༄༅།། བཙན་པོའི་རྒྱལ་རབས་དུས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་སྐོར་གླེང་བ།

སྐལ་བཟང་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 11-06



སྐལ་བཟང་ཚེ་རིང་།
[ནང་དོན་གནད་བསྡུས།]རྩོམ་འདིར་ཏུན་ཧོང་དང་ལི་ཡུལ་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་གཙོར་བྱས་ཏེ་བཙན་པོའི་རྒྱལ་རབས་དུས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་མིང་དང་། དེ་རེ་རེའི་ནང་དོན། གཞལ་བ། ཚད་གཞི་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད། 
[བརྡ་ཆད་གཙོ་བོ།། བོད་བཙན་པོ། འཇལ་གཤོར་གདེགས་གསུམ།  ནང་དོན། ཚད་གཞི།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)03 -027 -10
              དེ་ཡང་འཇལ་གཤོར་འདེགས་གསུམ་ཞེས་པ་ནི་འཇའ་བྱེད་རྩིས་ཀྱི་ཚད་སྤྱིར་གོ་བ་དང་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ནི་མིའི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་། ལས་བགོས་སྔར་ལས་སྣེ་མང་དུ་ཕྱིན་པ། དངོས་པོའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་ཆབས་ཅིག་དངོས་པོའི་ཆེ་ཆུང་དང་མང་ཉུང་། ལྕི་ཡང་། རིན་ཐང་སོགས་ཀྱི་ཚད་འཇལ་བྱེད་དང་ཚད་འཛིན་ས་ཞིག་ངེས་པར་དགོས་པའི་གནས་ཚུལ་འོག་བྱུང་བ་དང་། རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་གྱུར་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ལས་ཚད་འཇལ་ཐབས་ཀྱི་ཐོག་མའི་དུས་ཏེ། དངོས་པོ་དང་དངོས་པོ་ཕན་ཚུན་བརྗེ་བའི་སྐབས་ཐོག་མར་མང་ཉུང་དང་ཆེ་ཆུང་གིས་ཚད་འཇལ་བ་དང་། དེ་ནས་ཀྱང་སྲིད་ན་ཅུང་དཀོན་པའི་དངོས་པོ་ཞིག་ཚད་གཞིར་བཟུང་ནས་རིན་ཐང་གི་ཚད་འཇལ་བ། དེ་ནས་ཅུང་འཐུས་སྒོ་ཚང་བའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་དམངས་ཁྲོད་དུ་གོམས་སྲོལ་ལྟ་བུར་ཆགས་པའམ་སྲིད་གཞུང་གིས་གཏན་ལ་ཕབ་པ་གང་རུང་གིས་མཐར་ཀུན་གྱིས་དང་ལེན་བྱེད་པའི་ཚད་ལྡན་ཅན་གྱི་འཇལ་བྱེད་ཚད་གཞི་བྱུང་བ་ལྟར། བོད་ཀྱི་ལོ་རྒྱུས་ལས་འཇལ་གཤོར་འདེགས་གསུམ་གྱི་ཚད་འཇལ་ཐབས་ཀྱང་གོང་གི་ལོ་རྒྱུས་འཕེལ་རིམ་དེ་ལས་མ་འདས་ཤིང་། བོད་ཀྱི་ལོ་རྒྱུས་སྟེང་དུ་དངོས་པོ་བརྗེ་རེས་བྱེད་པའི་སྲོལ་ཡང་ལོ་ངོ་སྟོང་ཕྲག་གསུམ་གྱི་ཡར་སྔོན་ནས་བྱུང་ཡོད་པ་ཆུ་གོང་གནའ་ཤུལ་དང་ཁ་རུབ་གནའ་ཤུལ་ནས་བཙལ་རྙེད་བྱུང་བའི་དངོས་པོ་ལས་རྟོགས་ཐུབ་སྟེ། དཔེར་ན་ཆུ་གོང་གནའ་ཤུལ་ནས་རྙེད་པའི་ཟངས་ངོས་ལྕགས་ཡུའི་མེ་ལོང་ལྟ་བུར་མཚོན་ན། དེ་ནི་ཞིབ་འཇུག་པ་ལ་ལས་གསུངས་བ་ལྟར་ས་ཆ་གཞན་ནས་ཁྱེར་ཡོང་བ་ཡིན་①ན། དེའི་སྐབས་སུ་དངོས་པོ་བརྗེ་རེས་ཡོད་པ་གསལ་བཤད་བྱ་ཐུབ་ལ། ས་དེ་རང་དུ་བཟོས་པ་ཞིག་ཡིན་ནའང་དེ་ལ་དགོས་རྒྱུའི་རྒྱུ་ཆ་དཔེར་ན་ཟངས་ལྕགས་ལྟ་བུ་འཚོལ་བསྡུ་དང་། བཞུ་བ། སྦྱོང་བ། བཟོ་བ་སོགས་ལས་སྣེ་གང་མང་ཞིག་ཡོད་པ་དེ་དག་མི་གཅིག་གམ་རེ་གཉིས་ནས་བསྒྲུབ་ཐུབ་པ་ཞིག་མིན་སྟབས། དངོས་པོ་བརྗེ་རེས་བྱས་ནས་དེ་བཟོ་བའི་དགོས་བྱ་གང་དག་འཛོམས་པར་བྱ་དགོས་པ་ནི་གདོན་མི་ཟའོ།  ཁ་རུབ་གནའ་ཤུལ་ལས་སྐབས་དེའི་མིའི་རིགས་ཀྱི་སྡོད་གནས་གཏན་ཆགས་ཟིན་པ་མངོན་གསལ་གྱིས་མཐོང་ཐུབ་པ་ལས། མིའི་རིགས་གཏན་སྡོད་བྱས་ཚར་ན་འཚོ་བའི་ཉེར་མཁོ་ཁ་ཤས་བརྗེ་རེས་ཀྱིས་ལག་སོན་ཐུབ་པ་བྱེད་དགོས་པ་ནི་མི་རིགས་གཞན་གྱི་ལོ་རྒྱུས་ལས་ཤེས་ཐུབ་པ་ཇི་བཞིན་བོད་ཀྱི་ཡབ་མེས་རྣམས་ཀྱི་ཚུལ་ཡང་དེ་ལས་མ་འདས་ན། དངོས་པོ་བརྗེ་རེས་ཡོད་པའི་དུས་སྐབས་ནས་བཟུང་འཇལ་བྱེད་ཚད་ཅིག་བྱུང་ཡོད་པ་ནི་སྨྲོས་མི་དགོས་སོ།   
              བོད་ཀྱི་ཡིག་ཚགས་ལས་བྱུང་བའི་འཇལ་གཤོར་འདེགས་གསུམ་ལས་དོར་དང་ཐུལ་ཞེས་པ་སྟེ། ཞིང་ལས་དང་འབྲོག་ལས་ཀྱི་ཚད་འཇལ་ཐབས་དེ་ནི་སྤུ་རྒྱལ་གདུང་རབས་དགུ་པའམ་སའི་ལེགས་དྲུག་གི་ཐོག་མ་ཐོ་ལེགས་བཙན་པོའི་དུས་ཀྱི་བློན་ལྷ་བུ་མགོ་དཀར་གྱིས་གསར་དུ་བཏོད་པར་བཤད་དེ།“དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིག །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དམ །”②ཞེས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ནས་ཞིང་འབྲོག་གི་ཚད་འཇལ་རྩི་ཐབས་དེ་གཉིས་བྱུང་བར་བཤད་པ་ལྟ་བུའོ། དེ་ནས་ལོ་བརྒྱད་བརྒྱ་ལྷག་ཕྱིན་པའི་སྟག་རི་གཉན་གཟིགས་ཀྱི་དུས་སུ་སྤུ་རྒྱལ་དུ་བྲེ་དང་ཕུལ། སྲང་བྱུང་ཚུལ་ལོ་རྒྱུས་དེབ་ཐེར་དུ།  “འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། ། དགའ་གཉིས་ཚོང་བས་མཐུན་གཉིས་ལ་ལུང་སྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །”③ཅེས་གསལ་བ་ལྟར སྤྱི་ལོའི་དུས་རབས་དྲུག་པ་ཙམ་ལ་སྤུ་རྒྱལ་གྱི་མངའ་ཁོངས་ཡར་ཀླུང་ཁུལ་དུ་གཅིག་གྱུར་ཚད་ལྡན་གྱི་བྲེ་དང་སྲང་སོགས་ཚད་འཇལ་བྱེད་ཀྱི་ཚད་གཞི་བྱུང་བ་དང་། ཚོང་ལས་ཀྱང་དེ་དུས་ཤུགས་ཆེ་དར་བ་ཤེས་ཐུབ་བོ། མིའི་རིགས་ཀྱི་ཤེས་བྱ་གང་ཡིན་ཡང་ལོ་རྒྱུས་ཀྱི་ལོ་ཟླའི་ནང་རིམ་གྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལྟར་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ཡང་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་རིམ་གྱིས་ཞིབ་ཕྲ་དང་ཚད་ལྡན། ཚགས་དམ་དུ་གྱུར་བ་ནི་ཆོས་ཉིད་ཡིན། བོད་ཀྱི་ལོ་རྒྱུས་དེ་ཡང་གཅིག་གྱུར་གྱི་བཙན་པོའི་རྒྱལ་རབས་སུ་སླེབས་པ་ན་དཔལ་འབྱོར་དང་སྤྱི་ཚོགས་གང་ཐད་ནས་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཡོད་པས། འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ཡང་ས་གནས་སོ་སོ་དང་ལས་སྒོ་སོ་སོར་རིགས་འདྲ་མིན་གང་མང་ཞིག་བྱུང་ཡོད་པ་དེ་དག་བཙན་པོ་སྲོང་བཙན་ནས་གཅིག་གྱུར་བཟོ་ཚུལ་ཏུན་ཧོང་ཡིག་རྙིང་དུ།  “བོད་ན་སྔ་ན་ཡི་གེ་མྱེད་པ་ཡང། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེན་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པའི་བ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ་”ཞེས་པ་ལས་བཙན་པོ་སྲོང་བཙན་གྱི་སྐུ་རིང་ལ་བོད་ཁམས་ཡོངས་ལ་འཇལ་གཤོར་འདེགས་གསུམ་གཅིག་གྱུར་བཟོས་པ་མངོན་ཐུབ་ལ། དེ་ནས་ཁྲི་རལ་པ་ཅན་གྱི་དུས་སུ་ཐ་ན་བྲེ་དང་། སྲང་དང་། ཞོ་ལ་སོགས་པའི་བོད་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་དེ་རྒྱ་དཀར་པོ་མ་ལྷ་རྙ་དང་བསྟུན་ནས་འོན་ཅང་རྡོ་དང་སྐྱིད་ཤོད་ཀྱི་ཤོ་མ་རར་གཏན་ལ་ཕབ་ཅེས་གསལ་བ་དེ་ནི་དེ་དུས་རྒྱ་གར་དང་བོད་གཉིས་དབར་ཆོས་ཕྱོགས་ཀྱི་མི་སྣ་འགྲོ་འོང་སོགས་ཀྱི་འབྲེལ་ལམ་དམ་པས་ཕན་ཚུན་སྟབས་བདེ་ཡོང་ཆེད་དུ་ཡིན་པ་④དེ་ལྟར་ཡིན་སྲིད་མོད། དོན་དུ་དེ་ནི་བོད་དང་མ་ལྷ་རྙའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་དབར་བསྡུར་ཚད་གཏན་ལ་ཕབ་པ་དང་། བོད་རང་ལ་མེད་པའི་ཚད་འཇལ་ཐབས་ཁ་ཤས་མ་ལྷ་རྙའི་སྲོལ་ལ་དཔེ་བྱས་པ་ཡིན་པ་ལས་བོད་ཀྱིས་མ་ལྷ་རྙའི་ལུགས་ཀྱི་འཇལ་གཤོར་འདེགས་གསུམ་ཚད་གཞིར་བཟུང་བ་ནི་མ་ཡིན་ནོ།   
              གཤམ་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་དང་ལྷག་པར་དུ་ཏུན་ཧོང་དང་ལི་ཡུལ་སོགས་ནས་ཐོན་པའི་གནའ་ཡིག་ལ་གཞི་བཅོལ་ཏེ་བོད་བཙན་པོའི་རྒྱལ་རབས་དུས་སུ་སྤྱོད་པའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་སྐོར་གླེང་ན་འདི་ལྟར་ཏེ།   
              དོར་དང་ལྷུ། དོར་དང་ལྷུ་ནི་ཞིང་སའི་རྒྱ་ཁྱོན་གྱི་ཚད་འཇལ་བྱེད་ཀྱི་ཚད་གཞི་ཞིག་ཡིན་ལ། དོར་ནི་ད་ལྟའི་བོད་ཀྱི་ཞིང་ཁུལ་དུ་སྤྱོད་བཞིན་པའི་དོར་དང་དོན་གཅིག་སྟེ། རྨོན་ཕྱུགས་གཉིས་མཉམ་སྦྲེལ་ལ་དོར་གཅིག་ཅེས་འབོད་ལ། རྨོན་ཕྱུགས་དོར་གཅིག་གིས་ཉིན་གང་ལ་རྨོས་པའི་ཞིང་སའི་རྒྱ་ཁྱོན་ལའང་དོར་གཅིག་ཟེར།  བོད་བཙན་པོའི་དུས་དོར་ནི་ས་ཞིང་གི་རྒྱ་ཁྱོན་འཇལ་བྱེད་ཀྱི་ཚད་གཞི་གཙོ་བོ་ཡིན་པ་དང་། དོར་དང་མུའུ་དབར་གྱི་འབྲེལ་བ་ཇི་ལྟར་ཡིན་མིན་སྐོར་ལ་ལོ་རྒྱུས་སྨྲ་བ་ཅང་པའོ་ཆིན་⑤གྱིས་སྒྲུབ་བྱེད་ཁ་གསལ་བཀོད་ཡོད་ལ། བོད་རིག་པའི་མཁས་པ་ལྦང་ཡོ་དང་ཁྲིན་ཅན་ནས་ཀྱང་ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་གི་ཡིག་ཆ་S9156པ་《ཤ་ཅུའི་དུད་གྲངས་དང་ཞིང་མུའུ་ཐོ་དེབ་》(《沙州诸户口数地亩簿》)ཟེར་བ་དཔྱད་གཞིར་བཟུང་ནས་དོར་གཅིག་ལ་མུའུ་བཅུ་ཡིན་པར་བསྒྲུབས་ཡོད།⑥ ཏུན་ཧོང་དང་ལི་ཡུལ་སོགས་ནས་ཪྙེད་པའི་བོད་ཀྱི་གནའ་ཡིག་ནང་དུ་དོར་གྱི་སྐོར་མང་པོ་འཁོད་ཡོད་པ་དཔེར་ན། “......སློན་བན་མྱྀ་གཉིས་གིས་ནོད་པའ། ཞིང་ལག་དོར་གཅིག ཐོང་ཁྱབ་ཀྱི་་་་་་་ཞིང་གཅིག་གི་རབ། གཡས་སུ་རུ་དཔོན་གྱི་ཞིང་དོར་གཅིག མོན་ལྟོག་་་་་་་ཞིང་དོར་གཅིག་རུ་རྨ་སྟག་གྀ ཞིང་དོར་གཅིག་ཤིབ། རུ་དཔོན་གྱི་ཕ་རོལ་གྱི་ཞིང་དོར་གཅིག་ཡང་ནོད། སླུངས་ཀྱི་ཞོང་ལས་དོར་གཅིག་ཡི་ཤེས་མཆོག”⑦ཅེས་པ་སོགས་བཙན་པོའི་དུས་སུ་ནུབ་རྒྱུད་ནོབ་ཆུང་ས་ཆའི་སློན་དང་བན་མི་གཉིས་ལ་ཞིང་བགོས་དོར་གྲངས་ག་ཚོད་ཡོད་ཚུལ་བཀོད་ཡོད་པ་འདི་ལྟ་བུ་མང་པོ་ཡོད་པ་ལྟར། དེ་དུས་ནུབ་རྒྱུད་ནི་བོད་བཙན་པོའི་མངའ་འོག་ཏུ་ཡོད་པས། ཞིང་གི་རྒྱ་ཁྱོན་འཇལ་སྐབས་དོར་གྱི་བརྩི་སྲོལ་ཡོད་པ་བོད་དབུས་དང་ཁྱད་པར་མེད་པ་གསལ་པོར་རྟོགས་ཐུབ།      
              ཡང་ཏུན་ཧོང་ཡིག་རྙིངp.t1078སྟོང་སར་གྱི་སྡེའི་ཚལ་ཞིང་སྐོར་གྱོད་དོན་གྱི་གཏུག་བཤེར་ཡི་གེ་ཞེས་པ་ལས།“......ཞིང་ཡིག་ཀྱང་གཏུགས། དོར་ཐག་གིས་ཀྱང་བཏབ་པ་ལས། བདག་གི་ཞིང་ནི་དོར་གསུམ་་་་་་་ནི་དོར་ཕྱེད་དང་བརྒྱད་ལྷག་པར་བྱུང་སྟེ། འྭང་རྒོད་ཀོང་གི་ཞིང་ལྷག་ལས་དོར་གསུམ་དང་ལྷུ་བདུན།་་་...ཡུར་བ་ཀེ་ཧྭ་གུར། འྭང་བེང་འདོའི་ཞིང་ལས་དོར་ཅིག་དང་ལྷུ་གཉིས་ནོད་པར་འབྱུང་”ཞེས་དོར་གྱི་ཚད་གཞི་ཕུད། ད་དུང་ལྷུ་རྩིས་ཞེས་ཞིང་ཁའི་སོན་འགྲོ་རྩི་སྟངས་ཞིག་(3)ཀྱང་བྱུང་ཡོད་པ་རྟོགས་ཐུབ། གོང་ལས་ལྷུའི་ཚད་ནི་དོར་ལས་ཆུང་བ་གསལ་ཞིང། ད་ཡོད་ཀྱི་ཡིག་ཆ་ལ་དཔྱད་ན། ལྷུ་བཅུ་ལ་དོར་གཅིག་མིན་ནམ་སྙམ་པ་ལས་ལྷུ་གཅིག་གི་ཚད་ཅི་ལྟ་བུ་ཡོད་ཚུལ་བཤད་དཀའ་བར་སྣང་། ཡང་ལི་ཡུལ་ཁྲམ་ཡིག་གི་ནང་དུ་“གླང་ཤ་ལྷུ་གཅིག་ཟོས་པའི་མྱི་”ཞེས་བྱུང་བའི་ལྷུ་ནི་ད་ལྟའང་བེད་སྤྱོད་གཏོང་བཞིན་ཡོད། མཁས་པ་ལྡེའུའི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ཡི་ནང་ཁྲི་སྲོང་བཙན་གྱི་མཛད་རྗེས་བརྗོད་སྐབས། “འབྲོག་ཐུལ་གྱིས་བགོས། ཞིང་ཐེ་གུས་བཅལ་”ཞེས་ཐེ་གུ་ཞེས་པ་ཞིང་གི་རྒྱ་ཁྱོན་འཇལ་བྱེད་ཅིག་ཡོད་པ་ཡིག་ནོར་མིན་ན་ཐི་གུ་སྟེ། ཐག་པ་ཕྲ་མོས་འཇལ་བའི་དོན་ལ་གོ་བ་མིན་ནམ་སྙམ་མོ།   
              ཐུལ། ཡིག་རྙིང་གི་ནང་དུ་ཐུལ་ཞེས་རྩི་ཐབས་གཉིས་བྱུང་བའི་གཅིག་ནི་འབྲོག་པའི་ཕྱུགས་གྲངས་རྩི་ལེན་གྱི་ཚད་གཞི་ཡིན་པ་“འབྲོག་ལ་ཐུལ་རྩིས་”ཞེས་པ་དང་། གཅིག་ནི་ཆང་བླུག་སའི་སྣོད་ཆས་ཤིག་ཡིན།  ཐུལ་ཞེས་པའི་ཕྱུགས་གྲངས་རྩི་ཐབས་དེ་ནི། “ཞིང་ལ་དོར་དང་འབྲོག་ལ་ཐུལ་”ཞེས་ཆོས་འབྱུང་དེབ་ཐེར་ཁག་ནང་བཙན་པོ་ཐོ་ལེགས་ཀྱི་དུས་སུ་བྱུང་བར་བཤད་པ་དེ་ཙམ་ལས། ཏུན་ཧོང་དང་ནུབ་རྒྱུད་ཡིག་རྙིང་ངམ་རྡོ་རིང་ཡི་གེ་གང་ལས་ཀྱང་མ་བྱུང་། དེ་ལ་དུང་དཀར་རིན་པོ་ཆེས། “ཁོ་བོས་རྨོངས་ཚོད་ཀྱིས་དཔྱད་སྐབས་འདི་འདྲ་ཞིག་མིན་ནམ་སྙམ་སྟེ། འབྲོག་ཁུལ་དུ་བརྩི་བའི་ཐུལ་ཀ་ཟེར་བ་ནི། དེང་སང་འབྲོག་ཁུལ་འགའ་ཞིག་ཏུ་ལུག་གི་པགས་པ་དྲུག་གམ་བདུན་དང་ཕྱེད་ཀ་ཡས་མས་ལ་ཐུལ་གཅིག་སྟེ་པགས་ཚགས་གོས་ལྡང་གཅིག་ཟེར་ཞིང་། དེའི་ཚད་དང་མཉམ་པའི་ནོར་ཕྱུགས་ཀྱི་པགས་པར་ཐུལ་གཅིག་ཟེར་བ་དང་། ཚད་དེ་གཞིར་བཟུང་ནས་བཟོས་པའི་ཕྱུ་པ་གཅིག་ལ་ཐུལ་ཀ་གཅིག་ཟེར་བ་དེ་རང་ཡིན་སྲིད་དེ། སེམས་ཅན་ནོར་ཕྱུགས་ཆེ་ཆུང་གི་ཐོན་འབབ་གྲངས་ཀ་བརྩིས་པའི་ཚེ་ནོར་ཕྱུགས་སོ་སོའི་པགས་པ་ཆ་ཚང་བ་རེའི་ཚད་གཞི་བཟུང་ནས་བརྩི་བ་མ་གཏོགས། རྭ་དང་། རྨིག་པ། ཤ་སོགས་ཚད་གཞིར་བཟུང་ནས་བརྩིས་ན་གདེང་ཚོད་ཡོད་པའི་ཚད་གཞི་ཞིག་ཡོང་མི་ཐུབ་པའི་དབང་གིས་པགས་པ་ཆ་ཚང་བ་གྲངས་ཇི་ཙམ་གྱིས་གོས་གཅིག་ལྡང་བ་དེ་ལ་ཐུལ་གཅིག་ཟེར། ཚད་གཞི་དེ་དངོས་པོ་བརྗེ་ཚོང་གི་སྐབས་རིན་ཐང་གི་ཚད་གཞི་དང་། དཔྱ་ཁྲལ་གྱི་སྐབས་སུ་ནོར་ཕྱུགས་སོ་སོའི་ཐོན་འབབ་ཀྱི་ཚད་གཞིར་བཟུང་བ་མིན་ནམ་སྙམ་”⑨ཞེས་གསུངས་པ་དང་། གཞན་ཐུལ་ནི་སློག་པ་གཅིག་འདང་བའི་ལུག་ལྤགས་ཀྱི་ཚད་དང་། ཐུལ་པ་ཞེས་ནང་དུ་སྤུ་ཡོད་པའི་པགས་པའི་ཟླ་གམ་ལ་ཟེར་བ། ར་ཐུལ་དང་ལུག་ཐུལ་ལྟ་བུ་གོན་པའི་མིང་ཡིན་པ་⑩སོགས་ད་ལྟའི་བར་ཟེར་སྲོལ་ཡོད་པ་ཡིན་མོད། འོན་ཀྱང་“འབྲོག་ལ་ཐུལ་རྩིས་”ཞེས་པའི་ཐུལ་ནི་པགས་པའི་ཟླ་གམ་དང་ཡང་ན་ཐུལ་བ་དང་དོན་གཅིག་པ་ཡིན་པར་སྒྲུབ་བྱེད་ཁུངས་བཙན་པ་ཞིག་ཡིག་རྙིང་གང་ལས་ཀྱང་རྙེད་དཀའ་ལ། ད་ལྟའི་བོད་ཀྱི་འབྲོག་པའི་ཕྱུགས་གྲངས་རྩིས་ལེན་ཐབས་ཀྱི་སྲོལ་ལ་ཡང་དེ་བཞིན་གྱི་རྩི་ཐབས་ཧ་ཅང་ཉུང་བས་དེ་ལ་ཡིད་རྟོན་ཐུབ་པའི་རྒྱུ་མཚན་མི་འདུག་སྙམ། དེས་ན་ཐུལ་གྱི་ཚད་ཅི་ལྟ་བུ་ཞིག་ཡོད་མེད་ཡིག་ཚགས་ལས་སྒྲུབ་བྱེད་འགོད་དཀའ་བ་མངོན་སུམ་དུ་འདུག་པས། བོད་ཀྱི་འབྲོག་པའི་ཕྱུགས་ངོས་འཛིན་ཐབས་དང་གྲངས་བརྩི་ལེན་གྱི་སྲོལ་ད་ལྟའི་བར་མ་ཉམས་པར་ཡོད་པ་དེ་ལས་རིག་པས་ཕུ་འདེད་བྱས་ན་དེའི་སྐོར་ལ་གནས་ལུགས་དང་མཐུན་ལ་དོན་དང་འཚམ་པའི་གསལ་བཤད་ཅིག་བྱེད་ཐུབ་སྙམ། དེ་ཡང་འབྲོག་པའི་ཕྱུགས་ངོས་འཛིན་ཐབས་དང་གྲངས་ལེན་ཐབས་ལ་ད་ལྟའི་དུས་ནའང་ནོར་གནག་ལོ་གཅིག་ཅན་ལ་བེའུ་དང་། ལོ་གཉིས་ལ་ཡ་རུའམ་ཡར་མོ། ལོ་གསུམ་ལ་ཐུལ་མ། ལོ་བཞི་ལ་ཁ་གང་། ལོ་ལྔ་ལ་སྣ་མ་སོགས་བརྗོད་སྲོལ་ཡོད་པ་དང་། ལུག་ལ་མཚོན་ན་ལོ་བཞི་ལྔའི་དུས་ལ་ཐུལ་བ། རྟ་ལའང་ལོ་གཅིག་ལ་རྟེའུ། ལོ་གཉིས་ཅན་གྱི་ཕོ་ལ་ཐུལ་རི་དང་མོ་ལ་ཐུལ་མོ་ཞེས་འབོད་སྲོལ་ཡོད་པ་བཅས་མདོར་ན་ནོར་གནག་ལོ་གསུམ་དང་རྟེའུ་ལོ་གཉིས་ལ་སླེབས་དུས་འདུལ་བའི་དུས་ལ་བབ་པ་དང་། ནོར་གནག་ལོ་གསུམ་ཡན་ནས་འབྲི་དང་གཡག་གི་ཁོངས་སུ་བསྡུ་བ། རྟེའུ་ལོ་གཉིས་ཡན་ནས་རྟ་དང་རྒོད་མ་ཞེས་འབོད་སྲོལ་ཡོད་པ་དེ་ལྟར། ཐུལ་ནི་ཕྱུགས་ངོས་འཛིན་ཐབས་དང་གྲངས་ལེན་ཐབས་ལས་གཞི་གྲངས་(基数)ལྟ་བུར་གྱུར་ཡོད་པ་དང་། འབྲོག་པ་ཉམས་མྱོང་ཅན་ཞིག་ལ་མཚོན་ན་དུད་ཁྱིམ་ཞིག་གི་ཐུལ་གྲངས་ལས་ཁྱིམ་ཚང་དེར་རྟ་ནོར་བསྡོམས་ག་ཚོད་ཡོད་པ་ཚོད་དཔག་རགས་ཙམ་བྱེད་ཐུབ་པ་ད་ལྟའི་འབྲོག་པ་རྒན་པོ་ཆོའི་ཉམས་མྱོང་ལས་ཀྱང་ཤེས་ཐུབ་པ་དེ་ལྟར་རོ།   
              ཡང་ཐུལ་ཞེས་ཆང་གི་མང་ཉུང་འཇལ་བྱེད་ཅིག་ཡིན་པ་དེ་ལ་ཁྲམ་ཤིང་ཕྱོགས་བསྡུས་ནང་གི་ཁྲམ་ཨང་༤༡༨པར།“ཐུགས་གྲལ་རྣམ་གཉིས་ལ་བོན་པོ་བདུན་དང་། བོན་རྗེ་གཉིས་དང་ X   Xདགུ་ཐང་བཉམ་སྟེ། ལྕམ་སྐྱོ་ལ་ཐུགས་ཀྱི་བར་དུ། གདུག་གཆིག X   X ལ་མྱི་ཆིག་ཀྱང་དྲུག(དགུ་)(ཐུལ་)གྱི་རབ་ལས་སྐྱོགས་ཡམས་བཅུ་ X   X བཅུ་སྩལད་པའི་སྡོམ། སྐྱེམས་ཐུལ་གསུམ་”ཞེས་བྱུང་བས། འདིའི་སྐབས་སུ་ཐུལ་ནི་“ཆང་རབ་སྐྱོགས་སུམ་ཅུ་ཐམ་པ་ལ་ཐུལ་གཅིགཕལ་ཆེར་ཁལ་ཕྱེད་ཀའི་ཚོད་ཙམ་”⑾ཞེས་འགྲེལ་ཡོད་པ་དེའང་ཁྲམ་ཡིག་ནང་དུ་བོན་དགུ་ལ་སྐྱོགས་ཡམ་བཅུ་བཅུ་བསྡོམས་དགུ་བཅུ་ལ་ཐུལ་གསུམ་ཞེས་བཤད་པ་ལས་བྱུང་བ་ཞིག་ཡིན། དབྱིན་ཇིའི་ཐའོ་མ་སིས་( F.  W.  Thomas)ཁྲམ་ཡིག་འདིའི་འགྱུར་ཡིག་ནང་དུ་ཐུལ་ཞེས་པ་ཆང་བླུག་སའི་ཀོ་སྣོད་⑿ཅེས་ངོས་བཟུང་ཡོད་ཀྱང་རྒྱུ་མཚན་གང་ལ་བརྟེན་སྐོར་གླེང་མེད།   
              བྲེ་དང་ཕུལ། གོང་དུ་གླེང་བ་ལྟར། སྤུ་རྒྱལ་ཉེར་བདུན་པའི་དུས་སུ་བྲེ་དང་ཕུལ་གྱི་ཚད་གཞི་བྱུང་བ་དང་། བྲེ་ཞེས་པ་ད་ལྟའང་བོད་ཁུལ་དུ་སྤྱོད་བཞིན་པའི་ཤིང་བྲེ་ལྟ་བུའི་སྣོད་ཤོང་ཚད་དམ་མང་ཉུང་གི་ཚད་འཇལ་བྱེད་ཅིག་ཡིན་ལ། ཕུལ་ཞེས་པ་ལག་པའི་ཡ་ཁྱོར་ལ་ཟེར་བ་དོན་གྱིས་གོ་བ་དེ་ལྟར་བཞིན་ནོ། དེས་ན་ཡིག་རྙིང་ལས་བྲེ་གང་གི་མང་ཉུང་དང་ལྗིད་ཚད་ཅི་ལྟ་བུ་ཡིན་པ་བཤད་དཀའ་མོད། ས་སྐྱའི་དབང་སྒྱུར་དུས་སུ་བོད་ཡོངས་སུ་བཙན་པོ་ཁྲི་རལ་དུས་གཏན་ལ་ཕབ་པའི་འཇལ་གཤོར་འདེགས་གསུམ་མུ་མཐུད་ནས་ལག་བསྟར་བྱས་ཡོད་ཅེས་དུང་དཀར་རིན་པོ་ཆེས་གསུངས་པ་དང་། དེ་དུས་ཀྱི་བྲེ་གང་གི་ཚད་ནི། འབྲུ་རིགས་ཕུལ་དྲུག་ལ་བྲེ་གང་དུ་བརྩི་བའི་དྲུག་ཕུལ་མ་དང་། ཕུལ་བདུན་ལ་བྲེ་གང་དུ་བརྩི་བའི་བདུན་ཕུལ་མ་ཞེས་རྩི་སྲོལ་གཉིས་ཡོད་པར་བཤད་ལ། ནས་འབྲུ་སྐམ་པོ་ཆེ་བ་གཉིས་དང་། འབྲིང་བ་གཉིས། ཆུང་བ་གཉིས་བཅས་དྲུག་ཤོང་བའི་ཁམ་ཚིག་གང་ལ་ཁམ་ཕུལ་གང་། ཁམ་ཕུལ་དྲུག་ལ་སྟར་ཁའི་ཕྱི་ལྤགས་ཕྱེད་བཅད་མ་གང་སྟེ་སྟར་ཕུལ་གང། སྟར་ཕུལ་དྲུག་སྟེ་ཁྱིམ་བའི་སྒོང་ལྤགས་ཕྱེད་བཅད་མ་གང་གི་ཤོང་ཚད་ལ་སྒོང་ཕུལ་གང། སྒོང་ཕུལ་དྲུག་སྟེ་ལག་པ་ཡ་གཅིག་གི་ཁྱོར་བའི་ནང་དུ་ཤོང་ཚད་ལ་ཡ་ཁྱོར་གང་ངམ་མཁར་ཕུལ་གང་།མཁར་ཕུལ་དྲུག་ལ་(དྲུག་ཕུལ་མའི་བརྩི་སྲོལ་ཡིན་)མཁར་བྲེ་གང། མཁར་བྲེ་ཉི་ཤུ་ལ་མཁར་ཁལ་གང་དུ་རྩི་བ་ཡིན་⒀ཞེས་པ་ལྟར་ན། རུའི་ཁལ་གང་ལ་ཕལ་ཆེར་རྒྱ་མ་ཉེར་བརྒྱད་ཡོད་པ་དེ་སྔའི་འབྲུ་ཐོ་མང་པོའི་ནང་བཀོད་ཡོད་པ་དེ་ལས་བྲེ་གང་གི་ལྗིད་ཚད་ནི་ད་ལྟའི་རྒྱ་མ་གང་དང་སྲང་བཞི་ཙམ་ཡིན་པ་ཤེས་ལ། དེ་བཞིན་ཕུལ་གང་ལའང་སྲང་གཉིས་དང་ཞོ་གསུམ་ཡས་མས་ཡིན་པ་དཔྱད་ན་ཤེས་སོ། གཞན་ཡང། བོད་ཀྱི་ཁྲམ་ཤིང་ཕྱོགས་བསྡུས་ཀྱི་ཁྲམ་ཨང་༤༣པར “དོང་ཆེན་བཞི་”ཞེས་པའི་དོང་ནི་འབྲུ་རིགས་མང་ཉུང་འཇལ་བྱེད་ཀྱི་ཡོ་ཆས་ཤིག་ཡིན་པ་དེའི་འགྲེལ་པར་གཙང་དང་སྟོད་ཕྱོགས་ས་ཁུལ་དུ་འབྲུ་འཇལ་བའི་སྣོད་ཆས་སྨྱུག་མའི་དོང་པོ་འབྲུ་བྲེ་གང་ཤོང་བའི་ཚད་⒁ཅེས་བརྗོད། དོང་དེ་དང་དེང་སྐབས་ཁམས་ཁུལ་སྡེ་དགེ་དང་བྲག་གཡབ་སོགས་སུ་བེད་སྤྱོད་གཏོང་བཞིན་པའི་ཕུལ་གསུམ་ལ་འདོང་གཅིག་བརྩི་བའི་འདོང་ཚད་⒂དང་གཅིག་མཚུངས་མིན། 
              འོན་ཀྱང་དེ་གཉིས་ཀྱི་དབྱིབས་ནི་འདྲ་བ་ཡིན།   
              ཁལ། ཡིག་རྙིང་གི་ནང་དུ་ཁལ་ལ་འབྲུའི་ཚད་འཇལ་བའི་ཁལ་དང་དངོས་པོ་རྡོག་པོ་དུད་འགྲོའི་རྒྱབ་ལ་འགེལ་བའི་ཁལ་ཞེས་དོན་གཉིས་ཡོད་པར་བཤད་ལ། སྔ་མར་རུ་ཁལ་དང་ཕྱི་མར་འདེགས་ཁལ་ཞེས་བརྗོད། རུ་ཁལ་རེ་ལ་ད་ལྟའི་རྒྱ་མ་ཉེར་བརྒྱད་ཙམ་དང་། འདེགས་ཁལ་རེ་ལ་རྒྱ་མ་བདུན་ཙམ་ཡོད་པ་ཡིན།⒃ འོན་ཀྱང། བཙན་པོའི་སྐབས་སུ་རུ་ཁལ་དང་འདེགས་ཁལ་ཞེས་རིགས་གཉིས་སུ་དབྱེ་མེད་པ་ཡིག་རྙིང་ཁག་ནང་དུ་ཁལ་ཞེས་པ་མ་གཏོགས་མེད་པ་དེ་ལས་ཤེས་ཐུབ། དེས་ན་《དབའ་བཞེད་》ལས། “བན་དེ་རེ་རེ་ཞིང་ལོ་གཅིག་ལ་ནས་ཁལ་བཅུ་གཉིས་ཐང་དུ་སྩལ་”⒄ཞེས་འཁོད་པ་ལ་དཔྱད་ན། དེ་དུས་ཀྱི་ཁལ་ནི་ཕལ་ཆེར་འདེགས་ཁལ་ཡིན་པར་སེམས། ཡིག་རྙིང་ཁག་ལས་ཁལ་གྱིས་འབྲུའི་ཚད་འཇལ་བའི་སྐོར་མང་དུ་བཤད་ཡོད་པ་དཔེར་ན། བོད་ཀྱི་ཁྲམ་ཤིང་ཕྱོགས་བསྡུས་ནང་གི་ཁྲམ་གྲངས73RMFདུ། “ནས་ཀལ་ཕྱེད་དང་བཆུ་བདུན་དང་བྲེ་གསུམ་་་་་་་  X  Xདཀར་གྱི་ཁྲེ་ཁལ་ཕྱེད་དང་གཉིས་དང་བྲེ X  Xབཞི་ཕུལ་བཞི་ཁྱོར་དོ་”ཞེས་པ་ལྟ་བུའོ། དེ་དག་ལས་བཙན་པོའི་དུས་སུ་འབྲུའི་ཚད་འཇལ་བྱེད་ཁལ་ཕུད། ད་དུང་བྲེ། ཕུལ། ཁྱོར་སོགས་བེད་སྤྱོད་གཏོང་བ་ཤེས་ཐུབ་ཅིང་། ཡང་ཏུན་ཧོང་གི་ཡིག་རྙིངp.T1075ཡི་བརྐུས་པ་འཇལ་གྱི་ཞལ་ལྕེ་ལས། “བཙན་མོ་ལྕམ་སྲུ་དྔ་ཇོ་མོའི་སྩང་དྔ་ཞང་བློན་མན་ཆད་དམངས་ཡན་ཆད་གྱོས་ནས་རྐུས་པའོ་ཁྲིམས་ལ་བཙན་པོ་ལྕམ་པ་སྲུ་དྔ་ཇོ་མོའི་སྩང་དང་ཞང་ལོན་མན་ཆད་དམངས་ཡན་ཆད་གྱོནས་ཞིག་རྐུས་ཏེ་ཟིན་ན་ཁལ་གྲང་དང་བྲེ་གྲངས་ལས་སྲང་དང་ཞོ་ལ་བརྩིས་ལ་ནོར་རྐུས་པའྀ་ཁྲིམས་དྔ་ཐང་གཅིག་གོ་”ཞེས་འཁོད་ཡོད་པའི་གོ་དོན་ནི། བཙན་མོ་ལྕམ་སྲུང་དང་ཇོ་མོའི་སྩང་། ཞང་བློན་གྱི་མན་ཆད། དམངས་ཀྱི་ཡན་ཆད་ཀྱི་རིམ་པ་ཡོད་པའི་མི་ཆེ་གེ་མོ་ཞིག་གིས་ནས་བརྐུས་ཏེ་བཟུང་ན་ནས་ཀྱི་ཚད་ཁལ་གྲངས་དང་བྲེ་གྲངས་དེ་སྲང་དང་ཞོ་ལ་བརྩིས་ནས་རྐུན་མར་དེ་བཞིན་གྱི་ཁྲིམས་གཅོད་པ་བསྟན་པ་དེ་ལས་ཀྱང་། འབྲུ་དང་དངོས་པོ་གཞན་གྱི་རྩི་ཐབས་ཁག་སོ་སོ་ཡིན་པ་ངེས་ཤེས་ཐུབ།   
              སྲང་། ཞོ། ནམ། ཏུན་ཧོང་ཡིག་རྙིངp. t1075བརྐུས་པ་འཇལ་གྱི་ཞལ་ལྕེ་ཞེས་པར “......དུ་ X   Xམཆིས་པ་ཚལད་འཇལོ། སྲང་བཞི་མན་ཆད་སྲང་གསུམ་ཡན་ཆད་གྱི་ཁྲ  X   X ཞིག་རྐུས་ན་རྐུན་པོ་དུ་མཆོས་པའི་ར་མགོ་གཅིག་དགུམོ་དེའི་ལོག་ན་ར་མགོ་ X  Xཔ་གཅིག་ཤུལ་ཉེ་བར་སྤྱུགོ་དེའི་འོག་དུ་རྐུན་པོ་དུ་མཆྀས་པས་ཚལད་འཇལོ  སྲང་གཉིས་ཞོ་བདུན་ནམ་གཉིས་མན་ཅད་སྲང་གཉིས་ཡན་ཆད་ཁྲ་ཞིག་མྱི་གི་གྱོས་རྐུས་ན་ཁོ་ན་དགུམོ་མྱྀ་གཉིས་གྱི་རྐུས་ན་ཚལ་འཇལོ སྲང་གཅིག ཞོ་བདུན་ནམ་གཉིས་མན་ཅད། ནམ་ཅིག་ཡན་ཅད་གྱི་ཁྲ་ཞིག་རྐུས་ན་རྐུན་པོ་དུ་མཆྀས་པ་ཀུན་ཚལ་འཇལོ ཕྱག་རྒྱའ་་་་་་་”ཞེས་སྲང་དང་ཞོ།  ནམ་བཅས་འཇལ་བྱེད་ཀྱི་ཚད་གསུམ་གྱི་མིང་བྱུང་ཡོད། སྲང་དང་ཞོ་ལའང་འཇལ་བ་མི་འདྲ་བ་ལས་གོང་གི་བྲེ་དང་འདྲ་བར་བརྩི་ཚུལ་མི་འདྲ་བ་ཡོད། དངོས་པོ་ལྕི་མོའི་ལྕགས་རིགས་སོགས་ཀྱི་ལྗིད་ཚད་འཇལ་སྐབས་ཆུང་བ་ནས་ཆེ་བ་བར་བརྩིས་ན།   
              མགྲོན་བུ20=ཀ་ཀ་ནི་(བལ་ཟན་)། ཀ་ཀ་ནི2=སེ་བ་། སེ་བ2=སྐར་མ་(ནམ་)1  སྐར་མ2=ཞོ1 སྐར་མ་(ནམ་)16 =ཞོ་8 =གསེར་སྲང་1 གསེར་སྲང་8=གསེར་བྲེ1 གསེར་བྲེ་1 = དངུལ་བྲེ2ཡིན། ཡང་མར་དང་རྩམ་པ་སོགས་ཅུང་ཡང་བའི་དངོས་པོའི་ལྗིད་ཚད་འཇལ་སྐབས་ཆུང་བ་ནས་ཆེ་བ་བར་བརྩིས་ན། ནས་འབྲུ6=སེ་བ་1  སེ་བ2. =འདེགས་ཞོ་1 འདེགས་ཞོ་10 =སྲང་1(སྤོར་གང་)སྲང4 = ཉག་1  ཉག20 = ཁལ་1(རུའི་ཁལ་)  ཡང་བྲེ་8=ཁལ་1(འདེགས་ཁལ་)⒅བཅས་ལྟ་བུ་ཡིན།   
              སྔར་གསེར་དངུལ་སོགས་ལའང་བྲེ་ཡིས་འཇལ་བའི་རྩིས་གཞི་ཡོད་ཀྱང་དེ་དང་འབྲུ་སོགས་ཀྱི་འཇལ་ཐབས་དབར་ལ་ཁྱད་པར་ཡོད་པ་གོང་གི་འཇལ་ཚད་གྱི་བསྡུར་གྲངས་ལས་ཤེས་ཐུབ།   
              རྒྱ་ཤེག རྒྱ་བྲེ ཏུན་ཧོང་དང་ལི་ཡུལ་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་གི་ནང་དུ་ཚད་འཇལ་བྱེད་འདི་གཉིས་ཀྱི་ཐ་སྙད་མང་དུ་མཐོང་རྒྱུ་ཡོད།   དེ་ཡང་། རྒྱ་ཤེག་ནི་སྐབས་དེའི་རྒྱ་ནག་ཐང་གི་ཤེག་(硕འམ་石)ཅེས་འབོད་པའི་འཇལ་ཚད་དེ་ཡིན་ལ། རྒྱ་བྲེ་ནི་བྲེ་(斗)འམ་འབོ་ཡིན་པ་ཚིག་འདི་གཉིས་ཀྱི་ཡིག་ངོ་ལས་ཀྱང་ངང་གིས་རྟོགས་ཐུབ། ཏུན་ཧོང་ཡིག་རྙིང་P.  T1118གཙུག་ལག་ཁང་གི་ཆབ་འཐག་གི་གླ་སོགས་ཀྱི་རྩིས་ཐོ་ཞེས་པའི་ནང་དུ། “སྤྲེའུ་གི་ལོའྀ་དབྱར་སླ་ར་བ་ཚེས་བཅུ་བཞིའི་གདུགས་ལ། །གཙུག་ལག་ཁང་ཨན་ཀོག་སྀའི་ཆབ་ཏག་ཅང་འགོང་ཙེ་དང་། ཇེའུ་ལིམ་ལིམ་གཉིས་བསྲུངས་ནས། སྔ་སླད་དུ།   ཨན་ཀོག་སྀ་འྀ་ནང་དུ། ཆབ་ཏག་གྀ། ། སྔ་སླད་དུ། ཅང་ཕབ་ལུད་ལ་ཕུབ་འྀ་ཁལ་གྲངས་ལ། དབྱར་སླ་འབྲིང་ང་པོའི་ངོ་ལ་ནས་རྒྱ་ཤེག་གསུམ་དང་བྲེ་དོ།  ཅང་ཕམ་ལུད་ལ་ཕུལ། དུ་བ་བཏང་བའྀ་གླ། ནས་རྒྱ་བྲེ་དྲུགསྟོང་ཀུན་གྱྀཅང་ཤྀ་ལ་གཐད།་་་་་་”ཅེས་པ་ལྟ་བུའི་ནང་དོན་ནི་ཨན་ཀོག་དགོན་པའི་ཆབ་འཐག་པའི་གླ་ཆ་སྤྲད་པའི་གནས་ཚུལ་ཞིག་ཡིན། སྤྱི་ལོའི་དུས་རབས་བདུན་པར་ཤ་ཇུ་སོགས་ནུབ་རྒྱུད་ཀྱི་ས་ཆ་མང་པོ་ཞིག་བོད་བཙན་པོའི་མངའ་འོག་ཏུ་བཅུག་པ་ནས་དུས་རབས་བརྒྱད་པར་ཀྲང་ཡི་ཁྲའོ་ཡིས་འབངས་གྱེན་ལོག་གིས་བོད་བཙན་པོའི་དབང་བསྒྱུར་ལ་ངོ་ལོག་པའི་བར་གྱི་ལོ་ངོ་བརྒྱ་ལྷག་གི་རིང་། གནས་དེར་བོད་བཙན་པོས་དཔོན་རིགས་བསྐོ་གཞག་དང་སྲིད་འཛིན་སྒྲིག་གཞི་ཚགས་ཚུད་པོ་བཟོས་ནས་དབང་བསྒྱུར་བྱས་ཡོད་ཚུལ་རྒྱ་བོད་ལོ་རྒྱུས་གཉིས་ཀར་གསལ་བས། གོང་ཞུས་ཆབ་འཐག་པའི་གླ་ཆ་སྤྲད་པའི་གནས་ཚུལ་དེ་ལས། བོད་བཙན་པོས་གནས་དེར་དབང་བསྒྱུར་བྱེད་སྐབས་རྒྱ་ཤེག་དང་རྒྱ་བྲེ་སོགས་དེ་གའི་རྒྱ་རིགས་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་པའི་འཇལ་བྱེད་ཚད་གཞི་དེ་དག་ཀྱང་མུ་མཐུད་བཀོལ་སྤྱོད་བས་ཡོད་པ་ཤེས་ཐུབ་པ་མ་ཟད།  སྐབས་དེའི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་ལམ་སྲོལ་ཡང་བོད་ཀྱི་སྲིད་འཛིན་པས་དང་ལེན་གྱིས་རང་དགར་བཞག་ཡོད་པ་མཐོང་ཐུབ། དེ་དུས་ཐང་གི་འཇལ་ཚད་ལྟར་ན། རྒྱ་ཤེག་གཅིག་ལ་རྒྱ་བྲེ་བཅུ་དང་། རྒྱ་ཤེག་གཅིག་གི་ལྗིད་ཚད་ལ་ད་ལྟའི་རྒྱ་མ་120ཡིན།⒆ དེ་ལྟར་ན་རྒྱ་བྲེ་གཅིག་གི་ལྗིད་ཚད་དེ་ད་ལྟ་རྒྱ་མ12ཡིན་པ་འང་རྟོགས་པར་འགྱུར་རོ།
              རྐང་། འདོན། རྐང་དང་འདོན་གཉིས་ནི་ཁྲལ་གྱི་ཚད་གཞི་ཡིན་པ་དང་། རྩི་སྟངས་ནི་མི་ཚང་གཉིས་ལ་རྐང་གཅིག་དང་། རྐང་གཉིས་ཏེ་མི་ཚང་བཞི་ལ་འདོན་གཅིག འདོན་བཅུ་གཉིས་ཏེ་མི་ཚང་བཞི་བཅུ་ཞེ་བརྒྱད་ལ་རྟ་མགོ་གཅིག རྟ་མགོ་གཉིས་ཏེ་མི་ཚང་དགུ་བཅུ་གོ་དྲུག་ལ་(སྤྱིར་བཏང་མི་ཚང་བརྒྱ་ཐམ་པ་ཡོད་)བརྒྱ་སྐོར་གཅིག བརྒྱ་སྐོར་བཅུ་ལ་སྟོང་སྐོར་གཅིག སྟོང་སྐོར་བཅུ་ལ་ཁྲི་སྐོར་གཅིག་བཅས་ཡིན་⒇ཞེས་པ་ལྟར་ན། ཡོན་གྱི་དུས་སུ་རྐང་དང་འདོན་གཉིས་ལ་ཁྲལ་གྱི་ཚད་འཇལ་བྱེད་དང་དུད་གྲངས་རྩི་ཐབས་ཀྱི་བྱེད་ནུས་ཡོད་པ་རྟོགས་ཐུབ་ཅིང་། ཕྱིས་སུ་བོད་ས་གནས་སྲིད་གཞུང་གི་ཡིག་ཚགས་ནང་ཁྲལ་རྒྱུགས་ཀྱི་རྣམ་གྲངས་རྐང་འགྲོ་ལག་འདོན་ཞེས་འཁོད་པའི་རྐང་འགྲོ་ནི་ལས་ཁྲལ་ལ་གོ་བ་དང་། ལག་འདོན་ནི་དངོས་ཁྲལ་ལ་གོ་བའི་དོན་འདི་བྱུང་བར་སྙམ། བཙན་པོའི་དུས་ཀྱི་རྐང་འདོན་གྱི་འགྲོ་ལུགས་དང་ཡོན་རྒྱལ་རབས་སྐབས་ཀྱི་རྐང་འདོན་དབར་ཁྱད་པར་ཅུང་ཡོད་པ་ནི་དེ་གཉིས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལས་མཐོང་ཐུབ་སྟེ། ཡོན་རྒྱལ་རབས་དུས་བོད་ཁྲི་སྐོར་བཅུ་གསུམ་དུ་བགོས་ཡོད་པ་དང་། བོད་བཙན་པོའི་དུས་སྟོང་སྡེ་དྲུག་ཅུར་བགོས་ཡོད་པ་གཉིས་ཀའི་ཁྲི་གྲངས་འདྲ་མཚུངས་ཡིན་རུང་། བོད་བཙན་པོའི་དུས་སུ་རྒོད་དང་གཡུང་ཞེས་དམག་གི་སྒྲིག་འཛུགས་གཙོ་བོར་བྱས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དེ་ལྟ་བུ་ཡོན་རྒྱལ་རབས་ཀྱི་དུས་སུ་མེད་པས། ཡོན་རྒྱལ་རབས་དུས་ཀྱི་རྐང་འདོན་གྱི་ཁྲལ་ཡང་གཙོ་བོ་སྤྱི་ཚོགས་ལས་དོན་གྱི་འོས་འགན་སྒྲུབ་དགོས་པ་ལས་དམག་དོན་གྱི་འོས་འགན་བསྒྲུབ་རྒྱུ་ཅུང་ཉུང་བ་ཡིན།   
              ཏུན་ཧོང་གི་ཡིག་རྙིངp.T1101དཔྱ་ཆད་པའི་མིང་ཐོ་ལས།  “ལྔ་བཅུ་རྐང་འགོ་ཀླུ་གཟིགས་ཀྱྀ་ཚན་གྱི་འབངས་ཀྱི་དཕའ་ཆད་དེ་འབངས་ལའ་ལས་པའ། འཕྲལ་དུ་མ་འབྱོར་ནས།  ཞང་ཁྲི་གཟིགས་ཀྱྀ་སྒོ་ནས་ལས་བུན་ཆེན་བླང་སྟེ། ཁྱི་ལོའི་སྟོན་ཟླ་འབྲིང་པོ་སྩང་བང་གི་སྒོ་ཁལ་གཅིག་ལ་གཉིས་འབུལ་བར་བགྱི་ནས།  དཔྱ་ཆད་ཀྱི་རྣམས་མྱོང་སྨྲར་བྲིས་པ་”ཞེས་བྱུང་བའི་ལྔ་བཅུ་རྐང་འགོ་ནི་མི་ཚང་བརྒྱའི་འགོ་པ་ལ་གོ་བ་དོན་གྱིས་རིགས་འདེད་ཐུབ་པ་དང་། ཚིག་འདིའི་དོན་ནི་ལྔ་བཅུ་རྐང་གི་འགོ་པ་ཀླུ་གཟིགས་ཀྱི་འབངས་ཀྱིས་དཔྱ་སྤྲོད་མ་ཐུབ་པར་ཞང་ཁྲི་གཟིགས་ཀྱི་ལག་ནས་བུན་བླངས་པ་དུས་རན་ཚེ་ཁལ་གཅིག་ལ་ཁལ་གཉིས་ཀྱི་སྐྱེད་ཀ་སྤྲོད་དགོས་ཞེས་པ་དེའོ།  ཡང་ལི་ཡུལ་ནས་ཐོན་པའི་ཁྲམ་ཡིག་ཨང་113ལས། “གནས་གཙུག་ལག་ཁང་གི་རྐྱེན་ས་སྡོན་(འདོན་) པྱེ་དང་བཅུ་གསུམ་”ཞེས་པའི་དོན་ནི་གཙུག་ལག་ཁང་ཞིག་གི་སའི་ཁྲལ་རྩིས་ལེན་པ་ལྟ་བུ་ཡིན་པས། དེ་ལས་སྐབས་དེའི་རྐང་འདོན་ནི་དུད་ཚང་གི་སྒྲིག་འཛུགས་ཤིག་ཡིན་པ་ཤེས་ཐུབ།   
              སླུངས། ལམ་ཐག་འཇལ་བྱེད་ཀྱི་ཚད་གཞི་ཞིག་ཡིན་པ་《དུང་དཀར་ཚིག་མཛོད་》ལས། “འབྲོག་ཐང་གི་འབྲོག་ཚུགས་གཅིག་སྟེ། གཡག་གིས་ཉིན་གཅིག་ཆོད་ཐུབ་པའི་ལམ་ཐག་” ཅེས་གསུངས་པ་དང་།  བསོད་ནམས་སྐྱིད་ཀྱིས།“སླུངས་ཚད་གཅིག་འདྲ་མ་ཡིན་པའི་གནས་ཚུལ་ལ་དཔགས་ན། བོད་བཙན་པོའི་དུས་སྐབས་སུ་སླུངས་རེའི་རིང་ཚད་ནི་ལེ་དབར30ཡས་མས་ཤིག་ཡིན་ཚོད་འདུག་སྙམ་” (21)ཞེས་བརྗོད། དེས་ན་ཐའོ་མ་སིས་“སླུངས་ནི་བོད་ཀྱི་སྲོལ་རྒྱུན་དུ་ཐང་། འབྲོག རོང་།  སྒང་ཞེས་པ་ལྟར་སའི་ཁྱད་པར་སྟོན་པའི་མིང་ཞིག་ཡིན་སྙམ་པའི་”(22)དཔྱད་པ་བྱས་ཡོད་ཀྱང།P. T1096ལས། “སླུངས་ཀྱི་དཕོན་སྣ་ཚུགས་པོན་ལ་སྩོགས་པ་” ཞེས་པ་དང་།  “སླུངས་ཀྱི་རྟ་རྫི་ལི་ཨབ་སབ་ཉང་། བཟུང་སྟེ་སྨས་པ་ལས། སླུངས་ཚུགས་སུ་རྟ་བདག་ཆག་གིས་བཞག་པ་ཡང་མད་”ཅེས་པ། ཡང་“ཏུན་ཧོང་གྲོང་ཁྱེར་གྱི་དངོས་མང་བཤམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཨང་རྟགས0336 . 10 - 336/10......ཉིན་སླུངས་ལྔ་མཚན་སླུངས་གསུམ་སྟེ་ཉོན་ཞག་གཅིག་ལ་སླུངས་བརྒྱད་ཅོད་པའི་ཐང་དུ་ཀྭ་ཅུའི་ཁྲོམས་དུ་བཏང་ངོ། ་་་་་་འཕར་མ་འདྀ་རྀངས་ལ་གཅེས་ཀྱིས་སླུང་ཚང་པས་ལེ་ལོ་མ་བ་པར་ཚུགས་གཅིག་ནས་གཅིག་ཏུ་བསྐྱལ་པའྀ་ཉྀན་མཚན་གྱི་ཆོད་དམ་དུ་ཟུང་ལ་དཔང་ཞག་དུ་ཚུགས་ཏེ་”ཞེས་དང་། “ཉིན་སླུངས་ལྔ་མཚན་སླུངས་བཞི་སྟེ་ཉིན་ཞག་གཅིག་ལ་སླུངས་དགུ་ཆོད་པའི་ཐང་དུ་ཀྭ་ཅུར་བཏང་ངོ་”(23)ཞེས་པ་སོགས་ལས་སླུངས་ནི་སྐྱེལ་རྫོང་ལམ་ཁའི་ས་ཚུགས་སམ་ཡང་ན་ལམ་ཐག་མཚོན་བྱེད་ཀྱི་ཚད་གཞི་ཞིག་ཡིན་པ་མངོན་ཐུབ། ཡིག་རྙིང་ནང་དུ་འཁོད་པའི་འབྲོག་སླུངས་དང་ཞིང་སླུངས། སོ་སླུངས། རྒྱ་སླུངས་སོགས་ཀྱང་འབྲོག་ཡུལ་དང་རྒྱ་ཡུལ་སོགས་སུ་ཡོད་པའི་སོ་ཚུགས་ཡིན་པ་ནི་དོན་གྱིས་གྲུབ་ཐུབ། སྤྱིར་ན་བོད་ཀྱི་ཡིག་རྙིང་ནང་བྱུང་བའི་སླུངས་ཀྱི་རིང་ཚད་ཅི་འདྲ་ཡོད་པ་ཤེས་དཀའ་ཡང། རྒྱའི་ཡིག་ཚང་དུ་“其举兵,以七寸金箭为契 。 百里一驿,有急兵,驿人臆前加银鹘,甚急, 鹘益多”(24)ཞེས་བྱུང་བ་ལ་གཞིགས་ན། སླུངས་སམ་ཚུགས་གཅིག་ལ་ལེ་དབར་བརྒྱ་ཡོད་པ་མཐོང་ཐུབ་པ་དང་། སྐབས་དེའི་ལེ་དབར་གྱི་རིང་ཐུང་དང་ད་ལྟའི་ལེ་དབར་ཕལ་ཆེར་མཉམ་པ་ན་(25)ད་ལྟའི་སྤྱི་ལེ་ལྔ་བཅུ་ཡས་མས་ཤིག་ཡིན་པ་ཤེས་ཐུབ། གཡག་གི་མགྱོགས་ཚད་ལྟར་ན་ཉིན་གཅིག་གི་ལམ་ཚད་ཡིན།  
              སྟོང་། སྟོང་ནི་མི་བསད་པའི་རིན་འཇལ་བའི་མིང་ཡིན་ལ། མིང་ཚིག་འདིའི་དོན་ད་ལྟའི་བར་དུ་མ་འགྱུར་བར་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་ཤེས་གསལ་ལྟར་དང་། གནའ་བོའི་དུས་སུ་“མི་རབ་ཀྱི་རབ་བསད་པ་ལ་གསེར་སྲང་སྟོང་ཕྲག་རེ་འཇལ་དགོས་པས་”དེ་ལྟར་ཟེར་བ་ཡིན་(26)ཞེས་དང་། ཡང། “བསད་པ་སྟོང་གི་ཞལ་ལྕེ་ནི། ཧོར་ལུགས་དང་བོད་ལུགས་གཉིས་ལས། ཧོར་སྲོག་ཚབ་དུ་སྲོག་གཏོང་བའི་ཤ་ལེན། བོད་དུ་ཆོས་དར་ཞིང་ཆོས་ལ་དཀར་བས་སྲོག་ཚབ་ཏུ་སྲོག་བཏང་ན་གཉིས་ཕུང་ཇཱག་པའི་རྩ་བར་འགྲོ་བས་སྟོང་འཇལ་ལེན་བྱེད་པ་ལེགས་ཟེར།  དེས་ན་སྐལ་བ་སྟོང་བས་ན་སྟོང་ཞེས་བྱ་བ་བྱུང་། དེས་ན་སྔོན་གྱི་དུས་ནི་དྲག་པ་ལ། འཇལ་སྲང་སྟོང་དང་ཞོ་སྟོང་སྤྲོད་པས་སྟོང་ཞེས་བྱའོ།  ཁག་ཁུར་གྱི་ངོ་ཆེན་ལ་ཞི་ཆག་གཏོང་དགོས་པ་ཡོང་བས་ན་སྟོང་ཞེས་ཟེར། དེས་ན་སྟོང་ཞེས་བྱ་བ་ནི་སྟོང་ཡིན་པས་ན། སྟོང་ལེན་ཕྱུག་པོར་སོང་བའང་མེད། སྟོང་འཇལ་སྤྲང་པོར་བུད་པའང་མེད་བྱ་བ་འདུག་པས་”(27)ཞེས་པ་སོགས་སྟོང་ལ་གོ་དོན་མི་འདྲ་བ་དུ་མ་དྲངས་ཡོད་ཀྱང་། དོན་རྣལ་མ་ནི་མི་རབ་ཀྱི་རབ་བསད་པར་སྲོག་རིན་དུ་གསེར་སྲང་སྟོང་འཇལ་དགོས་པས་དེ་ལྟར་བཏགས་པ་དཔེ་དོན་གཉིས་ལས་གོ་སླའོ། འོན་ཀྱང་གནའ་བོའི་དུས་དེར་མི་རབ་འབྲིང་ཐ་གསུམ་མི་འདྲ་བ་ལ་དེ་བཞིན་གྱིས་སྟོང་འཇལ་བའི་ཚད་ཀྱང་མི་འདྲ་བ་དང་། ཤི་གསོན་གང་རུང་ལ་སྟོང་འཇལ་དགོས་པ་ལས་སྤྱིར་བཏང་མི་བསད་པ་ལ་མི་སྟོང་དང་རྨས་པ་ལ་གསོན་སྟོང་འཇལ་བ་དཔེར་ན། ཏུན་ཧོང་ཡིག་རྙིང་P. T1071རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་ཅེས་པའི་ནང་དུ།  “མདའས་ཕོག་པ། གུམ་དང་། མྱི་སྟོང་དུ་སྲང་དྲུག་སྟོང་ཕབསྟེ། འདམ་པོ་དང་ཡུས་བདག་ཕྱེད་མར་སྩལད་ཏོ། འདམ་པོ་མ་མཆིས་དང་སྲང་དྲུག་སྟོང་ཀུན་ཡུས་བདག་དབང་ངོ་། །སྲང་ཅིག་མ་ཁོར་ན་དགུམོ། །མདས་ཕོག་པ་ལ་མ་གུམ་དང་། གསོན་སྟོང་དུ། སྲང་སུམ་སྟོང་ཕབསྟེ། ཡུས་བདག་དང་འདམ་པོ་ཕྱེད་མར་དབང་ངོ་”ཞེས་པ་སོགས་བྱུང་བ་ལྟ་བུ་ཡིན། གསོད་ཡུལ་ལམ་རྨས་ཡུལ་གྱི་མིའི་རིམ་པ་མི་འདྲ་བ་ལས་སྟོང་གི་ཚད་ཀྱང་མི་འདྲ་བ་ཡོད་པ་རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་ནང་དུ་ཞང་བློན་ཆེན་མོ་ནས་དམངས་མཐའ་མ་ཡན་ཆད་གྱི་རིམ་པ་སོ་སོའི་སྟོང་གི་ཚད་གཞི་བརྗོད་ཡོད་པ་དེ་ལས་རྟོགས་ཐུབ་པ་ཡིན།   
              ཡུག ཡུག་ནི་དར་རམ་གོས་དང་ཤོག་བུའི་རིང་ཐུང་དང་མང་ཉུང་གི་ཚད་འཇལ་བྱེད་ཅིག་ཡིན་ལ། ད་ལྟའང་དར་རས་ཀྱི་རིང་ཐུང་འཇལ་སྐབས་བེད་སྤྱོད་གཏོང་བ་ཤིན་ཏུ་མང་བ་དཔེར་ན། གོས་ཡུག་རིང་དང་ཡུག་ཐུང་ཞེས་བརྗོད་པ་ལྟ་བུའོ། ཡིག་རྙིང་གི་ནང་དུ་དར་རམ་གོས་ཀྱི་རིང་ཐུང་ངམ་མང་ཉུང་གི་ཚད་འཇལ་བྱེད་དུ་ཐ་སྙད་འདི་བེད་སྤྱོད་བཏང་ཡོད་པ་དཔེར་ན། ཁྲམ་ཡིག་ཕྱོགས་བསྡུས་ཀྱི་ཁྲམ་གྲངས་100པའི་ནང་དུ།“ནས་ཁལ་བདུན་བཅུ་རྩ་ལྔ་དང་དར་ཡུག་སྟོང་རྔུལ་སྲང་དགུ་བརྒྱ་དང་གསེར་སྲང་དྲུག་བརྒྱ་” ཞེས་བྱུང་བ་ལྟ་བུ་དང་། སྐབས་དེའི་བོད་ཀྱི་དར་ཡུག་རེའི་རིང་ཚད་ག་ཚོད་ཡིན་པའི་སྐོར་ལ་བོད་ཡིག་གི་དཔྱད་གཞིའི་རྒྱུ་ཆ་མེད་མོད། སྐབས་དེ་དུས་བོད་ཀྱི་དར་གོས་མང་ཤོས་ནི་རྒྱ་ནག་ཐང་ནས་ཡར་འདྲེན་པའམ་ཡང་ན་ཐང་གིས་དམག་ཕམ་རྗེས་བོད་བཙན་པོར་དཔྱ་འཇལ་བ་སོགས་གང་ལྟར་རྒྱ་ནག་ནས་ཐོན་ཆེ་ཤོས་ཡིན་པ་ལོ་རྒྱུས་དེབ་ཐེར་ཁག་ལས་ཤེས་ཐུབ་པས། ཡུག་གི་རིང་ཚད་དེའང་་རྒྱ་ནག་གི་ལུགས་དང་བསྟུན་ཡོད་ན་ 绢匹 དང་གཅིག་པ་ཡིན་ངེས། ཐང་གི་匹གཅིག་གི་རིང་ཚད་ནི་“以四丈为匹,布以五长丈为端,均宽一尺八寸”(28)ཞེས་པ་ལྟར 一丈二尺 一尺 =རྨི0.33ལྟར་ན། རྨི་13.2ཡོད་པ་ངེས་ཤེས་ཐུབ།   
མདོར་ན། ཏུན་ཧོང་དང་ལི་ཡུལ་ནས་ཐོན་པའི་གནའ་ཡིག་གི་ནང་དུ་གོང་གི་གླེང་ཟིན་པའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ཕུད།  གཞན་ད་དུང་ཤུ་ལོག    ཉ་ཚ་མདའ།   རྫེའུ གླིངས། ཕ་ལར།  རྐྱལ་སོགས་ཀྱི་ཐ་སྙད་བྱུང་བའི་ལ་ལ་ནི་དངོས་པོ་བླུག་སའི་མིང་དང་། ལ་ལ་ནི་འཇལ་ཚད་དང་གྲངས་རྩི་ཚུལ་ཡིན་པར་བསམ་རུང་དཔྱད་གཞིའི་རྒྱུ་ཆ་དཀོན་པས་རེ་ཞིག་དེ་མུར་འཇོག་ཁུལ་ལགས། །
              མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
              ①吕红亮著:《西藏带柄铜镜补论》,藏学学刊,第5 辑
              ②③《ཆོས་བྱུང་མཁས་པའི་དགའ་སྟོན་》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང།
              ④⒀⒂⒅《གནའ་རབས་བོད་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་སྐོར་གླེང་བ་》མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་པོད་ཅ་པ། མི་རིགས་དཔེ་སྐྲུན་ཁང། 2004ལོར་དཔེ་སྐྲུན་བྱས།
              ⑤姜伯勤:《突地考》,敦煌学辑刊,1984 年第4 期
              ⑥王尧、陈践著:《敦煌本吐蕃历史文书》,民族出版社 。 陈庆英:《从敦煌出土账簿文书看吐蕃王朝的经济制度》,《陈庆英藏学文集》,中国藏学出版社 。
              ⑦⑾⒁(24)《王尧藏学文集 . 吐蕃简犊综录 . 藏语言研究》,中国藏学出版社,141 ,27.49 页 。
              ⑧⑩⒃(26)ཀྲང་དབྱི་སུན་གྱིས་གཙོ་སྒྲིག་མཛད། 《བོད་རྒྱ་ཚིག་མཛོད་ཆེན་མོ་》མི་རིགས་དཔེ་སྐྲུན་ཁང་།
              ⑨《སྲོང་བཙན་སྒམ་པོའི་ལེགས་མཛད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་》མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཅ་པ།
              ⑿(22)《敦煌西域古藏文社会历史文献》,托玛斯编著,刘忠、杨铭译注, 民族出版社,2004年,337.256 页 。
              ⒄《རྦ་བཞེད་ཕྱོགས་བསྒྲིགས་》བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང།
              ⒆张仁杰:《汉唐粮食亩产反映的度量衡问题》,古今农业,2009 年第2 期, p48
              ⒇《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》སྨད་ཆ། གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས 773
              (21)(23)《གནའ་བོའི་བོད་ཀྱི་ཡིག་རྙིང་ལས་སླུང་ཚང་དང་སླུངས་དཔོན་ཞེས་པའི་ཐ་སྙད་ལ་རགས་ཙམ་དཔྱད་པ་》《བོད་ལྗོངས་ཞིབ་འཇུག་》1993ལོའི་དུས་དེབ་བཞི་པ། བསོད་ནམས་སྐྱིད།
              (24)《新唐书》卷一九六《吐蕃传》 。
              (25)杨生民:《中国里的长度演变考》,《中国经济史研究》2005 年第一期 。
              (27)ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག་》མི་རིགས་དཔེ་སྐྲུན་ཁང་།
              (28)李林等:《唐六典》,中华书局,1992 年,82 页 。

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1