གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

དཀོན་མཆོག་རྡོ་རྗེས་པར་བླངས། དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༨ཉིན།

༄༅།། འཛིང་རྣམ་རྒྱལ་མགོན་ཁང་ནང་གི་མིང་རྒྱལ་རབས་དུས་ཀྱི་ལྡེབས་རིས།


འཛིང་རྣམ་རྒྱལ་མགོན་ཁང་།
        འཛིང་རྣམ་རྒྱལ་མགོན་ཁང་ནི་དཔལ་ཡུལ་རྫོང་ནས་ལེ་དབར་བརྒྱ་ཡས་མས་ཀྱི་ས་མཚམས་པད་ཚལ་སྟོད་ཀྱི་གྲོང་སྡེའི་དབུས་ན་ཡོད་པ་དང་།  མགོན་ཁང་དེ་ནི་དུས་རབས་བཅུ་གསུམ་པའི་ནང་འཇམ་དབྱངས་ས་སྐྱ་པཎྜི་ཏ་ཁུ་དབོན་རྒྱ་ནག་ཡོན་གོང་མའི་དབུ་བླ་ཕེབས་ཞོར་མདོ་ཁམས་སྨད་ཀྱི་བསྟན་སྐལ་གྱི་གཙོ་བོ་བཞེངས་པའི་ལྷ་ཁང་ཞིག་ཡིན་ལ། ལྷ་ཁང་གི་རྒྱ་ཁྱོན་ཀ་མིག་དགུ་དང་མཐོ་ཚད་ཐོག་བརྩེགས་གསུམ་གྱི་སྟེང་གཉྫའི་ར་ཡོད་པ་དང་། ས་པཎ་ཁུ་དབོན་གྱི་ལྷ་ཁང་བརྟེན་དང་རྟེན་པ་བཅས་ཡོངས་སུ་བཞེངས་གྲུབ་མཛད་ནས་བསྟན་བཞུགས་རབ་གནས་མ་མཛད་སྔོན་སྦྱངས་བ་བགེགས་བསྐྲད་ཀྱི་ཆོ་ག་སྔགས་རྙིང་མ་པས་མཛད་དགོས་པའི་རྟེན་འབྲེལ་གྱི་ཆེ་བ་གཟིགས་པར་བརྟེན་དེའི་དུས་རྒྱལ་བ་ཀཿཐོག་པའི་གྲུབ་ཐོབ་ཆེན་མོ་ཀཿ་དབུ་འོད་ཡེ་ཤེས་འབུམ་གདན་ཞུས་མཛད་དེ་རྟེན་འབྲེལ་གྱི་ཆེ་བ་ཁྱེད་སྔགས་རྙིང་མ་བས་སྦྱངས་བ་བགེགས་བསྐྲད་ཀྱི་ཆོ་ག་གྱིས་དང་ངེད་སྔགས་གསར་མ་བས་བསྟན་བཞུགས་དང་རབ་གནས་མཛད་ཅེས་གསུངས་པ་དང་།  དེ་ལྟར་ཀཿཐོག་པའི་བླ་སློབ་རྣམས་ཀྱིས་སྦྱངས་བ་བྱས་ཏེ་བཛྲ་ཀྲོ་དྷ་ཞེས་བགེགས་སྐྲད་པའི་དྲག་སྔགས་བརྗོད་པ་དང་དུས་གཅིག་གུ་གུལ་བདུག་ཅིང་ཡུང་དཀར་དང་ཁ་བཤའ་གཏོར་ནས་རྫུ་འཕྲུལ་གྱི་ལྷ་ཁང་ཕྱི་ནང་གསང་གསུམ་བརྟེན་དང་རྟེན་པ་བཅས་ཐམས་ཅད་གཞི་མེད་དུ་བཏང་བ་གྲགས་ལ།  དེ་ལྟར་ཉིན་བདུན་གྱི་བར་ལུས་པ་དང་། དེ་ནས་ཉིན་བདུན་གྱི་ཕྱི་ཉིན་སྔ་མོ་ནས་ས་པཎ་ཁུ་དབོན་གྱི་བསྟན་བཞུགས་ཀྱི་ཆོ་ག་བྱས་ཏེ་ཛཿཧཱུཾ་བྃ་ཧོ་ཞེས་བསྟན་བཞུགས་ཀྱི་སྔགས་བརྗོད་པ་དང་དུས་གཅིག་ལྷ་ཁང་བརྟེན་དང་རྟེན་པ་བཅས་སྔ་མ་བཞིན་བཞུགས་སུ་གསོལ་བ་དང་རབ་གནས་ཀྱི་ཆོ་ག་མཛད་ནས་དམ་ཡེ་དབྱེར་མེད་ཀྱི་ཡེ་ཤེས་པ་འགུག་ཅིང་གཞུག་པར་བྱས་ཏེ་རྟེན་སྙིང་གི་སྔགས་བརྗོད་ནས་སུ་ཏྲ་ཏིཥྛའི་སྔགས་ཀྱིས་མེ་ཏོག་གཏོར་བས་ནམ་མཁའ་ནས་འཇའ་འོད་ཀྱིས་གུར་ཕུབས་པ་དང་རོལ་མོའི་སྒྲ་གྲགས་ཏེ་མེ་ཏོག་འདབ་མ་བརྒྱད་དང་བཅུ་དྲུག་སོགས་དངོས་སུ་འཐུ་རྒྱུ་ཡོད་པའི་ཆར་ཕབ་ཏེ་ངོ་མཚར་གྱི་བལྟས་རྨད་དུ་བྱུང་བའི་རྫུ་འཕྲུལ་ཡ་མ་ཟུང་གི་བསྟན་པ་དང་སེམས་ཅན་དོན་འབད་མེད་ལྷུན་གྱིས་གྲུབ་པ་དང་། རྒྱལ་ཁམས་སྤྱི་དང་བྱེ་བྲག་ལ་སྨན་པའི་མཛད་པ་མཐའ་ཡས་པ་སྟོན་པར་རྒྱལ་བ་ཀཿ་ཐོག་པའི་དཀར་ཆགས་ནང་དུའང་གསལ་བར་འཁོད་ཡོད།



ལམ་འབྲས་བླ་བརྒྱུད།
        དེ་ལྟར་དུས་འགྱུར་གྱི་དབང་གིས་བསྟན་པ་དར་རྒུད་ཀྱི་རྦ་རླབས་འཕྱུར་ཞིང་ལོ་ངོ་བརྒྱ་ཕྲག་མང་པོའི་ཆོས་ལུགས་དང་རིག་གནས་ཀྱི་རྒྱ་མཚོ་ཆེན་པོའི་ལོ་རྒྱུས་མཚོན་པའི་མདོ་ཁམས་སྨད་ཕྱོགས་སུ་བསྟན་གྱི་གཙོ་བོ་གང་འདི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ད་ལྟའི་བར་དུ་ཞིག་རལ་དུ་མ་སོང་བ་གནས་ཡོད་པ་ནི་འགྲོ་བ་ལྷ་དང་བཅས་པའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་བགོ་སྐལ་ཆེན་པོ་ཡིན་ཞིང་།  ཁྱད་པར་དེའི་དུས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་སྐུ་དངོས་ཀྱི་ཐུགས་ཁུར་དང་བདག་སྐྱོང་གནང་ནས་སྔོན་གྱི་ལྷ་ཁང་དེ་གཙང་ཁང་བྱས་ཏེ་མདུན་ཐད་ཀ་མིག་དགུ་དང་ཕྱིའི་འཁོར་ཡུག་ཏུ་གྱང་གིས་བསྐོར་བའི་རྒྱ་སྐྱེད་ཀྱི་འདུ་ཁང་ཐོག་བརྩེགས་གསུམ་ལ་གསེར་ཟངས་ཀྱི་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་སོགས་བཞེངས་ནས་མགོན་བླ་རྒྱུན་བཞུགས་ཀྱི་སྲོལ་བཏོད། ནང་གི་བསྟན་གསུམ་གྱི་གཙོ་བོར་ས་པཎ་ཁུ་དབོན་རྣམ་གཉིས་དངོས་ཀྱིས་འདག་བཟོའི་སྐུ་བརྙན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་དྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ།  མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ།  ལས་མགོན་ཡབ་ཡུམ་པུ་ཊ་མིང་སྲིང་གསུམ་སོགས་བཞེངས་ཡོད་པ་རྣམས་རིག་གསར་གྱི་སྐབ་གུར་མགོན་མདུན་ཐད་ཀྱི་སྐུ་ཕྱེད་ཕལ་ཆེར་ཆག་ཉམས་སུ་སོང་བ་དང་སྟེང་གི་གསེར་ཟངས་ལས་བཞེངས་པའི་ཐོག་འགེབས་རྣམས་དང་།  འཁོར་རྣམས་ལྷག་མ་མེད་པར་གཏོར་བརླགས་སུ་སོང་ན་ཡང་1979ལོར་རྒྱལ་ཁབ་ཀྱིས་ཆོས་ལུགས་ཉམས་གསོ་བྱ་རྒྱུའི་སྲིད་ཇུས་བཟང་པོའི་ཉི་འོད་ལྷམ་མེར་འཕྲོས་པ་དང་ཆབས་གཅིག་མཁན་ཆེན་ཀརྨ་རྡོ་རྗེ་ཁྲིམས་ཁང་ནས་ཐར་ཏེ་འཛིང་རྣམ་རྒྱལ་མགོན་ཁང་དུ་ཞབས་སོར་འཁོད་ནས་ལྷ་ཁང་དེའི་ཕྱི་ནང་གསང་གསུམ་བརྟེན་དང་རྟེན་པ་བཅས་ཉམས་གསོ་བྱས་ཏེ་ད་ལྟ་སྔོན་ལས་ལྷག་པར་མཐུ་བྱིན་དང་གཟི་བརྗིད་འདར་བཞིན་ཡོད།
རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེེ་རྡོ་རྗེ།
        མགོན་ཁང་དེའི་ནང་གི་ལྡེབས་བྲིས་རྣམས་ཉམས་རྒུད་དུ་མ་སོང་བར་སྟེང་གི་ཆར་ཐམས་ཅད་མི་ལྤགས་ཀྱི་བླ་བྲེ་བྲེས་ཤིང་རྒྱུ་རློན་གྱི་ལྡ་ལྡི་ལ་གློ་སྙིང་གི་འཕན་ཚར་ཕྱང་ནས་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་བཀོད་པས་མཛེས་པར་བྱས་ཡོད། ཤར་གྱི་ལྡེབས་ངོས་སུ་དཔལ་ས་སྐྱའི་ཡི་དམ་གྱི་གཙོ་བོ་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ།  རྩ་བའི་ཞལ་སྔོན་པོ་གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཁ་ཞལ་ལྷག་མ་གཉིས་གཉིས་གནག་པ།  ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ།  དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྤྱི་བོར་སྣ་ཚོགས་རྡོ་རྗེའི་མཚན་པ།  ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ།  གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ་དེ་གཉིས་ཀྱི་ཡུམ་ལ་འཁྱུད་པ།  གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ།  གསུམ་པ་ན་བང་བུ་གཱ་པ།  བཞི་པ་ན་གླང་སེར་པོ།  ལྔ་པ་ན་རྔ་མོ་ཐལ་ཀ  དྲུག་པ་ན་མི་དམར་པོ།  བདུན་པ་ན་ཤ་ར་བྷ་སྔོན་པོ།  བརྒྱད་པ་ན་བྱི་ལ་གཱ་པ།  གཡོན་གྱི་གཉིས་པ་ན་ཆུའི་་ལྷ་དཀར་པོ།  གསུམ་པ་ན་མེའི་ལྷ་དམར་པོ།  བཞི་པ་ན་རླུང་གི་ལྷ་ལྗང་གུ།  ལྔ་པ་ན་ཟླ་བའི་ལྷ་དཀར་པོ།  དྲུག་པ་ན་མེའི་ལྷ་དམར་པོ།  བདུན་པ་ན་གཤིན་རྗེ་སྔོན་པོ།  བརྒྱད་པ་ན་ནོར་འཛིན་སེར་པོ།  དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ།  རུས་པའི་རྒྱན་དྲུག་དང་ལྡན་པ།  ཞབས་གཡས་གཉིས་བརྐྱངས་བའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་བཞུགས་པ།  དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ།  དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ།  གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ།  མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ།  རུས་པའི་རྒྱན་ལྔ་དང་ལྡན་པ།  ཞབས་གཡས་རྐྱང་ཞིང་གཡོན་སྐུམ་པས་ཡབ་ལ་འཁྱུད་པ།  གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །
རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེེ་རྡོ་རྗེ།
        དེའི་ཕྱོགས་བཞིར་ཤར་དུ་གོོ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་འཛིན་པ།  ལྷོ་ཙོོ་རཱི་དམར་མོ་གཡས་ཅང་ཏེའུ་གཡོན་ཕག་པ་འཛིན་པ།  ནུབ་ཏུ་བེེ་ཏཱ་ལཱི་སེར་མོ་གཡས་རུས་སྦལ་གཡོན་ཐོད་པ་འཛིན་པ།  བྱང་དུ་གྷསྨ་རཱི་ལྗང་གུ་གཡས་སྦྲུལ་གཡོན་ཐོད་པ་འཛིན་པ།  མཚམས་བཞིར་ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད་འཛིན་པ།  ལྷོ་ནུབ་ཏུ་གདོལ་པ་མོ་སྔོ་དམར་གཡས་འཁོར་ལོ་གཡོན་ཐོང་གཤོལ་འཛིན་པ།  ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ།  བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེངྒེ་གཡོན་དགྲ་སྟྭ་འཛིན་པ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ།  སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ།  མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང་།  སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ།  ཞབས་གཡོན་བརྐྱངས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །
ཤར་དུ་གོོ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་འཛིན་པ།

ལྷོ་ཙོོ་རཱི་དམར་མོ་གཡས་ཅང་ཏེའུ་གཡོན་ཕག་པ་འཛིན་པ།

ནུབ་ཏུ་བེེ་ཏཱ་ལཱི་སེར་མོ་གཡས་རུས་སྦལ་གཡོན་ཐོད་པ་འཛིན་པ།

བྱང་དུ་གྷསྨ་རཱི་ལྗང་གུ་གཡས་སྦྲུལ་གཡོན་ཐོད་པ་འཛིན་པ།

ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད་འཛིན་པ།

ལྷོ་ནུབ་ཏུ་གདོལ་པ་མོ་སྔོ་དམར་གཡས་འཁོར་ལོ་གཡོན་ཐོང་གཤོལ་འཛིན་པ།

ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ།

བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེངྒེ་གཡོན་དགྲ་སྟྭ་འཛིན་པ།
         གཞན་ཡང་རུ་འདྲེན་སྡེ་བཞི་དང་ཕྱོགས་སྐྱོང་བཅུ་དུར་ཁྲོད་ཆེན་པོ་བརྒྱད།  ཆུ་དང་མེ་དང་སྤྲིན་དང་མཆོད་རྟེན་དང་དུར་ཁྲོད་ཤིང་སོགས་བརྒྱད་བརྒྱད་དེ་ཕྱོགས་མཚམས་ཐམས་ཅད་དུ་ཀུན་ནས་བསྐོར་བ་དང་། རོ་མགོ་བོ་བཅད་པ་དང་དཔྱང་བ་བསྙལ་བ་དང་སྲ་ཤིང་གིས་ཕུག་པ་བཅས་བཞེངས་ཡོད།



རུ་འདྲེན་སྡེ་བཞི།


ཕྱོགས་སྐྱོང་སྐོར།

དུར་བདག་ཡབ་ཡུམ།


དུར་ཁྲོད་ཀྱི་སྐོར།



མཆོད་རྟེན་སོགས།
        ནུབ་ཀྱི་ལྡེབས་ངོས་སུ་ལེགས་ལྡན་མ་ཧཱ་ཀ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་ཙནྡན་གྱི་བེ་ཅོན་ནམ་མཁར་ཕྱར་ཞིང་གཡོན་ལྕགས་ཀྱི་པར་བུ་ཐུགས་ཀར་འཛིན་པ།  སྤྱན་གསུམ་དང་ལྡན་ཞིང་ཞལ་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཞིང་རློན་པ་ལྔ་བཅུའི་དོ་ཤལ་དཔྱང་བ། བེར་ནག་གི་ན་བཟའ་གསོལ་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ།  ཞབས་བརྐྱང་བསྐུམ་འགྱིང་བའི་གར་སྟབས་སུ་སྟག་ལ་ཞོན་པ།   པད་ཉི་རོའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །



ལེགས་ལྡན་མ་ཧཱ་ཀ་ལ།
        ཤར་གྱི་ལྡེབས་ངོས་སུ་དཔལ་ལྡན་ལྷ་མོ་རེ་མ་ཏཱི་དམག་ཟོར་རྒྱལ་མོ་དྲེའུ་རྟ་ལ་ཞོན་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ།  ཞལ་མཆེ་བ་གཙིགས་ཤིང་མི་རོ་རེངས་པ་ཁར་བཅུག་པ།  དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ།  སྨིན་མའི་དབུས་སུ་ཁྲོ་གཉེར་རབ་ཏུ་བསྡུས་པ།   དབུ་སྐྲ་ཁམས་པ་གྱེན་དུ་བརྫེས་པ་ལས་མེ་ལྕེ་དང་མེ་སྟག་དུ་མ་འཕྲོ་བ།  སྙན་གཡས་པ་ལ་དུག་སྦྲུལ་དང་གཡོན་པ་ལ་སེངྒེའི་བརྒྱན་པ།  མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཞིང།  རྒྱུ་མ་ལ་རྒྱུས་པའི་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ།  སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུ་བཀོད་པ།  དར་སྣ་ཚོགས་ཀྱིས་ན་བཟའ་ཀླུབས་པ།  ཞིང་ཆེན་གྱི་གཡང་གཞི་དང་ཏེ་ལྡེས་སྟོད་གཡོགས་པ།  སྟག་གི་པགས་པའི་ཤམ་ཐབས་གསོལ་ཞིང་སྦྲུལ་གྱི་སྐ་རགས་དང་དོ་ཤལ་སོགས་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ།  ཕྱག་གཡས་རྡོ་རྗེའི་མཚན་པའི་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་བ།  གཡོན་ཡུངས་དཀར་དང་ཁྲག་གིས་གང་བའི་ནལ་ཐོད་ཐུགས་ཀར་འཛིན་པ།  སྒའི་སྔ་ཤ་ལ་ནད་ཀྱི་རྐྱལ་པ།  བཙན་གྱི་བྱང་དམར།  ཤོ་ལྡེའུ་དཀར་ནག་དཔྱང་བ།  ཕྱི་ཤ་ལ་མཚོན་གྱི་གྲུ་གུ་བཏགས་ཤིང་བདུད་ཀྱི་ཁྲམ་ཤིང་སྐེད་ལ་གཟེར་བ།  ལྟེ་བའི་ཐད་ནས་ཉི་མ་དང་སྤྱི་གཙུག་ནས་ཟླ་བ་འཆར་བ།  དབུའི་སྟེང་དུ་རྨ་བྱའི་གདུགས་ཕུབས་པ།  མིག་རྩ་དམར་ཞིང་རབ་ཏུ་རྔམ་པའི་ཆ་ལུགས་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡོན་ན་ཡུངས་དཀར་དང་ཁྲག་གིས་གང་བའི་ཐོད་པ།  གཡོན་མཚོན་ཆ་སྣ་ཚོགས་པ་བསྣམས་ཤིང་མེ་རླུང་འཚུབས་མའི་ཀློང་ན་བཞུགས་པའོ། །


དཔལ་ལྡན་ལྷ་མོ་རེ་མ་ཏཱི་དམག་ཟོར་རྒྱལ་མོ།

        ལྡེབས་རིས་འདིའི་དམིགས་བསལ་གྱི་ཁྱད་ཆོས་ནི་ཞི་བ་རྣམས་ཀྱི་བཞུགས་སྟངས་དང་གཟིགས་སྟངས་ལ་བརྟག་ཚེ་རང་བཞིན་གྱི་ལྷོད་ཆགས་ཤིང་སྒེགས་ཉམས་དོད་པར་ཐུགས་རྗེ་ཕྱོགས་རིས་མེད་པའི་ཐུགས་ཞི་བ་ཆེན་པོའི་དབྱིངས་ལས་མ་གཡོས་བཞིན་བཞུགས་པའི་སྣང་བས་ཏིང་ངེ་འཛིན་དང་བསྐྱེད་རིམ་གྱི་གསལ་སྣང་རང་ཤུགས་སུ་ཐོན་པའི་སྒྱུ་རྩལ་གྱི་རང་བཞིན་དང་ལྡན་ཞིང་།  ཁྲོ་བོ་རྣམས་འཇིགས་པའི་ཤ་ཚུགས་འཛིན་ཅིང་མི་སྡུག་པའི་རྒྱན་གྱིས་བརྒྱན་པ་དང་སྐུའི་ཆ་ཐམས་ཅད་ལྷོད་ཆ་མེད་པར་གྲིམ་ཞིང་ཡན་ལག་རྣམས་སྦོམ་ལ་ཐུང་བ་གཏུམ་པོའི་རྔམ་སྟོབས་ཀྱིས་ལུས་ཀྱི་སྐྱི་གཡའ་ཞིང་བ་སྤུ་ཟིང་ངེ་གཡོ་ཞིང་དངངས་སྐྲག་དང་འཇིགས་སྣང་བསྐུལ་བའི་སྒྱུ་རྩལ་གྱི་ཉམས་དང་ལྡན་པ། མདངས་རྩ་བཅད་རིས་རྣམས་ཕྲ་ལ་ཡང་བ་དང་།  ཁྲོ་བོ་རྣམས་ཀྱི་ཤ་མདངས་འབུར་ཚུགས་སུ་དོད་པ།  ཞི་བ་རྣམས་ཤ་མདངས་ལྗིད་ནོན་ཆུང་བ།   སྤྱིར་ཚོན་མདངས་རྒྱང་རྔམ་ཆེ་ཞིང་མེ་རི་རྣམས་འཚུབས་ཆ་ཆེ་བ་དང་གྱེན་དུ་འཕྱུར་བ།  རི་བྲག་ཆུ་དང་ལྗོན་ཤིང་སྤྲིན་སོགས་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་ཤིང་ མཛེས་ཤིང་ཉམས་དགའ་བས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ། ལྡེབས་རིས་འདི་ཉིད་དུས་རབས་བཅུ་གསུམ་པ་ས་སྐྱ་པས་དབང་སྒྱུར་བྱེད་པའི་སྐབས་ཀྱི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞེས་བཤད་པར་སྣང་ཡང་ལོ་རྒྱུས་སྨྲ་པོ་དང་ཆེད་མཁས་པ་རྣམས་ཀྱིས་རི་མོའི་སྒྱུ་རྩལ་དང་མཚོན་མདངས་ཀྱི་ཉམས་སོགས་གང་ལ་བརྟགས་ཀྱང་རབ་སྔ་ན་མིང་རྒྱལ་རབས་ཀྱི་མཐར་སྤྱི་ལོའི་དུས་རབས་བཅུ་བདུན་པ་ཡས་མས་སུ་བཞེངས་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པར་བཞེད་དོ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1