ཞི་ཅིན་ཕིང་ཡ་གླིང་པོ་ཨའོ་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་སྐུ་ཚབ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


             སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡ་གླིང་པོ་ཨའོ་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ལས་སྒྲུབ་གྲོགས་ཚོགས་ཀྱི་སྐུ་ཚབ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་གྲོས་ཚོགས་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་སྦྲགས། མགྲོན་པོ་ཚོར་ཀྲུང་གོའི་འཕེལ་རྒྱས་རྣམ་པ་ངོ་སྤྲོད་དང་ཡ་གླིང་འཕེལ་རྒྱས་ཀྱི་འདུན་ལམ་ཐད་དུ་དགོངས་འཆར་བསྩལ། ཡ་གླིང་པོ་ཨའོ་གླེང་སྟེགས་ལས་འཛིན་ལྷན་ཚོགས་འཚོགས་པ་བརྒྱུད་ནས་ཀྲུང་ཕྱིའི་འབྲེལ་འདྲིས་མཉམ་ལས་དང་ཡ་གླིང་གི་སྟོབས་འབྱོར་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས།

             ཞི་ཅིན་ཕིང་གིས། ད་སྐབས་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་ལྡོག་གཏོང་བར་ནུས་ཤུགས་འདོན་བཞིན་ཡོད། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་དང་ཐོན་ལས་ལེགས་བཅོས་ལ་སྐུལ་སྤེལ་གཏོང་བ། དེ་བཞིན་དཔལ་འབྱོར་སྐྱོན་བྲལ་ངང་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་གི་ཡོད། ང་ཚོས་དངོས་སུ་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། སྲིད་སྐྱོང་ཏང་གི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཡོང་བར་ཁ་ཕྱོགས་ནས་མདུན་དུ་བསྐྱོད་བཞིན་ཡོད།

             ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་ཡ་གླིང་གི་འཕེལ་རྒྱས་དང་དམ་དུ་འབྲེལ་ཡོད་ལ། ཡ་གླིང་གི་རྒྱལ་ཁབ་དག་དང་མཉམ་ལས་ཀྱི་ལམ་ཁ་ཁོད་ཡངས་པོ་ཡོད་པས། འཕེལ་རྒྱས་ཀྱི་འདུན་ལམ་ཤིན་ཏུ་ལེགས། ཡ་གླིང་གི་རྒྱལ་ཁབ་དག་གིས་ཕན་ཚུན་མཉམ་འབྲེལ་གྱིས་རང་སྟོབས་རྒུན་འཁྱོངས་དང་། གཉིས་ཕན་མཉམ་ལས། དཀྱེལ་ཡངས་སྒོ་འབྱེད་བཅས་བྱས་ནས་མཉམ་དུ་འཕེལ་རྒྱས་དང་སྟོབས་འབྱོར་ལྡན་པ་ཞིག་ཏུ་གྱུར་ན་ལེགས་ཞེས་དང་། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པར་ནམ་ཡང་འགྱུར་བ་མེད། མཛའ་བརྩེ་དང་དཀྱེལ་ཡངས་སོགས་ཀྱི་ཉེ་འཁོར་རྒྱལ་ཁབ་ལ་འཛིན་པའི་ལྟ་བ་དག་སྔར་མུས་བཞིན་ལག་བསྟར་བྱེད་བཞིན་ཡོད། ངས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་འདུས་ཁུལ་དང་དུས་རབས་21པའི་མཚོ་ཐོག་གི་དར་གོས་ཚོང་ལམ་གཉིས་འཛུགས་སྐྲུན་བྱེད་པར་གྲོས་གཞི་བཏོན་པ་ཡིན། འདིའི་དམིགས་ཡུལ་ནི་སྐམ་མཚོ་གཉིས་ཀྱི་ཁྱབ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་ཞིག་མཉམ་དུ་འཛུགས་རྒྱུ་དེ་ཡིན། མུ་མཐུད་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོ་ཡིས་ཡ་གླིང་གི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེ་བ་ཞིག་འཇོག་ངེས་ཡིན་ཞེས་གསུངས། །

    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1