བོད་ཀྱི་མཉམ་སྒྲོག་རོལ་དབྱངས་ལ་པེ་ཅིང་དུ་དགའ་བསུ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-11



           ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་།  བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་བཀྲ་ཤིས་དུས་བཟང་གི་ལོ་ཞིག་རེད།

རྒྱལ་ཁབ་ཟློས་གར་ཁང་།
           ལོ་ངོ་བདུན་ཅུའི་གོང་རོལ་དུ།  སྐར་ལྔའི་དར་དམར་དང་པོ་དེ་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་ལྷབ་ལྷབ་ཏུ་གཡོ་འགོ་ཚུགས་པ་ནས་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཁྱིམ་ཚང་ཆེན་མོ་འདི་དངོས་སུ་དབུ་བརྙེས།  ལོ་ངོ་བདུན་ཅུའི་དཀའ་སྤྱད་དང་འཚོལ་ཞིབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བློ་སེམས་གཅིག་སྒྲིལ་དང་།  དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དཀའ་ཚེགས་མཐའ་དག་ལས་རྣམ་པར་རྒྱལ་ཞིང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ནས་རླབས་ཆེ་བའི་མཆོང་བརྒལ་རེ་རེ་མངོན་འགྱུར་དང་འཐབ་རྩོད་རེ་རེར་ཕུ་ཐག་ཆོད་པའི་རྒྱལ་ཁ་བླངས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་ངོ་མཚར་གཏམ་རྒྱུད་བརྗོད་ཀྱིས་མི་ལང་བ་བཏོད་ཡོད།



མཚན་ཚོགས་ཀྱི་ཡུལ་དངོས།
           ལོ་ངོ་བདུན་ཅུའི་རིང་དང་།  ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་སོང་ཚུན།  བོད་ལྗོངས་ཀྱི་སྤྱི་ཚོགས་འཛུགས་སྐྱོང་དང་།  བསྒྱུར་བཅོས།  གོང་འཕེལ་བཅས་ལ་རླབས་ཆེའི་འཕོ་འགྱུར་བྱུང་བ་དང་།  བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སོགས་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ།  བོད་རིགས་མི་དམངས་རྣམས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  དེས་ན་བོད་ལྗོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་།  བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ་ཆེད།  ད་ཐེངས་དམིགས་སུ་མཉམ་སྒྲོག་རོལ་དབྱངས་མཚན་ཚོགས་ཆེ་གྲས་ཏེ། མེས་རྒྱལ། བཀྲ་ཤིས་བདེ་ལེགས་ཞེས་པ་ཚེས་དྲུག་ཉིན་གྱི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཚོགས་ཡོད། 

རོལ་དབྱངས་འཁྲབ་སྟོན་གནང་བཞིན་པ། 
           ཐེངས་འདིའི་མཉམ་སྒྲོག་རོལ་དབྱངས་མཚན་ཚོགས་ཐོག་ཁྱོན་ལེ་ཚན་བཅུ་གཉིས་འཁྲབ་སྟོན་བྱས་ཡོད།  མཉམ་སྒྲོག་རོལ་དབྱངས་མཚན་ཚོགས་དེས་ཀྲུང་དབྱང་རོལ་མོ་སློབ་གྲྭ་ཆེན་མོའི་སློབ་སྤྱི།  གྲགས་ཅན་རོལ་དབྱངས་བཀོད་འདོམས་པ།  སློབ་གསོ་མཁས་ཅན་བཅས་ཡིན་པའི་དགེ་རྒན་ཆེན་མོ་བ་ཡུས་ཧྥོང་ལགས་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་དང་དབུ་བཞུགས་བཀོད་འདོམས་པར་གདན་འདྲེན་ཞུས་པ་དང་།  ཁོང་གིས་གཞོན་སྐྱེས་བཀོད་འདོམས་པ་ཧྲེ་ཅན་ཕིང་དང་།  ཀྲུང་དབྱང་རོལ་མོ་སློབ་གྲྭ་ཆེན་མོའི་མཉམ་གཞས་ཚོགས་པ།  ཉིང་པོ་མཉམ་སྒྲོག་རོལ་ཚོགས་སོགས་རྒྱལ་ནང་གི་གྲགས་ཅན་མཐོ་རིམ་རོལ་མོའི་སློབ་གླིང་དང་།  རིག་རྩལ་ཚོགས་པའི་སྣེ་ཁྲིད་གནང་ནས།  བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་དང་རོལ་དབྱངས་མཁས་ཅན་བསྟན་འཛིན་ལགས།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ།  བོད་ཀྱི་གྲགས་ཅན་གཞས་མ་པ་སངས་ལགས།  དེ་བཞིན་བོད་ཀྱི་གཞོན་སྐྱེས་གྲགས་ཅན་གཞས་མ་ཚེ་རིང་གཡང་འཛོམས་ལགས་དང་།  ནོར་སྒྲོན་ལགས་བཅས་དང་ལྷན་དུ་རྒྱལ་སའི་ལས་རིགས་ཁག་གི་གཟིགས་མོ་བ་ཚོར་ཆེས་དམིགས་གསལ་གྱི་རོལ་དབྱངས་སྟོན་མོ་ཞིག་བཤམས་ཡོད།

རོལ་དབྱངས་བཀྲ་ཤིས་པའི་ངང་མཇུག་འགྲིལ་བ།
           ད་ཐེངས་ཀྱི་རིག་རྩལ་མཚན་ཚོགས་དེ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་།  བོད་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་།  བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་གཙོ་གཉེར་གནང་བ་དང་།  ཀྲུང་དབྱང་རོལ་མོ་སློབ་གྲྭ་ཆེན་མོ་སོགས་ཚན་པ་དང་ཚོགས་པ་ཁག་ཅིག་གིས་རམ་གཉེར་བྱས་པ་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1