ཞི་ཅིན་ཕིང་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་པར་སྤེལ་བར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-08


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་པར་སྤེལ་བར་མཛུབ་སྟོན་གལ་ཆེན་གནང་ནས། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་པར་སྤེལ་བ་དེས། ཀྲུང་གོའི་གཟི་ཉམས་དང་དམག་མིའི་ཁྱད་ཆོས་མངོན་པར་བྱས་ནས། འགྲན་སྡུར་སྤེལ་བའི་ཆུ་ཚད་རྩེ་གྲར་སླེབས་པ་དང་འགྲན་སྡུར་ཞུགས་པའི་གྲུབ་འབྲས་རྩེ་གྲར་སླེབས་པའི་དམིགས་འབེན་མངོན་འགྱུར་བྱས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་སུ། ཐེངས་འདིའི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་འགྲན་ཚོགས་ཆེན་མོ་ལེགས་པར་སྤེལ་བ་དེས། འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོའི་སྣང་བརྙན་བསྟན་པ་དང་། ཀྲུང་གོའི་ཞི་བའི་འཕེལ་རྒྱས་ཀྱི་འདོད་བློ་བསྒྲགས་ཡོད། འདི་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་མགོ་ཁྲིད་འོག་ཏུ། འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་། དམག་དཔུང་དང་ས་ཁུལ་གྱི་འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ཡིན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོས་རྩ་འཛུགས་ཞིབ་མོ་དང་ཡག་ཐོག་རྒྱན་བརྩེགས་བྱས་པ་དང་། རྒྱ་ཆེའི་གྲོང་ཁྱེར་གྱི་མི་དམངས་ཀྱིས་བདག་པོའི་རྣམ་འགྱུར་བཅངས་ནས་དགའ་སྤྲོས་ཟབ་ཞུགས་དང་འབད་བརྩོན་ལྷོད་མེད་བྱས་ནས། དམག་མིའི་ལུས་རྩལ་འགྲན་ཚོགས་ལེགས་པར་སྤེལ་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་སྤྱི་སྡོམ་དང་གཟེངས་བསྟོད་བྱ་བ་གཟབ་ནན་ངང་བཟང་པོར་སྒྲུབ་སྟེ། གྲུབ་འབྲས་དར་སྤེལ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་སློང་བྱེད་དགོས་ཟེར།
        ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་བདུན་ཉིན་བར། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་སྤེལ་བ་དང་། རྒྱལ་ཁབ་བརྒྱ་དང་དགུའི་དམག་མི་ལུས་རྩལ་པ་དགུ་སྟོང་སུམ་བརྒྱ་ལྷག་འགྲན་སྡུར་ལ་ཞུགས། ལུས་རྩལ་འགྲན་ཚོགས་ལ་འགྲན་སྡུར་རྣམ་གྲངས་ཆེན་པོ་ཉེར་བདུན་དང་རྣམ་གྲངས་ཆུང་བ་སུམ་བརྒྱ་དང་ཉེར་དགུ་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་སོ་སོའི་དམག་མི་ལུས་རྩལ་པས་བསྡོམས་པས་འཛམ་གླིང་གི་ཟིན་ཐོ་བདུན་བསྐྲུན་པ་དང་། རྒྱལ་སྤྱིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གྱ་ལྔ་བསྐྲུན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ་བརྒྱ་དང་སོ་གསུམ་དང་། དངུལ་གྱི་རྟགས་མ་རེ་བཞི། ཟངས་ཀྱི་རྟགས་མ་ཞེ་གཉིས་བཅས་བླངས་ཏེ། གསེར་གྱི་རྟགས་མའི་གྲངས་ཀ་དང་རྟགས་མ་སྤྱིའི་གྲངས་ཀ་གཉི་གའི་ཐད་ནས་ཨང་དང་པོ་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1