཐོ་འབྲིང་ལ་རྒྱུགས་འཕྲོད་མེད་པ་དང་།  མཐོ་འབྲིང་ནས་སློབ་གྲྭ་ཆེན་མོར་ཡང་རྒྱུགས་འཕྲོད་མེད་པར་མ་ཟད།  སློབ་གྲྭ་ཆེན་མོ་འགྲིམ་སྐབས་རྒྱུན་དུ་སློབ་བྱོལ་བྱེད་པའི་སློབ་མ་མ་རབས་ཤིག་ཀྱང་རེད། ང་ཚོས་མཐོང་ཐུབ་པ་ནི།  ཁོ་ནི་སྒྲིག་ལམ་མི་རྩི་མཁན་ཞིག་དང་རང་ཚུགས་མེད་པའི་མི་སྣ་ལྟར་སྣང་བ་ཞིག་སྟེ།  སྐྱེས་མ་སློང་མོ་པ་མཐོང་ན་སྒོར་བརྒྱ་ཡིས་སྦྱིན་པ་གཏོང་བར་འཇུངས་པ་མེད་ཅིང་།  སྐྱེས་པ་སློང་མོ་པར་ཕྲད་ན་སྣང་མེད་དུ་འཇོག་ཅིང་ཐ་ན་གཅར་རྡུང་བྱེད་པར་རྩོམ་པས་རྒྱུད་ན་སྙིང་རྗེ་མེད་པའི་ཉོན་མོངས་ཅན་ཞིག་ཀྱང་རེད།  རྩོམ་པ་པོས་མི་སྣ་འདི་མགོ་ནས་མཇུག་བར་མ་བཏང་བར་སྒྲུང་གཏམ་གྱི་ལྟེ་བར་བཟུང་ཞིང་།  མི་སྣའི་སྣང་བརྙན་ལ་བརྟེན་ནས་རྩོམ་གྱི་འཕྲེད་གཞུང་གཉིས་ཀྱི་ཤོང་ཚད་རྒྱ་བསྐྱེད་རྩིས་བྱས་འདུག་ཀྱང་།སྣང་བརྙན་དེས་ཀློག་པ་པོར་བཞག་པའི་བག་ཆགས་ཉག་ཅིག་ནི།  ཁོའི་མགོ་ནས་མཇུག་བར་དུ་བུད་མེད་ཁོ་ནར་དམིགས་ཤིང་བག་ཚ་མེད་པར་ཆགས་རྩེད་བྱེད་པའི་འདོད་སྲེད་ཀྱི་རང་གཤིས་དེ་རེད།  དངོས་གནས་ཁོ་ནི་བུད་མེད་དང་ཁ་འབྲལ་མི་ཐུབ་པ་ཞིག་སྟེ།ཇ་ཁང་དུ་སོང་ན“འཕོངས་ཚོས་མཛེས་པ”ཡི་བདག་མོ་ལ་ཆགས་པའི་མིག་གིས་ལྟ་ཞིང་།  སྒྲོལ་མར“དེ་རིང་ནས་བཟུང་ང་ནི་སྐྱེས་མ་གཞན་པ་གཅིག་ལའང་འགྲོགས་མི་སྲིད”པའི་དམ་བཅའ་བྱེད་བཞིན་དུ་རྟོགས་ལྡན་ལྷ་མོར་འགྲོགས་པ་དང་།  རྟོགས་ལྡན་ལྷ་མོ་དོར་རྗེས་སླར་ཡང་སྒྲོལ་མར“ཁྱོད་ནི་ངའི་ཚེ་རབས་གཅིག་གི་འགྲོགས་རོགས་དང་འདུག་རོགས་ཡིན”ཞེས་དམ་བཅས་རྗེས་རྒྱ་མོ་ལིས་ཧྭ་དགའ་རོགས་སུ་བསྟེན་པ་དང་།  ཟ་ཁང་ཞིག་ཏུ་བཟའ་ཟླ་གཉིས་སོ་སོར་གྱེས་རྗེས།ཁྱོ་བོར་དོན་མེད་དུ་སྒོར་སྟོང་གཅིག་སྨན་ཡོན་དུ་བྱིན་ཏེ“མྱུར་བ་མྱུར་དུ་གཞོན་ནུ་མའི་རྗེས་སུ་འབྲངས་པ”ལྟ་བུ་སོགས་ལས་ཤེས་ཐུབ། གཞན་ཡང་བསོད་ནམས་རྒྱ་མཚོས་ཕྱི་གླིང་གི་བུ་མོ་རྟོགས་ལྡན་ལྷ་མོར་དགའ་མགུར་རོལ་རྗེས།  འདོམས་ལ་པར་བརྒྱབ་སྟེ་རྨོང་སྤུ་སེར་པོ་ཡིན་ཚུལ་གཞན་ལ་སྒྲོག་པ་དང་།  སློབ་གྲོགས་རྟ་མགྲིན་ལ་གཅར་རྡུང་དང་ཐུབ་ཚོད་རྒྱུན་དུ་བྱེད་པ་དག་ལས།  ཁོ་ནི་བསམ་བློ་ཕྲ་ཞིང་ཀུན་སྤྱོད་ཐ་ཤལ་ཡིན་པའི་གཤིས་ཀ་ལྷང་ལ་བུད་འདུག 

འོ་ན་རྩོམ་པ་པོས་ཅིའི་ཕྱིར“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དོན་དུ་གཉེར་བ་རེད་ཟེར་ན།  ཧྥ་རན་སིའི་མཁས་པ་ཏོ་སྨི་ཉི་ཁིམན་ཀི་ནོ་ཡིས暋རྩོམ་རིག་གི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་པའི་ཆེད་དུ།ーརྩོམ་པ་པོ་ཚོས་བརྩམས་ཆོས་ཀྱི་ཁྲོད་དུ་དྲག་ཤུགས་དང་།ཆགས་སྲེད།རིགས་རྒྱུད་ལ་དམའ་འབེབས་དང།མི་སྒེར་གྱི་གསང་བའི་གྲུབ་ཆ་དག་སྣོན་གྱིན་ཡོད”[16]ཅེས་གསུངས་པ་ལྟར།  གཅིག་ནས་ཀློག་པ་པོའི་མིག་དབང་འགུགས་པ་དང་།   གཉིས་ནས་བརྩམས་ཆོས་ཀྱི“སྙན་གྲགས”སློང་བའི་དགོས་པ་ཁོ་ན་ལས་མ་འདས་ཏེ། 《རླུང》གི་ངོས་ནས་བལྟས་ཚེ“རིགས་རྒྱུད་ལ་དམའ་འབེབས”དང“ཆགས་སྲེད”སྟོན་པ།  “མི་སྒེར་གྱི་གསང་བ”མཚོན་པའི་དམིགས་ཡུལ་ཞིག་ལ་གཟས་འདུག་པ་ནི་ལྷག་ཏུ་ནས་ཀྱང་གསལ་བོར་བདེན་དཔང་བྱེད་ཐུབ་བོ།།

ནོའུ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་རིའི་རྩོམ་པ་པོ་ཧྥུ་ཁི་ན་དབུལ་ཕོངས་ཀྱི་སྐབས་སུ།  ཁོང་གིས་རང་ལ་མྱུར་དུ་སྙན་གྲགས་འཐོབ་པ་དང་དངུལ་མང་བོ་རག་པའི་ཆེད་དུ་ཆགས་སྲེད་བརྗོད་བྱ་ཡིན་པའི་སྒྲུང་རིང《དཔལ་གྱི་ལྷ་ཁང》ཟེར་བ་མཛད་དེ་འགྲེམ་སྤེལ་བྱས།   ཟླ་གཉིས་མ་ལོན་པར་དཔེ་དེབ་སྟོང་བདུན་ཙམ་བཙོངས་ཐུབ་པ་བྱུང་ཞིང་དངུལ་ཡང་འབོར་ཆེན་རག་པར་མ་ཟད།  སྙན་གྲགས་ཀྱང་དེ་མ་ཉིད་དུ་ཕྱོགས་བཞིར་ཁྱབ།  ཡིན་ནའང་ཧྥུ་ཁི་ནའི་ཉེ་ཚན་དང་ཡུལ་མི་རྣམས་ཀྱིས་དེ་ཉིད་གཟི་བརྗིད་དུ་མི་བརྩི་བར་ངོ་གནོང་སྟེ་ཁོ་ལ་འཕྱ་དམོད་སྣ་ཚོགས་བྱས་ཤིང་།  ཕྱིས་སུ་ཁོ་ཡང་འགྱོད་གདུང་གིས་གཟིར་ཏེ་དེ་འདྲའི་སྒྲུང་གཏམ་ཡེ་ནས་མ་བྲིས་པར་གྲགས།

དེ་སྔའི་ཧྥུ་ཁི་ན་དང་འདྲ་བར།  རྩོམ་པ་པོ་བཀྲ་བྷ་ལགས་ཀྱིས་ཀྱང་ཧུར་བརྩོན་བསྐྱེད་དེ“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲིའི་ཐབས་རྩལ་གྱི་སྒོ་ནས།  ཀློག་པ་པོ་ཀུན་གྱི་ཡིད་ངོར་འཇིག་རྟེན་མཐུན་འཇུག་གི་སྣང་བརྙན་བག་ཆགས་ཟབ་མོ་ཞིག་བསྐྲུན་འདོད་པ་རེད་མོད།   འོན་ཀྱང་ཁོང་གི“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དེ་ལ་བདེན་པའི་རང་བཞིན་དང་སྒྱུ་རྩལ་གྱི་འགུགས་ཤུགས་མི་ལྡན་པས།  ལྷག་བསམ་དང་དམིགས་ཡུལ་དེ་མངོན་འགྱུར་བྱེད་ཐབས་མ་བྱུང་བ་རེད།  དེ་ལྟར་ཟེར་དོན་ཅི་ཡིན་ཞེ་ན།《 རླུང》གི“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དེས་ཕོ་མོའི་རང་བྱུང་གི་ཤེ་སྦྱོར་གྱི་བྱ་སྤྱོད་ཁོ་ན་སྟོན་པ་ལས།  གཅིག་ནས་མི་སྣའི་གཤིས་ཀ་དང་འབྲེལ་བ་འབུར་དུ་ཐོན་པའི་སྒོ་ནས་མཚོན་མི་ཐུབ་པ་དང་།  གཉིས་ནས་བྱུང་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་མེད་ཅིང་།  གསུམ་ནས་སྒྲུང་གཏམ་གྱི་བརྗོད་དོན་གཏིང་ཟབ་ཏུ་བསྙབ་པར་ཕན་ནུས་ཅི་ཡང་མི་སྩོལ་བའི་རྒྱུ་མཚན་གྱིས་ཡིན་ནོ།།  དེ་བས་རྒྱའི་དཔྱད་བརྗོད་པ་ཀྲུའུ་ཧྲིན་ཁྲང་གིས“བདག་གིས་སྤྱིར་བཏང་གི་ཕོ་མོའི་ལུས་འབྲེལ་གྱི་ཞིབ་འབྲི་ལ་ངོ་རྒོལ་གཏོང་བར་མི་བྱེད་དེ།  མི་སྣའི་འབྲེལ་བ་དང་མི་སྣའི་གཤིས་ཀ་འབུར་ཐོན་གྱིས་མཚོན་ཐུབ་པ་དང་།  བྱུང་རིམ་ལ་སྐུལ་འདེད་གཏོང་བར་མཁོ་བའི་ཕོ་མོའི་ཤེ་སྦྱོར་གྱི་འབྲེལ་བའི་ཞིབ་འབྲི་ནི་སོར་འཇོག་བྱེད་དགོས་མོད། འོན་ཀྱང་ཐད་ཀའི་ཤེ་སྦྱོར་གྱི་བྱ་སྤྱོད་དང་སྟངས་སྟབས་ཀྱི་ཞིབ་ཕྲའི་ཞིབ་འབྲི་ནི་འདིར་མི་གཏོགས་པས་བློ་ཐག་རྦད་ཆོད་ཀྱིས་འདོར་དགོས”[17]ཟེར་བ་ནི་ཤིན་ཏུ་དོན་ལ་གནས་པར་སྙམ་མོ།།

སྒྱུ་རྩལ་གྱི་དགོས་མཁོ་མེད་པ་དང་རོལ་མྱོང་གི་རིན་ཐང་ཞན་པ།  མི་སྣའི་གཤིས་ཀ་དང་འབྲེལ་བ་འབུར་ཐོན་གྱིས་མཚོན་མི་ཐུབ་པ་དང་།  བྱུང་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མི་ཐུབ་པའི“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་སྟེ།  མདོར་ན་མཛེས་དཔྱོད་ཀྱི་རྩ་དོན་ལ་བརྩི་འཇོག་མི་བྱེད་པ་དང་།  ཀུན་སྤྱོད་ཀྱི་ཚད་གཞི་ལ་བརྩི་སྲུང་མི་བྱེད་པའི“ཕོ་མོའི་ལུས་འབྲེལ”གྱི་ཞིབ་འབྲི་དེའི་རིགས་ལ་ང་ཚོས་བག་མེད་ཀྱི་ཞིབ་འབྲི་ཞེས་བརྗོད་པར་འདོད།  བག་མེད་ཀྱི་ཞིབ་འབྲི་དེའི་རིགས་ཀྱིས་གཅིག་ནས་ཀློག་པ་པོ་ལ་བདེན་དོན་སྟོན་མི་ཐུབ་པ་དང་།  གཉིས་ནས་སྤྱི་ཚོགས་ཀྱི་ངན་སྤྱོད་མི་སློང་བའི་ངེས་པ་ཡང་མེད་པས།མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་དེ་སྔ་ནས་བཀག་མྱོང་བ་ལྟར།  ང་ཚོས་ཀྱང་བསམ་བློ་དེའི་རྒྱུན་མ་བསྐྱངས་ན་ཕྱིས་ཀྱི་རྩོམ་རིག་ལ་འཇུག་མཁན་ཚོར་ཤུགས་རྐྱེན་ངན་པ་ཐེབས་ཏེ།      བོད་ཀྱི་རྩོམ་རིག་གི་རིན་ཐང་ལ་ཉམས་ཉེས་ཆེན་པོ་བསྐྱེད་སྲིད་དོ།།

མཇུག་བསྡུ་བ།

ཨུ་རུ་སུའི་རྩོམ་རིག་དཔྱད་བརྗོད་པ་ཞེཨན་ཏུང་ནོ་ཧྥུ་ཡིས暋རྩོམ་རིག་ནི་ཞིབ་ཚགས་ཀྱི་བྱ་དངོས་ཤིག་ཡིན།ーསྐབས་འགར་སྐྱོན་ཆ་ཕྲན་བུ་ཙམ་ཡང་དུས་ཐོག་ཏུ་བསྔོགས་མ་ཐུབ་ཚེ།  དེ་ནི་འདག་ཆལ་གྱི་ལྦུ་བ་མེ་ལོང་གི་ངོས་སུ་ལྷུང་བ་དང་འདྲ་བར་རྩོམ་པ་པོའི་ངོ་གདོང་འཆུ་བར་བྱེད་པ་ཡིན”[18]ཟེར།  དེར་བརྟེན་ང་ཚོས《རླུང》གིས་མཚོན་པའི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་ཞན་ཆ་དང་མི་འདང་ས་དག་བཏང་སྙོམས་སུ་བསྐྱུར་བ་ནི་འོས་སུ་མ་མཆིས་པས།  བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་ན་བརྩམས་ཆོས་ཀྱི་དགེ་སྐྱོན་སོ་སོར་ཚད་འཇལ་གཏོང་དགོས་པར་མ་ཟད།  སྙིང་སྟོབས་ཆེན་པོས་རྩོམ་པ་པོའི་ཡོན་ཏན་ལ་ཡི་རང་བྱེད་པའི་ཞོར་དུ།  ཁོང་གི་ཕམ་ཁའི་ཁྲོད་ཀྱི་བརྩམས་ཆོས་དེས་མཐར་གཏུགས་ན་ཀློག་པ་པོའི་ཡིད་དབང་འགུགས་མ་ཐུབ་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་མོའང་གཏང་དགོས།  རྩོམ་རིག་དཔྱད་བརྗོད་པ་དག་གི་ཉམས་མྱོང་གཞིར་བཟུང་ན།  “ཡིད་དབང་འགུགས་པ”ནི་རླབས་ཆེ་བའི་རྩོམ་པ་པོ་ཡོད་ཚད་ཀྱི་སྒྲུང་གཏམ་གྱི་གལ་ཆེ་བའི་ཁྱད་ཆོས་ཡིན་ཞིང་།  བབ་ཆགས་དང་རྣམ་དག་གི་རྣམ་འགྱུར་ལྡན་ན་ད་གཟོད་ཀློག་པ་པོ་འགུགས་པའི་ནུས་པ་དྲག་པོ་དེ་ཐོན་ཐུབ་པར་འདོད།  བབ་ཆགས་དང་རྣམ་དག་གི་སྙིང་སྟོབས་དེ་ནི་རྩོམ་པ་པོ་ཞིག་ལ་ཆ་མཚོན་ནས་བཤད་ན།  རྩོམ་རིག་ལ་བཅངས་པའི་རྣམ་འགྱུར་གལ་ཆེན་ཞིག་ཡིན།  རྣམ་འགྱུར་དེ་ནི་གསར་རྩོམ་གྱི་གོ་རིམ་ཧྲིལ་པོར་ཁྱབ་ཡོད་ལ།  བརྩམས་ཆོས་ཀྱི་བྱུང་རིམ་ཕྲ་རབ་ཀྱི་ནང་དུའང་ཐིམ་ཡོད་པས།  ཀློག་པ་པོའི་བསམ་པའི་འཚོ་བར་ཤུགས་རྐྱེན་གཏོང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་གྱུར་འདུག།  དེ་ཡང་བརྩམས་ཆོས་ལ་འགན་འཁུར་བའི་རྩོམ་པ་པོ་ཞིག་ཡིན་ན།  རང་གི་ཕུགས་བསམ་དུ་གྱུར་པའི་མཛེས་དཔྱོད་ཀྱི་གྲུབ་འབྲས་རྣལ་མ་ཞིག་ལ་འཚོལ་སྙེག་བྱེད་པའི་ཆེད་དུ།  རྩོམ་རིག་ལ་གཟབ་ནན་གྱི་རྣམ་འགྱུར་བཟུང་ནས་སྤྱི་ཚོགས་མདུན་དུ་བསྐྱོད་པར་སྐུལ་འདེད་དང་།  མིའི་རིགས་ཀྱི་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས།  འཚོ་སྡོད་ཀྱི་ཁོར་ཡུག་ལེགས་བཅོས་གཏོང་བ་སོགས་ལ་ཧུར་བརྩོན་བསྐྱེད་ངེས་ཡིན།  དེ་བས་ལི་ཅན་ཅུན་གྱིས“སྤྱིར་བཏང་གི་སྒོ་ནས་བཤད་ན།  དངོས་གནས་གྲུབ་འབྲས་རྣམ་པར་སྨིན་པའི་རྩོམ་རིག་ཅིག་ཡིན་ཚེ།ཕལ་ཆེ་བ་ནི་རྣམ་འགྱུར་གཟབ་ནན་ཅན་གྱི་རྩོམ་རིག་ཡིན”[19]ཞེས་ཀྱང་བརྗོད་མྱོང་།

《རླུང》གི་རྩོམ་རིག་གི་རྣམ་འགྱུར་ཐད་ཀྱི་གཟབ་ནན་རང་བཞིན་ཞན་པའི་མངོན་རྟགས་གཙོ་བོ་ཞིག་ནི་རྩོམ་རིག་གི་སྐད་ཆ་ལ་བློ་སྦྱང་དམན་པ་དང་།   རྩོམ་པ་པོ་རང་ཉིད་ཀྱི་ཀུན་སྤྱོད་འདུ་ཤེས་དང་མི་ཆོས་བསམ་བློ་ལེགས་པོར་མཚོན་ཐུབ་མེད་པ།  རྩོམ་པ་པོ་དང་མི་སྣའི་བར་དུ་མི་ཆོས་ཀུན་སྤྱོད་ཀྱི་འབྲེལ་བ་ཚུགས་མ་ཐུབ་པ།    ཀློག་པ་པོར་དགེ་ཕྱོགས་ཀྱི་བག་ཆགས་ཟབ་མོ་བསྒོ་མ་ཐུབ་པའི་བྱེད་ནུས་ཀྱི་སྟེང་དུ“དཀག”ཡོད་པར་མ་ཟད།   རྩོམ་པ་པོས“རྩོམ་རྩལ”གྱི་རང་ཤེད་ལ་བརྟེན་ནས་བསམ་བཞིན་དུ་སྒྲུང་གཏམ་ལ་ཁ་ལོ་སྒྱུར་པའི་རྒྱ་ཡན་གྱི་སྟེང་ནའང་མཆིས།

ཕྱི་གླིང་གི་མིང་དུ་གྲགས་པའི་རྩོམ་པ་པོ་མང་ཤོས་ནི་རྩོམ་རིག་ལ་རྣམ་འགྱུར་གཟབ་ནན་འཛིན་མཁན་ཉག་ཅིག་ཡིན་པས།སྒྲུང་གཏམ་ལ་བརྩི་འཇོག་དང་ལྟ་ཚུལ་ཡང་དག་པ་འཛིན་གྱིན་ཡོད།  ཐོ་སི་ཐོ་ཡེ་ཧྥུ་སི་ཅིས་སྒྲུང་གཏམ་ནི་ནང་སེམས་ཀྱི་དངོས་ཡོད་དུ་ངོས་འཛིན་པ་དང་།  ཁ་ཧྥུ་ཁ་ཡིས་སྒྲུང་གཏམ་ནི་ཚེ་སྲོག་གི་ཁེར་རྐྱང་དུ་ངོས་འཛིན་ཞིང་།  ཧའེ་མིང་ཝེ་ཡིས་སྒྲུང་གཏམ་ནི་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་ངོས་འཛིན་ལ།  ཕུའུ་ལུའུ་སི་ཐིས་སྒྲུང་གཏམ་ནི་གཏན་དུ་བཞུར་རྒྱུ་མེད་པའི་དུས་ཚོད་དུ་ངོས་འཛིན་པར་བཤད།  འོན་ཀྱང་རང་རེའི་རྩོམ་པ་པོ་ཁ་ཅིག་གིས་སྒྲུང་གཏམ་ནི་ཡི་གེའི་རོལ་རྩེད་ཅིག་ཏུ་ལྟ་བ་དང་།  རྩོམ་རིག་རང་ངོས་ཀྱི་སྤྱི་ཚོགས་བྱེད་ནུས་ལ་མཐོང་ཆེན་དེ་འདྲ་མི་བྱེད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་གྱུར་འདུག

ཕྱི་གླིང་གི་རྩོམ་པ་པོ་མང་བོས་སྒྲུང་གཏམ་ལ་ནང་དོན་ནས་རྣམ་པའི་བར་དུ་གཟབ་ནན་གྱི་རྣམ་འགྱུར་བཅངས་ཏེ་གསར་རྩོམ་གྱི་འགན་འཁྲི་ཕྲག་ཏུ་བཞེས་པ་ཡིན།   མ་ཨེར་ཁི་སིས“གནས་ལུགས་འཐུས་ཚང་ཞིག་མེད་ན།   མི་སྣ་རང་དགར་འཆི་རུ་མི་འཇུག”ཟེར་ལ།   རྟོག་པ་འོག་འགྱུའི་རྩོམ་པ་པོ་གྲགས་ཅན་ཝུའུ་ཨར་ཧྥུ་ཡིས་མི་ཚེ་གང་བོར་ཚིག་གཅིག་ཀྱང་བྲིས་ནས་བརླགས་མ་མྱོང་བར་གྲགས་ཤིང་།   གཞན་ཡང་ཧིན་ལིཀྲན་མུའུ་སི་ནི་སྐད་ཆའི་འབྱེད་རྟགས་སྤྱོད་པར་མཁས་པའི་རྩོམ་མཁན་ཆེན་མོར་འབོད་ཅིང་།•
       ཧའེ་མིང་ཝེ་ནི་བརྗོད་དོན་གྱི་ཚན་པ་དབྱེ་བར་བྱང་བའི་རྩོམ་མཁན་དུ་བགྲང་གིན་ཡོད།  འོན་ཀྱང་རང་རེའི་རྩོམ་པ་པོ་ཚོས་དེ་ལས་ལྡོག་སྟེ་སྒྲུང་གཏམ་ལ་རྩེད་མཚར་གནང་སྟེ།མི་སྣར་ཁྱད་གསོད་དང་གཏམ་རྒྱུད་ལ“རྫུན་བཟོ”ཚད་མེད་གཏོང་བ་དང་།ཚིག་སྦྱོར་ལ་དང་དོད་དང་བསམ་བློ་ལ་གཙིགས་ཆེན་མི་བྱེད་པའི་དབང་གིས།ཐ་ན་རྩོམ་རིག་རང་ངོས་ཀྱི་བྱེད་ནུས་ངོ་མ་དག་ཀྱང་འདོན་མ་ཐུབ་པར་འདུག  དེ་བས།  རང་རེ་ལ་ཆི་ཁོ་ཧྥུ་ལྟ་བུའི“ཕུལ་བྱུང་གི་སྒྲུང་གཏམ་པ”འབྱུང་ཐབས་མེད་པ་དང་།  རྒྱ་ནག་པ་ལིའུ་ཆིང་པང་ལྟ་བུའི“སྒྲུང་ཐུང་གི་རྒྱལ་པོ”ཡི་མཚན་སྙན་འདེགས་མཁན་འབྱུང་བར་དཀའ་ཞིང་།  ཀའོ་མོ་རོ་ལ་སོགས་པར་གསོལ་བའི“སྐད་ཆའི་མཁས་དབང”གི་གོ་གནས་དེ་ལྟ་བུ་རག་མཁན་ཡང་འཁྲུངས་དཀོན་པ་ནི།  སྒྲུང་གཏམ་དང་རྩོམ་པ་པོའི་བར་ཐག་ཧ་ཅང་རིང་དྲགས་པ་དང་།  རྩོམ་པ་པོས་རྩོམ་རིག་ནི“ཀུ་རེའི་ཡོ་བྱད”དུ་སྤྱོད་པ་ལས།  “རྩོམ་རིག་ནི་བསམ་པའི་འཇིག་རྟེན་ཧྲིལ་པོ”ཞིག་ཏུ་མཐོང་མ་ཐུབ་པའི་རྐྱེན་ལ་རག་ལས་སོ་སྙམ།

ཡིན་ནའང་རྩོམ་རིག་གི་གཟབ་ནན་རང་བཞིན་ནི་དུས་རབས་ཀྱི་འཕེལ་རྒྱས་དང་སྒོ་བསྟུན་དགོས་པ་དང་།  ཀློག་པ་པོའི་རོལ་མྱོང་གི་ནུས་པའི་འགྱུར་ལྡོག་གི་དགོས་མཁོ་ལའང་མཐུན་སྡེབ་གཏོང་དགོས་པ་ཡིན།  གལ་ཏེ་རྩོམ་པ་པོའི་བསམ་བློ་དང་སྒྱུ་རྩལ།  ལངས་ཕྱོགས་དང་ལྟ་བ་སོགས་ལ་ནམ་ཡང་འཕེལ་རྒྱས་མེད་ན།  རྩོམ་རིག་ལོ་རྒྱུས་ཀྱིས་དང་ལེན་འབྱུང་དཀའ་བ་ཡིན།  ཨ་ཀེན་ཐིན་གྱི་རྩོམ་མཁན་ཁོ་ཐ་སར་གྱིས་ཚེ་སྨད་དུ་རང་གི་གསར་རྩོམ་གྱི་ཆུ་ཚད“ཇེ་ཐུ་ནས་ཇེ་ཐུ”རུ་འགྲོ་བར་ཁས་འཆེ་མཛད་མྱོང་ལ།  རྒྱའི་རྩོམ་རིག་ལོ་རྒྱུས་སུའང་རྩོམ་རིག་དཔྱད་བརྗོད་པ་ཁ་ཅིག་གིས་ཅ་ཕིན་ཝ་ཡང་སྒྲུང་གཏམ་གསར་རྩོམ་གྱི་ཡི་གེའི་རོལ་རྩེད་ལ་གཞོལ་ཆེས་པས།  བརྩམས་ཆོས“སྤེལ་གྱིན་སྤེལ་གྱིན་ཇེ་ཐུ་ཡིན”པའི་སྡོམ་ཚིག་འཁོད་པ་མཐོང་རྒྱུ་ཡོད་པ་དང་།ཝང་ཙེང་ཆི་ཡིས་ཀྱང“ངས་ལོ་དྲུག་ཅུའི་སྟེང་བྲིས་པའི་སྒྲུང་གཏམ་ལ་བརྩེ་དུངས་ཀྱི་བྲོ་བས་ཕྱུག་ཅིང་ཅུང་ཟད་ལེགས་པོ་འཁྱོངས་ཡོད་མོད།  ལོ་བདུན་ཅུའི་རྗེས་སུ་བྲིས་ཀྱིན་བྲིས་ཀྱིན་དཀྱུས་མ་ཅན་དུ་སོང་འདུག”ཅེས་ཟེར་བའང་རྩོམ་རིག་གི་རྣམ་འགྱུར་གྱི་གནད་དོན་ལ་ཐུག་ཡོད་པར་འདོད།  འོན་ཀྱང་ཐེངས་འདིའི《རླུང》གི་རྩོམ་རིག་གི་རྣམ་འགྱུར་འདི་ཁོ་ན་ཙམ་གྱིས་རྩོམ་པ་པོ་བཀྲ་བྷ་ལགས་ཀྱི་ཕྱིས་ཀྱི་རྩོམ་རིག་གི་མདུན་ལྗོངས་དར་རྒུད་ལ་སྡོམ་ཚིག་དགོད་རུང་ངམ།   དེའི་དྲིས་ལན་ནི་རང་རེའི་ཀློག་པ་པོ་དག་གིས་འབྱུང་འགྱུར་གྱི་ལག་ལེན་ཁྲོད་ནས་རྙེད་དགོས་པ་ཞིག་རེད།

ངས《རླུང》ཞེས་པའི་སྒྲུང་གཏམ་འདི་བཀླགས་ཚར་དུས།    ཨུ་རུ་སུའི་རྩོམ་པ་པོ་ཆི་ཁི་ཧྥུ་ཡིས་ཨ་ཝེ་ལོ་བ་ཟེར་བ་ཞིག་ལ་འཕྲིན་ཡིག་ཅིག་བསྲིངས་པ་དེ་དྲན་བྱུང་།འཕྲིན་ཡིག་གི་ནང་དུ་ཁོང་གིས་ཀའོ་ཨར་ཅི་ནི“དངོས་གནས་བློ་རིག་བཀྲ་ཞིང་འཇོན་ཐང་ལྡན་པ་ཞིག་ཡིན་པར་འདུག”ནའང་།  གསར་རྩོམ་གནང་སྐབས“ཅུང་ཟད་ཁ་ལོ་མེད་པ་དང་འཛེམ་དོགས་མེད་པ”ཞིག་ཏུ་གྱུར་འདུག་ཟེར་བ་དང་།“……ཉེ་བའི་དུས་སུ་ཁོང་གིས་གང་འདོད་བྱུང་རྒྱལ་དུ་འབྲི་བཞིན་འདུག་སྟེ།  གང་འདོད་དུ་བྲིས་པ་དེས་གཞན་ལ་ཁོང་ཁྲོ་སློང་གིན་གདའ།དེ་བས་ངས་མི་འགྱང་བར་ཁོང་གི་བརྩམས་ཆོས་ལ་བལྟ་རྩིས་མེད”ཅེས་བརྗོད་ཡོད་ལ།དེར་མ་ཟད་ཁོང་གིས་ད་དུང་ཀའོ་ཨར་ཅི་ལ་ཐད་ཀར་ཡི་གེ་སྤྲིངས་ཏེ།  ཁོང་གི་བརྩམས་ཆོས་ཀྱི་ཞན་ཆ་མང་བོ་གླེང་སྟེ་དྲང་བདེན་གྱི་སྐད་ཆ་སྣ་ཚོགས་བཤད་ཡོད་པ་རེད།  འོན་ཀྱང་།  ང་ཚོས་ཆི་ཁི་ཧྥུ་ཡི་འཕྲིན་ཡིག་གི་ཤུགས་ནས་ཁོང་གིས་ཀའོ་ཨར་ཅི་ལ་རེ་ལྟོས་དང་གདེང་འཇོག་ག་འདྲ་ཞིག་གནང་གིན་ཡོད་པ་ཤེས་ཐུབ་ལ།  དེ་བཞིན་དུ་རྩོམ་རིག་ལ་འཇོན་ཐང་ལྡན་པའི་རྩོམ་པ་པོ་བཀྲ་བྷ་ལགས་ཀྱི་ཀློག་པ་པོ་ཚང་མས་ཀྱང་།  ཁོང་གི་རྩོམ་རིག་གི“རླུང”དེ་ཕྱིས་སུ་ཁ་ཕྱོགས་དང་ཆོས་ཉིད་མེད་པའི་སྒོ་ནས་གང་སར་མི་གཡུག་པར།  རང་རེའི་རྩོམ་རིག་གི་དར་ཆ་དགུང་དུ་སྐྱོད་པའི་བྱེད་རྐྱེན་དུ་འགྱུར་བར་རེ་བ་སྙིང་ནས་འཆའ་བཞིན་ཡོད་དོ།།

ཟུར་ལྟའི་དཔྱད་གཞི།

[1]《阅读与写作》,1985年7月原子能出版社出版。P28。

[2]谢有顺,《成为小说家》,2018年1月,北岳文艺出版社出版。  P32。

[3] 【美】伊丽莎白·斯塔—弗伦奇,《小说写作》,2017年11月,中国人民大学出版社出版。  P53。

[4]【美】利昂·塞米利安,《现代小说美学》,宋协立译,1987年4月陕西人民出版社出版。  P233 。

[5] [12] བཀྲ་བྷས་བསྒྲིགས།《གསར་རྩོམ་ཉམས་མྱོང་གླེང་བ》2013ལོའི་ཟླ7པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།P30,P39。

[6] [11]汪曾祺,《人活着,就得有点兴致》,2017年8月江苏凤凰文艺出版社出版。P147,  P42。

[7]孙绍振,《审美阅读十五讲》,2013年8月北京大学出版社出版。P112。

[8]《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ》(ཅ་པ) 2003ལོའི་ཟླ5པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།P410 。

[9] [15]吕玉铭,《小说创作修辞论》,2016年4月吉林出版集团股份有限公司出版。  P163,  P111。

[10]《阅读与写作》,1985年7月原子能出版社出版。P152。

[13]谢有顺,《小说评论》,2007年第3期,P16。

[14]刘庆邦,《短篇小说选》,2012年1月作家出版社出版。P227。

[16]唐小林,《孤独的“呐喊”》,2017年10月作家出版社出版。P226。

[17]何启治,《永远的〈白鹿原〉》,2018年7月人民文学出版社出版。P51。

[18][苏联]谢·安东诺夫著,白春仁等译,《短篇小说写作技巧》,1985年8月重庆出版社出版。  P44。

[19]李建军,《文学的态度》,2011年5月作家出版社出版。  P6


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1