མཛོད་དགེའི་ཁྲུང་ཁྲུང་སྐེ་ནག2000ལྷག་ཙམ་གྱིས་ལྷོ་ཕྱོགས་སུ་དགུན་སྐྱེལ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-12


         ཟླ10པའི་ཟླ་མཇུག་ཏུ་ལོ་གཅིག་དུས་གཅིག་གི་ཁྲུང་ཁྲུང་སྐེ་ནག་ལྷོ་ཕྱོགས་སུ་འཕུར་ནས་དགུན་སྐྱེལ་བའི་དུས་སུ་སླེབས་པ་དང་། ཟླ11པའི་ཚེས7ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དགུན་དུས་གནས་སྤོས་དུས་འདབ་ཆགས་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ད་ལོར་ཁྲུང་ཁྲུང་སྐེ་ནག2000ལྷག་ཙམ་བདེ་འཇགས་ངང་སྐྱེལ་ཐུབ་པའི་དགོངས་དོན་བསྟན།

         ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་རིགས་ཡིན་ལ། ལོ་རེའི་ཟླ3པ་ནས10ཡི་བར་སི་ཁྲོན་ནུབ་བྱང་གི་མཛོད་དགེ་རྫོང་ནི་དེ་དག་འདུས་སའི་གནས་གལ་ཆེན་ཡིན་པ་དང་། དགུན་སླེབས་རྗེས་དེ་དག་སྲོལ་རྒྱུན་ཁུལ་དུ་དགུན་སྐྱེལ་དུ་བསྐྱོད་རྒྱུ་རེད། ལོ་མང་པོར་ལྟ་ཞིབ་ཚད་ལེན་བྱས་པ་ལས་ཁྲུང་ཁྲུང་སྐེ་ནག་དེ་དག་ལྷོ་སྤོ་ལམ་ཐིག་གི་རིང་ཚད་ཧྲིལ་པོར་སྤྱི་ལེ800ཙམ་ཟིན་པ་དང་དུས་ཚོད་ཉིན6ནས20དགོས། 
         མིག་སྔར་ཁྲུང་ཁྲུང་སྐེ་ནག་གི“དཔུང་སྡེ་ཆེན་པོ”ལྷོ་ཕྱོགས་སུ་འཕུར་བའི་འགོ་བརྩམས་པ་དང་། ཡུན་ནན་དང་ཀུའེ་ཀྲོའུ་ཕྱོགས་ཀྱིས་ཚུར་ལན་བྱས་པའི་གནས་ཚུལ་ལ་གཞིགས་ན། དེ་སྔོན་བསྐྱོད་པའི“སྔོན་སྐྱོད་དཔུང་སྡེ”བདེ་འཇགས་ངང་ཐོན་པ་དང་། གནམ་གཤིས་སོགས་རྒྱུ་རྐྱེན་སོགས་ཕྱོགས་བསྡུས་བརྡར་ཤ་བཅད་ན། ཟླ་འདིའི་ཟླ་དཀྱིལ་དུ་མཛོད་དགེ་རྫོང་ནང་གི་ཁྲུང་ཁྲུང་སྐེ་ནག་ཚང་མ་དགུན་སྐྱེལ་དུ་འཕུར་འགྲོ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1