༄༅།། མདོ་སྨད་འབྲོག་ཁུལ་གྱི་གཟུ་དང་འབྲེལ་བའི་རིག་གནས་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།

ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ སྤེལ་དུས། 11-12



—དགོན་གོང་མ①དཔེ་གཙོ་བོར་དྲངས་ཡོད།
ཚེ་རིང་དོན་གྲུབ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་མདོ་སྨད་འབྲོག་ཁུལ་གྱི་གཟུ་བའི་གཟུ་བཤད་སྟངས་དང་དེ་འབྲེལ་ཤེར་ལ་འཇོག་སྟངས། སྟོང་འཇལ་སྲོལ། གཟུ་ཚ་སྟེར་ཚུལ་སོགས་ཞིབ་ཏུ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] མདོ་སྨད། གཟུ་བ། གྱོད་བདག སྟོང་། ཤེར། གདམས་པོ། གཟུ་ཚ། མནའ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)01 -0124-18 
 དང་པོ། བོད་སིལ་བར་འཐོར་བའི་རྗེས་ཀྱི་མདོ་སྨད་ཡུལ་གྱི་གནས་ཚུལ་མདོར་བསྡུས།
             བོད་བཙན་པོའི་རྒྱལ་རབས་སིལ་བར་འཐོར་ནས་དམག་དོན་གྱི་སྟོབས་ཤུགས་ཉམས་དམས་སུ་སོང་རྗེས་ཀྱི་སྤྱི་ལོ་950བའི་རྗེས་སུ་ཨ་མདོའི་བྱང་མཐའི་དཔའ་རིས་ཕྱོགས་སུ་གཞུང་དྲུག་བོད་སྡེ་ཞེས་སྡེ་ཁག་ཆེན་པོ་ཞིག་ཡོད་དེ།  རྒྱའི་ལོ་རྒྱུས་སུ་བོད་སྡེ་དེ་ལ་དུད་གྲངས་ཉིས་ཁྲི་ལྔ་སྟོང་དྲུག་བརྒྱ་གོ་གསུམ་དང་མི་གྲངས་ཆིག་འབུམ་ཉིས་སྟོང་ཆིག་བརྒྱ་གོ་གཉིས་ཡོད་པར་བཤད།  སྔ་ཕྱིར་རྗེ་བོ་འགའ་བྱོན་པའི་ནང་ནས་ཆེས་ཕུལ་དུ་བྱུང་བ་ནི་འཕན་བློ་གྲོས་བྱ་བ་དེ་ཡིན་ཞིང་།   ཁོས་ནང་ཁུལ་དུ་ཆབ་སྲིད་དང་།  དམག་དོན།  དཔལ་འབྱོར།  རིག་གནས་སོགས་དར་རྒྱས་སུ་བཏང་ཞིང་། ཕྱི་ཕྱོགས་སུ་སུང་རྒྱལ་རབས་ལ་འབྲེལ་བ་བཙུགས་པ་དང་མི་ཉག་གི་སྟོབས་ཤུགས་ལྷོ་ཕྱོགས་ལ་རྒྱ་བསྐྱེད་པར་འགོག་གོལ་བྱས་པས་མངའ་འབངས་ནས་བརྩི་བཀུར་ཐོབ།  སྤྱི་ལོ1004ལ་འཕན་བློ་གྲོས་ཉིད་མངའ་འོག་བློ་ལོག་པ་ཞིག་གིས་བཀྲོངས་རྗེས་མི་སྡེ་ཉམས་པའི་ལམ་ལ་སོང་།  དེའི་རྗེས་ཀྱི་སྤྱི་ལོ་1032ལ་རྒྱལ་པོ་གླང་དར་མའི་བུ་འོད་སྲུང་གི་མི་རབས་ལྔ་བ་ཁྲི་ལྡེའི་བུ་རྒྱལ་སྲས་ཀྱིས་ཙོང་ཁའི་ཡུལ་(ད་ལྟའི་ཟི་ལིང་དང་ཕིང་ཨན།  ལོ་ཏུའུ་བཅས་ཡོད་ས་དེ་)ལྟེ་བར་བཟུང་ནས་སྲིད་དབང་བཙུགས་པ་ལ་ལོ་རྒྱུས་ཐོག་རྒྱལ་སྲས་ཚོ་བ་ཟེར།    དེའི་མི་རྒྱུད་དང་དཔོན་རྒྱུད་ལ་སྟོབས་འབྱོར་མངའ་ཐང་ཤིན་ཏུ་ཆེ་བས་ཧ་ལམ་ཨ་མདོའི་ཕྱོགས་འདི་ཡོངས་རྫོགས་ལ་དབང་བསྒྱུར།  རྒྱའི་ལོ་རྒྱུས་ལྟར་ན་རྒྱལ་སྲས་ལ་བཀྲ་ཤིས་ཡུལ་ལུང་།(扎实庸龙) ཞེས་པའི་སྤུན་མཆེད་ཅིག་ཀྱང་ཡོད་པར་བཤད་ལ།   དེས་ད་སྐབས་ཀྱི་མཚོ་ལྷོ་དང་རྨ་ལྷོ་དང་ཀན་ལྷོ་སོགས་ཀྱི་ས་ཁུལ་བཟུང་ཞེས་བཀོད་ཡོད།  སྤྱི་ལོ་1104ལོའི་ཟླ་བཞི་བའི་ནང་སུང་གི་དམག་དཔོན་བང་ཧིག་(王厚)དང་ཐུང་ཀོན་(童贯)བྱ་བས་ཙོང་ཁའི་ཡུལ་ལ་དམག་ཆེན་དྲངས་ཏེ་རྒྱལ་སྲས་ཀྱི་སྲིད་དབང་བརླགས་པ་ནས་བཟུང་②ཨ་མདོ་ཕྱོགས་འདི་ནས་གཅིག་གྱུར་གྱི་སྲིད་དབང་འཛུགས་རྒྱུ་ཕར་ཞོག སྤོ་ཐོ་འདྲིལ་གྱིན་ཇེ་ཆུང་ཞེས་པའི་དཔེ་བཞིན་དུ་སོང་ཡོད། དེ་རྗེས་ས་སྐྱ་པས་ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཁམས་ཡོངས་ཆོལ་ཁ་གསུམ་ཏུ་ཕྱེས་པ་དང་།  དེ་ལས་མདོ་སྨད་ལ་རྟའི་ཆོལ་ཁ་ཞེས་གྲགས་ཤིང་། འགྲོ་མགོན་འཕགས་པའི་གཟིགས་སྐྱོང་འོག་བོད་ཁམས་ཡོངས་ལ་དགོན་སྡེ་གསར་བཞེངས་དང་ས་གནས་ཁག་གི་དཔོན་རིགས་བསྐོ་འཇོག་གནང་བ་སོགས་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བས།  མདོ་སྨད་ཕྱོགས་སུ་ཡུལ་དཔོན་ཏེ་ཐུའུ་ཟི་(土司)བྱ་བའི་ཚོ་དཔོན་ནམ་སྡེ་དཔོན་མང་པོ་བྱུང་ཡོད།  དེ་ཡི་རྗེས་སུ་གཙང་པ་རྒྱལ་པོ་ཡབ་སྲས་གཉིས་ཀྱིས་མཚོ་སྔོན་དུ་འཁྱམས་པའི་ཧལ་ཧའི་ཆོག་ཐུ་རྒྱལ་པོ་དང་ཁམས་བེ་རུ་རྒྱལ་པོ་བཅས་ཀྱི་དཔུང་རོགས་ལ་བརྟེན་ནས།   མཚོ་སྔོན་དང་ཁམས་ཕྱོགས་སུ་གནས་པའི་དགེ་ལུགས་པའི་དགོན་སྡེ་མང་པོ་བཅོམ་བརླག་བྱས་པ་དང་། ཡང་ཞིན་ཅང་ཕྱོགས་སུ་གནས་པའི་ཨོ་རོད་ཚོ་བཞིའི་ཡ་གྱལ་ཧུ་ཤོག་ཐུ་ཚོ་བའི་མགོ་དཔོན་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱིས་ཐོག་མར་མཚོ་སྔོན་གྱི་ཆོག་ཐུ་རྒྱལ་པོ་དང་ཁམས་ཀྱི་བེ་རི་རྒྱལ་པོ་གཉིས་བཅོམ་ཞིང་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ་1639ལ་དམག་དཔུང་དབུས་གཙང་དུ་དྲངས་ནས་གཙང་པ་རྒྱལ་པོ་རྗེས་འབྲངས་དང་བཅས་པ་ཚར་བཅད།   གཙང་པ་རྒྱལ་པོ་བརླག་ནས་ཡུན་རིང་མ་འགོར་བར་རྒྱལ་དབང་ལྔ་བ་གཙང་ཕྱོགས་སུ་གདན་དྲངས་པ་དང་།  བོད་ཁྲི་སྐོར་བཅུ་གསུམ་གྱི་བདག་དབང་ཡོངས་རྫོགས་རྒྱལ་དབང་སྐུ་ཕྲེང་ལྔ་བར་ཕུལ་ཡོད།   རྒྱལ་དབང་མཆོག་གིས་ཐབས་ཇུས་ལ་བརྟེན་ནས་མཚོ་སྔོན་པོའི་མཐའ་བསྐོར་གྱི་སོག་པོའི་ཡུལ་དཔོན་མང་པོ་འགྲིག་མཐུན་བྱུང་བ་དང་ཚང་མ་དགེ་ལུགས་པའི་སྦྱིན་བདག་གནང་ཡོད་པ་ལས།  དབུས་གཙང་ནས་མདོ་སྨད་བར་ཡུལ་ཁྲིམས་ཀྱི་གདུགས་གཅིག་གིས་ཁྱབ་ཡོད་པ་ནི་ཧ་ཅང་གསལ་བོ་རེད།  གཞན་དུས་ཕྱིས་མདོ་སྨད་དུ་བོད་རིགས་ཡུལ་དཔོན་མང་པོ་བྱུང་ཡོད་པ་ལས་ཅུང་གྲགས་ཆེ་བ་མགོ་ལོག་ཨ་སྐྱོང་ཁག་གསུམ་གྱི་དཔོན་པོ། རེབ་གོང་རོང་བོ་ནང་སོ། ཀན་ལྷོ་ཕྱོགས་ཀྱི་ཅོ་ནེ་དཔོན་པོ་དང་དཔོན་ཁག་གཞན་པ།    མཛོད་དགེ་ཕྱོགས་ཀྱི་མཛོད་དགེ་དཔོན་ཁག་རྣམས་དང་།   རྔ་བ་ཕྱོགས་སུ་རྨེའུ་དང་དབལ་ཤུལ་དཔོན་ཁག་དང་།   རྒྱལ་རོང་ཕྱོགས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་རྣམས་དང་།   དེང་སང་བོད་རིགས་མེད་པའི་ས་གནས་འབུ་ཤིང་ཀུན་དང་། ཀ་ཆུ། སྟག་ལུང་། མེན་ཇུ་སོགས་སུའང་སྐབས་དེ་དག་ལ་བོད་རིགས་ཀྱི་ཡུལ་དཔོན་མང་པོ་བྱོན་ནས་མི་སྡེ་བསྐྱངས་ཤིང་ཆོས་སྡེ་འདེབས་པ་སོགས་འཕྲིན་ལས་རྒྱ་ཆེར་སྤེལ་ཡོད་མོད་མདོ་སྨད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ཞིག་བྱུང་མེད། ལྷག་པར་དུ་མིང་ཆིང་རྒྱལ་རབས་གཉིས་ཀྱི་དུས་སུ་མདོ་སྨད་དུ“བྱུ་རུ་དམར་བའི་ཏོག་ཅན། རྨ་བྱ་སྔོན་མོའི་སྒྲོ་ཅན། བ་སོ་དཀར་པོའི་ཐེལ་ཅན་ཞེས་སྡེ་བ་ཚོ་བའི་དཔོན་པོ་རྣམས་ལ་བརྒྱ་དཔོན་སྟོང་དཔོན་གྱི་གོ་གནས་སམ་ཆོ་ལོ་མང་དུ་སྦྱར་བས་མདོ་སྨད་ཀྱི་འབྲོག་སྡེ་མང་པོར་རང་རང་གི་ཡུལ་དཔོན་ཆུང་བ་སྔོན་ལས་ཀྱང་མང་དུ་བྱུང་བ་རྣམས་གཅིག་འོག་གཅིག་ལ་མི་འདུ་བའི་འོག་ཡུལ་སྡེ་ཕན་ཚུན་བར་མི་ཤི་རྟ་འགྱེལ་གྱི་གྱོད་ཆེ་མ་ཆུང་གསུམ་མང་པོ་བྱུང་མྱོང་ཞིང་།  དེ་དག་ལ་མིག་རྒྱང་ཅི་ཡང་མེད་པར་གཅིག་ལས་གཅིག་ལྷག་གི་ང་རྒྱལ་ཆེ་ཞིང་རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་རེའི་དོན་དུ་སྡེ་བ་ཚོ་བའི་བར་ནས་ལོ་བསྟུད་མར་འཕྲོག་བཅོམ་དང་རྒྱག་རེས་གསོད་རེས་ཁོ་ན་བྱས་ནས་དུས་འདའ་བར་བྱས། ཐ་མར་ཤ་ཉེ་རུ་སྐོར་རྨང་གཞི་བྱས་ནས་གཅིག་ཏུ་སྒྲིལ་བའི་སྡེ་ཆུང་ཚོ་ཆུང་མང་པོར་ཁ་ཐོར་བའི་ཚད་ལ་བསྐྱལ། དེའི་དབང་གིས་1949ལོའི་ཡར་སྔོན་བར་མདོ་སྨད་ཡུལ་གྱི་རོང་འབྲོག་མང་ཚོགས་མང་ཆེ་བའི་ནང་དུ་རང་རང་གི་ཤ་ཉེ་རུ་སྐོར་གྱི་འདུ་ཤེས་ཙམ་ལས་མི་རིགས་སྤྱིའི་འདུ་ཤེས་ཅུང་ཙམ་ཡང་མེད་པས།  ཆེས་རྩོད་གླེང་ཡོད་ས་ནི་རང་མི་རིགས་ནང་ཡིན་པ་དང་ཆེས་སྙིང་ནད་དང་ཞེ་འཁོན་ཡོད་ས་ཡང་རང་མི་རིགས་ནང་ཡིན། རྐྱེན་འདི་དག་ལ་བརྟེན་ནས་མདོ་སྨད་ཡུལ་གྱི་ཁྱད་ཆོས་ལྡན་པའི་གཟུ་བ་དང་འབྲེལ་བའི་དམངས་སྲོལ་རིག་གནས་མང་པོ་འབྱུང་སའི་ཁོར་ཡུག་ཅིག་ཀྱང་རང་ཤུགས་ཀྱིས་གྲུབ་པ་ཡིན་སྙམ།
གཉིས་པ། གཟུ་བ་དང་གྱོད་པ་སོགས་ཀྱི་ཁྱད་ཆོས་སམ་མིང་གི་གོ་དོན་བཤད་པ།   
             ཐོག་མར་མདོ་སྨད་ཡུལ་ནས་སྤྱི་ཚོགས་གསར་རྙིང་གཉིས་ཀར་གཟུ་བཤད་མྱོང་བའི་རྒན་པོ་སྐོར་ཞིག་གི་ཉམས་མྱོང་དང་བྱེད་ཐབས་སོགས་དངོས་བརྒྱུད་གང་རུང་ནས་བཀའ་འདྲི་བྱས་ཏེ་གཟུ་བ་དང་འབྲེལ་བའི་རིག་གནས་སྐོར་ལ་རྒྱུས་ལོན་བྱེད་པ་ལ། མདོ་སྨད་དགོན་གོང་མའི་ཡུལ་གྱི་དཔའ་མཆོག་གི་ཨ་ཁུ་བཀའ་དྲིན་ཅན་བློ་བསྟན་③དང་ཆོས་ལོ།④ སྨན་ཤུལ་གྱི་ཨ་ཁུ་རྒན་པོ་ཆོས་སྨན⑤སོགས་ཀྱིས་བཤད་པའི་སྐད་ཆ་རྣམས་གུང་བསྒྲིགས་ཏེ་བཤད་ན།  “གཟུ་བ་ཞིག་ཡིན་ཕྱིན་ཐོག་མར་གྱོད་གཞི་བྱུང་བའི་རྒྱུ་རྐྱེན་ལ་རྩད་གཅོད་དཔྱིས་ཕྱིན་པ་ཞིག་བྱེད་དགོས།  དེ་ལྟར་བྱས་ན་གྱོད་པ་སུ་ཞིག་ལ་ཐུག་ཡོད་པ་རྒྱུས་ལོན་པས།  མཇུག་མཐར་ཐག་གཅོད་སྐབས་བློ་གཟུ་བོར་འཛིན་ཐུབ། དེ་ལས་ལྡོག་སྟེ་རྩད་གཅོད་ཞིབ་འཇུག་བཟང་པོ་མ་བྱས་པའམ་ཡང་ན་ཕྱོགས་གཅིག་གི་སྐད་ཆར་ཉན་ནས་ཕྱོགས་གཅིག་ལ་དོ་སྣང་མ་བྱས་ན། གྱོད་པའི་བར་ཁ་མཁས་ཡིན་མིན་དང་ངོ་ཆེན་ཡིན་མིན་གྱི་ཕྱོགས་འཛིན་བྱེད་ཉེན་ཡོད་པས།  གཟུ་ཕུག་བརྟན་པ་དང་ཕྱིས་སུ་བཤད་ཚེགས་མི་འབྱུང་པ་ཞིག་བྱེད་དཀའ། གཞན་ཡང་གཟུ་བར་གྱོད་པ་ཕྱོགས་གཉིས་ཀས་རང་རང་གི་གནས་ལུགས་བཤད་སྐབས་སུན་སྣང་མི་བྱེད་པར་བཤད་རྒྱུ་ཐམས་ཅད་རྫོགས་པའི་བར་ཉན་དགོས། སྐབས་ལ་ལར་གྱོད་པ་གཅིག་གི་གཏམ་ལ་བསྟུད་མར་ཉིན་གསུམ་བཞི་ཉན་ནས་འདུག་དགོས་པའི་དུས་ཀྱང་ཡོད།  དེ་ལྟར་བྱས་ན་གྱོད་པའི་རང་གི་སེམས་ལ་མནན་པའི་ཁོང་ཁྲོ་དང་སྡུག་བསྔལ་གནས་ལུགས་རེ་བ་སོགས་ཡོད་ཚད་བཤད་ཚར་བའི་བདེ་སྣང་ཞིག་རང་ཤུགས་སུ་འབྱུང་པས། གཟུ་བས་མཇུག་མཐར་གྱི་ཐག་བཅད་བརྩི་རུ་འཇུག་པར་ཕན་པ་ཡོད།  ད་དུང་གཟུ་བ་ནི་བློ་རིག་པ་དང་གཏམ་ཁ་ལྕེ་གཉིས་ཀ་ལྡན་པ་ཞིག་ཡིན་དགོས། གྱོད་པའི་ནང་དུ་མི་འདྲ་མིན་སྣ་ཚོགས་ཡོད་པས་ཕྱོགས་གཉིས་ཀས་གྱོད་བཤད་འཐེན་དུས་སུ་བློ་དང་རིག་པ་སྒྲིམ་ནས་ཉན་དགོས། དེ་ལས་གྱོད་པས་ཡར་བཤད་མར་བཤད་བྱེད་པའི་གོ་རིམ་ཁྲོད་མགོ་མཇུག་མི་མཚུངས་པའམ་གནས་ལུགས་མི་ལྡན་པའི་ཚིག་འཛིན་ཐུབ་ན་གྱོད་ཀྱི་གསལ་ཁ་ཇེ་ཆེར་སོང་ནས་གཟུ་མ་ནོར་བར་འཕེན་པར་ཕན་ཐོགས་ཆེན་པོ་ཡོད། གཟུ་བའི་སེམས་བཟང་པ་དང་གཞུང་སེམས་དྲང་པ་ཁོ་ནས་མི་ཆོག་སྟེ།  གཟུ་བཤད་ཐབས་ཀྱི་སྒྱུ་རྩལ་སྣ་ཚོགས་ཀྱང་འཛོམས་དགོས། ཐོག་མར་གཟུ་བ་འཕྱོར་བཤད་ཤེས་མཁན་ཞིག་ཡིན་དགོས།  འཕྱོར་བཤད་ཅེས་པ་ནི་གཏམ་དཔེ་འཇོག་ཤེས་པར་ཟེར།   གནས་བབ་ལ་བལྟས་ནས་གཏམ་དཔེ་རྡོ་སྒྲིག་སྒྲིག་བྱེད་ཐུབ་ན།   སྔོན་ཆད་འབྲོག་དམངས་ཀྱིས་ཚིག་གི་མཛེས་ཉམས་ལ་ཤིན་ཏུ་དོ་སྣང་བྱེད་པས།   དོན་དངོས་ལ་མ་འབྲེལ་གོང་ནས་ཀུན་གྱིས་བློ་འགུག་པའི་ནུས་པ་ཡོད་པ་དང་།  གྱོད་པ་ཕྱོགས་གཉིས་ཀྱིས་གཟུ་བའི་ཁ་ལ་ཉན་དུ་འཇུག་པའི་ནུས་པ་རང་ཤུགས་སུ་ཐོན་ཐུབ། ཡང་གཟུ་བ་རྣམས་ཀྱང་ཕན་ཚུན་ལ་མི་འདྲ་བར་རང་རང་གི་ཁྱད་ཆོས་ཡོད།  རྟ་གྱོད་དང་མོ་གྱོད་བཤད་པར་མཁས་པ། མི་ཤི་རྟ་འགྱེལ་གྱི་གྱོད་གཞན་བཤད་པར་མཁས་པ་སོགས་སྣ་ཚོགས་ཡིན།    ཉེ་རིང་ཆགས་སྡང་གི་ལྟ་ཚུལ་དང་བྲལ་བའི་འོག་གཟུ་བ་མ་མཐའ་ཡང་གསུམ་གྱི་ཡན་ཡོད་ན་སྤྱི་སྙོམ་ཞིག་ཡོང་པར་ཕན་ཐོགས་ཡོད།    སྔོན་སྡེ་བ་ཚོ་བའི་བར་གྱི་མི་ཤི་རྟ་འགྱེལ་གྱི་གྱོད་ཆེན་པོ་ཡིན་ན་བླ་མ་དཔོན་པོ་མང་པོས་གཟུ་བཤད་པ་དང་།   སྡེ་ཚོ་ཕན་ཚུན་གཉིས་ཀྱི་དཀྱིལ་ལམ་གཏན་འཁེལ་བྱས་པའི་ས་ཚུགས་སུ་སྦྲ་རས་སོགས་ཕུབ་ནས་ཉིན་བཅུ་ལྷག་ལ་འདུག་པ་དང་།   དེ་ལ་སྡེ་ཚོ་ཕན་ཚུན་གྱི་སྦྲ་རས་ཕུབ་མཁན་དང་། ཟས་གཡོ་སྦྱོར་བྱེད་མཁན།  ཁལ་རྟ་ལ་བདག་བྱེད་མཁན་སོགས་ཕལ་ཆེར་མི་དྲུག་ཅུ་ནས་བདུན་ཅུ་ཡོད་པའང་ཡོད། དེ་ཡང་ཁ་དཔེར་གྱོད་ཆེན་ལ་སྐམ་སྐོར་དང་།   གྱོད་འབྲིང་ལ་ལུག་སྐོར། གྱོད་ཆུང་ལ་ཤ་སྐོར་ཞེས་གྱོད་ཀྱི་ཆེ་ཆུང་ལྟར་ཕྱོགས་གཉིས་ཀས་ཟས་བཅུད་ཟ་མ་གང་བཟང་ཡང་མཁོ་འདོན་བྱེད་དགོས་པ་ཡིན།  གྱོད་ཆུང་ཡིན་ན་གཟུ་པ་མི་གཅིག་གིས་བཤད་པའང་ཡོད་ནི་རེད།   གཟུ་བས་གྱོད་འདུམ་འགྲིག་བྱས་རྗེས་གྱོད་ཀྱི་རྔ་མ་བརྟན་བྱེད་དུ་རྒྱུན་དུ་སྤྱོད་བཞིན་པའི་ཐབས་ལམ་ནི་དགོས་གལ་ཡོད་ན་གྱོད་པ་ཕན་ཚུན་གཉིས་ལ་མནའ་གཅོད་དུ་བཅུག་པ་ཡིན། དེ་ལ་ཐོག་མར་མནའ་མི་གཅོད་ཟེར་མཁན་མང་མོད། སྡེ་བ་ཚོ་བའི་རྒན་པོ་བསམ་ཤེས་རྣམས་དང་།  དེ་བཞིན་ཕྱོགས་གཉིས་ཀར་ཡིད་ཆེས་དང་དད་པ་ཡོད་པའི་བླ་མ་སོགས་གདན་དྲངས་ནས་མགོ་ཐོག་ལ་བུམ་པ་བཞག   ལྕེ་ཐོག་ལ་བུམ་ཆུ་བླུགས་ནས་ཁ་ཏ་སློབ་གསོ་བཏང་ན། མནའ་མི་གཅོད་ཐབས་མེད་པས་རྗེས་ཕྱོགས་གླེང་རྒྱུ་མེད་པ་ཡིན།  བཤད་རྒྱུན་ལའང་ཚེ་ཕྱི་མར་ཡང་རང་གི་ཕ་མ་དང་མི་གཞི་རྩ་ལག་ལ་མི་འཕྲད་ཀྱང་།  མནའ་བཅད་ལ་འཕྲད་པ་ཡིན་ཟེར་བའི་བཤད་སྲོལ་ཡོད་པས་བོད་མི་རྣམས་ཀྱིས་མནའ་བཅད་ལ་ཧ་ཅང་མཐོང་ཆེན་བྱེད་པ་ཡིན། ང་ཚོས་གོང་གི་གཟུ་བཤད་མྱོང་པའི་རྒན་པོ་འདི་རྣམས་ཀྱི་སྐད་ཆར་ཉན་རྗེས་གཟུ་བ་དང་གྱོད་པར་གོ་བ་རགས་ཙམ་བསྐྱེད་ཐུབ་སོང་། དེས་ན་གཟུ་བ་ནི་“མིག་གཉིས་བར་གྱི་གདོང་བ་དང་ཆུ་གཉིས་བར་གྱི་ཟམ་པ་ལྟ་བུ་སྟེ་སྤྱི་སེམས་ཆེ་ཞིང་སྒེར་སེམས་ཆུང་བ་ཞིག་ཡིན་དགོས་པའི་སྟེང་བློ་རིག་བཀྲ་ཞིང་གཏམ་བཤད་ཀྱི་ཁ་ལྕེ་རྣོ་བ།   དུས་རྒྱུན་གཟུ་བཤད་པ་དྲང་ཞིང་སྙོམ་པ། ངོ་ཆེན་ངོ་མེད་མི་འཛིན་པར་རྒྱུ་འབྲས་བརྩི་བ།  ཕྱོགས་གཉིས་གང་གི་མཐའ་ལའང་མ་ལྷུང་བ་ཞིག་ཡིན་དགོས་པ་མ་ཟད་ཉམས་མྱོང་ཡང་མང་པོ་ལྡན་དགོས། དེ་ལྟར་ཡིན་ན་གཟུ་བར་རང་འགུལ་གྱིས་བརྩི་བཀུར་ཐོབ་པ་དང་།  འབྱུང་འགྱུར་སྡེ་དོན་མི་དོན་བཤད་པའི་མི་སྣ་གཙོ་བོར་འགྱུར་པའི་རྨང་གཞི་ལྟ་བུ་ཞིག་ཀྱང་ཡིན་སྙམ། ད་དུང་གཟུ་བས་གྱོད་གཞིའི་ཆེ་ཆུང་ངམ་སྐབས་དོན་གྱི་གནས་ཚུལ་ལ་བལྟས་ནས་བཙན་གཉོམ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལག་བསྟར་བྱས་ན་གྱོད་དེ་ཐག་གཅོད་བཟང་པོ་ཞིག་བྱེད་ཐུབ་པར་ཕན་ཐོགས་ཡོད།   མདོར་བསྡུས་ཏེ་བཤད་ན་ཉེ་རིང་ཆགས་སྡང་དང་བྲལ་བ་དང་ཕྱོགས་ལྷུང་གི་དབང་དུ་མ་སོང་བར་འདུམ་འགྲིག་བྱེད་པའི་ཆོད་དོན་ལ་“གཟུ་”ཟེར་སྲོལ་ཡོད་པ་དང་།  དེ་ནི་གཟུ་བོ་ཡི་མིང་མཐའ་བསྡུས་པ་ཡིན་ལ།  གཟུ་བོ་ཞེས་པའང་ཕྱོགས་ཞེན་མེད་པའི་བྱ་སྤྱོད་ཀྱི་མིང་ལ་འཇུག་པ་ནི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དོན་བྱ་གང་ཞིག་བསྒྲུབ་ཀྱང་བློ་གཟུ་བོར་གནས་དགོས་ཞེས་པ་ལྟ་བུ་ལས་ཀྱང་གོ་བ་རགས་ཙམ་ལོན་ཐུབ།  རྒྱུ་མཚན་དེའི་དབང་གིས་གོང་གི་“གཟུ་”ཡིག་ལ་བདག་སྒྲ་བ་སྦྱར་ན་“གཟུ་བ་ཞེས་པའི་མིང་གྲུབ་པ་ཡིན་པས་དེ་ནི་ལས་དེ་སྒྲུབ་མཁན་གྱི་བདག་པོ་གང་ཟག་ཅིག་ལ་གོ་དགོས།  དེ་བས་“གཟུ་བ་ནི་བོད་དམངས་ཁྲོད་ཀྱི་སྡེ་ཚོ་ཕན་ཚུན་བར་ས་རྩོད་ཆུ་རྩོད་དང་མི་ཤི་རྟ་འགྱེལ།   བརྐུ་འཕྲོག་གཉེན་འཐོར་སོགས་རྩོད་གླེང་སྣ་ཚོགས་བྱུང་བར་འདུམ་འགྲིག་བྱེད་མཁན་གྱི་མི་ལ་ཟེར་བ་དང་།   ཡང་སྔོན་གྱི་ཁྲིམས་ཡིག་རྙིང་པ་རྣམས་སུ་ཞལ་ལྕེ་ཟེར་དུས་རྒྱལ་ཁྲིམས་སམ་ཁྲིམས་བཅད་པའི་མིང་ལ་གོ་ཡོད་པ་དང་།⑥ ཁ་མཆུ་བསྡུམ་པ་ལ་ཞལ་ལྕེ་བཅད་པ་ཟེར་ཞིང་།   ཞལ་ལྕེ་གཅོད་མཁན་དང་ཞལ་ལྕེ་བ་ནི་ཕྱོགས་སུ་མ་ལྷུང་པའི་ཁ་མཆུ་བསྡུམ་མཁན་ནམ་ཁྲིམས་ལག་བསྟར་བྱེད་མཁན་གྱི་མི་ལ་གོ་ཡོད་པས་དེ་ནི་ཁྲིམས་དཔོན་ནམ་ད་ལྟའི་དམངས་ཁྲོད་ཀྱི་དབང་དུ་བཏང་ན་གཟུ་བ་རེད།   ཏུན་ཧོང་གཏེར་ཡིག་གི་ཁྲིམས་ཡིག་ཐོར་བུ་དག་ལས་ཀྱང་གཙང་དཀར་བཅུ་གཉིས་ཞེས་པ་མང་དུ་བྱུང་ལ།  བདེན་རྫུན་གྱི་བརྡར་ཤ་གཅོད་པའི་བར་མི་དཔང་པོ་མི་སྣ་བཅུ་གཉིས་ཀྱིས་གྲུབ་ཡོད་པ་དེ་དག་ཀྱང་དོན་ལ་བཙན་པོའི་དུས་སྐབས་ཀྱི་གཟུ་བ་རེད། གནའ་དེང་གཉིས་ཀྱི་གཟུ་བ་གང་ཡིན་རུང་ཆུང་བྱིས་པའི་དུས་ནས་བོད་པ་རང་གི་སྤྱི་ཚོགས་འཚོ་བར་ཆ་རྒྱུས་ཆེ་ཞིང་།  ལྷག་པར་དུ་ལོ་ཟླ་མང་པོར་གྱོད་བཤད་པ་དང་།  གཉེན་བཤད།  སྟོན་བཤད། གཏམ་དཔེ་སོགས་ལ་གོ་ཐོས་མཐོང་གསུམ་མང་བ་མ་ཟད། དམངས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་སྐད་ཆའི་ཞིང་ས་གཤིན་པོ་ནས་ནར་སོན་པ་དང་གསོག་འཇོག་བྱས་ཡོད་པ་སོགས་ནི་འབྱུང་འགྱུར་གཟུ་བ་བཟང་པོ་ཞིག་ཏུ་འགྱུར་བའི་ཆ་རྐྱེན་རེད།   དེ་ལས་གཟུ་བ་ལ་བརྟེན་ནས་གྱོད་བསྡུམ་པའི་དམངས་སྲོལ་རིག་གནས་འདི་ནི་གནའ་ནས་ད་ལྟའི་བར་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་ཞིང་ཤུགས་རྐྱེན་ཟབ་ལ། ནུས་པ་ཡང་མི་དམན་པ་ཐོན་མྱོང་བའི་རྒྱུ་མཚན་གྱིས་བོད་པའི་སྤྱི་ཚོགས་ཀྱི་ཐུ་འོག་ནས་ནར་སོན་པའི་མི་ཞིག་ཡིན་ཕྱིན།   མ་མཐའ་ཡང་གཟུ་བ་ཞེས་པ་ནི་ཡ་ཡོ་འཁྱག་འཁྱོག་མེད་པར་བློ་དྲང་མོར་གནས་པ་དང་རྒྱུ་འབྲས་དྲང་སྙོམ་བྱེད་མཁན་ཞིག་ཡིན་པར་འདོད་པའི་དོན་སྤྱིའི་གོ་བ་རགས་ཙམ་ཆགས་ཡོད། དེ་བཞིན་ཁ་མཆུ་ལ“གྱོད་”ཟེར་བ་དང་།  ཁ་མཆུ་ཅན་ལ་“གྱོད་པ་”ཞེས་སྨྲ་བ་ནི་བོད་པ་སྤྱིའི་ལུགས་ཡིན་ཞིང་གྱོད་གང་ཞིག་ཡིན་ཡང་དེར་གྱོད་བདག་དང་གྱོད་ཡ་ཕྱོགས་གཉིས་ཡོད་པ་ནི་བསྙོན་དུ་མེད་ལ། ཕན་ཚུན་ཁ་གཏད་དུ་ལངས་པའི་ཆ་ནས་གྱོད་བདག་དང་གྱོད་ཡའི་ཁྱད་པར་བྱུང་བ་ཡིན། དཔེར་བཞག་ན།   ངའི་རྟ་རྐུན་མས་བརྐུས་པ་ལས་ངེད་གཉིས་བར་གྱོད་བྱུང་ན།  ང་“གྱོད་བདག་”ཡིན་པ་དང་རྐུན་མ་དེ་ངའི་“གྱོད་ཡ་”རེད།    དེ་ནི་ཕན་ཚུན་ལྟོས་བཅས་ཀྱིས་འདོགས་པ་ཡིན།   སྤྱི་ཚོགས་རྙིང་པའི་ནང་གྱོད་བདག་གཏམ་བཤད་པའི་ཁ་ལྕེ་རྣོ་ཞིང་གཏན་ཚིགས་ཆེ་བ། རྟགས་དང་རྒྱུ་མཚན་གསལ་བ། སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་གཞན་ཡིད་འགུགས་ཐུབ་པ།  སྐབས་དང་བསྟུན་ནས་གཞན་ལ་ཁ་གྲགས་རྒྱུ་མེད་པ་བཟོ་ཐུབ་མཁན་ཞིག་ཡིན་ཕྱིན་གཞན་གྱིས་ཀྱང་གླགས་མ་རྙེད་པར་སྟོང་སོགས་ཀྱང་ཆེན་པོ་ལེན་ཐུབ་པ་དང་།   དེ་མཚུངས་མི་བདག་གཉོམ་ཆུང་ངམ་གྱོད་བཤད་པར་མི་མཁས་པ་ཞིག་ཡིན་ན་རྐུན་མའམ་གྱོད་ཡས་བཤད་པར་གཏམ་ལན་མ་རྙེད་པས་སྟོང་ཉུང་ངུ་ལས་མི་ལོན་པའམ་ཕམ་ཁ་མྱོང་པའི་སྣང་ཚུལ་སྐབས་དེའི་སྤྱི་ཚོགས་ཧྲིལ་པོར་ཁྱབ་ཡོད་པས།    སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་རྒྱལ་ཕམ་ཐག་གཅོད་བྱེད་པ་འདི་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སམ་རིག་གནས་སྣང་ཚུལ་ཞིག་ཡིན་སྙམ།
གསུམ་པ། གཟུ་ཡི་ཐ་མའི་ཐག་གཅོད་སྟངས་ཀྱི་རིགས་སམ་ཤེར་⑦ལ་འཇོག་ཚུལ་བཤད་པ།
             མདོ་སྨད་འབྲོག་ཁུལ་གྱི་ཤེར་ལ་འཇོག་པ་ཞེས་པའི་ཚིག་དོན་ལ་ཡང་དང་ཡང་དུ་བསམ་བློ་བཏང་ན་ཤེར་ཟེར་པ་ནི་ཕལ་ཆེར་“བཤེར་”ཞེས་པའི་གོ་དོན་དང་གཅིག་མཚུངས་རེད་སྙམ།  མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་ཁྱད་པར་ལས་མདོ་སྨད་འབྲོག་ཁུལ་ནས་བཤེར་གྱི་སྔོན་འཇུག་བ་ཡང་བར་ཀློག་པ་དང་རྗེས་འཇུག་ར་ལྕི་བར་བཀླགས་པས་རང་ཤུགས་ཀྱིས་ཤེར་གྱི་སྒྲ་བྱུང་པ་དེ་ལོ་ཟླའི་འགྲོས་དང་བསྟུན་ནས་དམངས་ཁྲོད་དུ་རྒྱུན་འབྱམས་སུ་སོང་པ་ཡིན་སྙམ། དེས་ན་བཤེར་ཞེས་པ་འདི་ལ་བསམ་བློ་ཞིབ་མོ་བཏང་ཞིང་བརྟག་དཔྱད་ཡང་ཡང་བྱས་ཏེ་གྱོད་གཞི་ཞིབ་ཏུ་བཤེར་ནས་ཐག་བཅད་པ་ལྟ་བུའི་གོ་དོན་ཅིག་དང་།  ཡང་ཕན་ཚུན་ཁ་བསྡུར་བའམ་ཚིག་བཤེར་ནས་བདེན་མིན་བརྟག་པའི་དོན་ཕྱོགས་གཉིས་ཡོད་པ་གང་ཡིན་རུང⑧ང་ཚོས་གླེང་བར་བྱ་བའི་ཤེར་གྱི་གོ་དོན་འདུས་ཡོད་སྙམ།   བརྐུས་བྱས་པ་སོགས་འབྲེལ་ཡོད་ཀྱི་གྱོད་དོན་བྱུང་བ་ལས་གྱོད་པ་ཕྱོགས་གཉིས་ཕན་ཚུན་ཡིད་མ་ཆེས་པའམ་ཁས་མ་བླངས་པའི་འོག་དངོས་ཡོད་མི་ཡི་བློ་ནུས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བས་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དཔང་དུ་བཞག་ནས་ལག་པ་གཡིས་ལ་བསྒྲེ་བ་ལྟ་བུའི་ཐབས་བེད་སྤྱད་དེ་བདེན་བདར་བའམ་བདེན་བཤེར་བ་ལ་ཤེར་ལ་འཇོག་པ་ཟེར་ཆོག    ད་དུང་ཤེར་ལ་འཇོག་པ་ཞེས་པ་འདིར་གྱོད་པ་ཕྱོགས་གཉིས་ཀས་གཏན་ལ་ཕབ་པའི་ཁ་དན་ནམ་ཚིག་དན་དཔང་དུ་བཞག་ནས་འབའ་བསྣོལ་བའམ་རྒྱན་བཞག་པ་ལྟ་བུའི་དོན་ཞིག་ཀྱང་ཕྱིར་མངོན་ཡོད། དེས་ན་སྔར་མདོ་སྨད་ཡུལ་དུ་གྱོད་བདག་དང་གྱོད་ཡ་གཉིས་ཀྱིས་རང་རང་གི་བདེན་ཚིག་བརྗོད་ནས་གཟུ་བས་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་པའི་འོག་ས་གནས་དང་དུས་ཚོད་སོགས་གཏན་འཁེལ་བྱས་རྗེས་གྱོད་པ་ཕྱོགས་གཉིས་ཀས་བསགས་པའི་དགེ་བ་དང་།  བསྟེན་པའི་ཡི་དམ་ཆོས་སྐྱོང་སོགས་དཔང་དུ་བཞག་ནས་མནའ་སྐྱེལ་བ། ཟན་གྱི་རིལ་བུ་དཀྲུགས་པ། ལྕགས་ཀྱི་སྟ་རེ་ངར་མ་འཕེན་པ།   གཡིས་ཁོལ་མའི་ནང་ལག་པ་བསྒྲེས་ནས་འཚིག་མིན་ལ་ལྟ་བ།  ཤོ་མིག་འཕེན་པ་སོགས་ཀྱི་ཐབས་ལམ་བེད་སྤྱད་ནས་སུ་ལ་བདེན་ཡོད་མེད་བརྟག་པའམ། ཡང་ན་གཟུ་བའི་ལྟ་རྟོགས་འོག་གྱོད་པ་ཕྱོགས་གཉིས་ཀས་རྟ་ནོར་ལུག་གསུམ་སོགས་ཀྱི་བཟང་ངན་དང་ཁ་གྲངས་མང་ཉུང་མེད་པ་བྱས་རྗེས་རྒྱན་རྟེན་བྱེད་པའམ་འབའ་བསྣོལ་བ་ལྟ་བུ་ལ་མདོ་སྨད་ཡུལ་ནས་ཡོངས་གྲགས་སུ་ཤེར་ལ་འཇོག་པ་ཟེར་ཞིང་།  ཕྱུགས་ཟོག་འདི་རྣམས་ཀྱི་མིང་ལ་“ཤེར་ཟོག་”ཟེར།  གལ་ཏེ་སུ་རྒྱལ་ན་ཕ་རོལ་བོས་བཞག་པའི་ཤེར་ཟོག་ཐམས་ཅད་དེ་ལ་གཏོགས་པ་ཡིན། གྱོད་པའི་འབྱོར་ཕྱུག་གི་དབང་གིས་ཤེར་ཟོག་འདོགས་པ་ལ་མང་ཉུང་དང་ཆེ་ཆུང་ཡོད་དེ་“བརྒྱད་ཅུ་ཁ་སྤྲོད། དྲུག་ཅུ་རྩེ་སྤྲོད་”སོགས་ཆེ་བ་རྟ་ཟོག་བརྒྱད་ཅུ་ནས་ཆུང་བ་གཡག་ལུག་ར་གཅིག་གི་བར་ཡོད་པ་དང་།  ཐབས་འདི་དག་ནི་བརྐུ་བྱེད་པའི་གྱོད་ལ་བེད་སྤྱོད་གཏོང་བ་གཙོ་ཆེ་ཡང་གྱོད་རིགས་གཞན་ལ་མི་སྤྱོད་པ་གཏན་ནས་མ་ཡིན། ད་དུང་ཡང“སྐེ་རྒྱག་”ཅེས་པ་གྱོད་པ་ཕྱོགས་གཉིས་ཀྱི་སྡེ་བ་ཚོ་བ།  ཤ་ཉེ་རིང་སོགས་ཀྱིས་གྱོད་དེའི་ངོས་ཐད་ནས་རྒྱན་ནམ་ཤེར་དུ་རྟ་ཟོག་འདོགས་རོགས་བྱེད་པ་དང་། ཤེར་ཐོབ་སོང་ན་རང་ལ་ཡང་དེ་མཚུངས་རྟ་ཟོག་གི་ཡོང་སྒོ་ཡོད་པ་དང་།  ཤེར་ཕམ་སོང་ན་རང་གི་གྱོང་གུད་ཡིན། གྱོད་ཡ་དབུལ་བོ་ཞིག་ཡིན་ན་སྐེ་རྒྱག་མི་དགོས་ཟེར་ནས་རང་དང་གྱོད་ཡའི་ཤེར་ཟོག་ལས་གཞན་འདོགས་སུ་མི་འཇུག་པའང་ཡོད།  གོང་དུ་གླེང་པའི་ཤེར་འཇོག་སྟངས་ཀྱི་ཐབས་ལམ་འདི་དག་སྤྱིར་བཏང་དུ་རྐུན་མར་འདོད་མཁན་གྱིས་ལེན་དགོས་མོད།  འོན་ཀྱང་གྱོད་ཡ་བཙན་པོ་ཞིག་ཡིན་ན་ཤེར་ཁ་བསྐོར་དགོས་ཟེར་ནས་རྒྱུ་བདག་གིས་ལེན་དགོས་པའང་ཡོད།
             གཅིག ཟན་གྱི་རིལ་བུ་དཀྲུགས་པ། དེ་ལ་ཐོག་མར་གཟུ་བས་རྩམ་པ་སྙི་རྫི་བྱས་ནས་རིལ་བུ་ཆེ་ཆུང་མེད་པ་གཉིས་བཟོས་པ་དང་།  རིལ་བུའི་ཁོག་ཏུ་རྡེའུ་དཀར་ནག་གམ་བལ་དཀར་ནག  ཡང་ན་ཤོག་བུའི་ཐོག་ཡི་གེ་“དཀར་”དང་“ནག་”གཉིས་བྲིས་ནས་འཇོག་པ་ཅི་རིགས་ཡོད། དེ་གཉིས་རྒྱ་མར་འཇལ་ནས་ལྗིད་ཚད་ཅི་ཡང་མེད་པ་བྱས་རྗེས། རིལ་བུ་དེ་གཉིས་ཁ་བལ་དཀར་གྱིས་དཀྲིས་པའི་རག་གམ་ཟངས་ཀྱི་ཀ་ཏོ་ར་ཞིག་གི་ནང་དུ་འཇོག་པ་དང་། ཁྲུས་ཆུ་དཀར་པོ་ཅུང་ཙམ་བླུགས་རྗེས་གཟུ་བས་ཀ་ཏོ་ར་བཟུང་སྟེ་གྱོད་པ་ཕྱོགས་གཉིས་དང་མི་ཚོགས་འཚོགས་པའི་དབུས་སུ་ཡང་ཡང་བསྐོར་ན་ནང་གི་ཟན་གྱི་རིལ་བུ་དེ་གཉིས་རྒྱུག་པར་བྱེད། དེ་དུས་གཟུ་བས་ཁ་ནས་བདེན་ཚིག་སྣ་ཚོགས་བརྗོད་ཀྱིན་ཡོད་དེ། དཔེར་ན།“ཨ་་་་་་བོད་ཀྱི་ལུས་ལྷ་སྡེ་བརྒྱད།  ཕོ་ལྷ་དགྲ་ལྷ།  ཆོས་སྐྱོང་སྲུང་མ།  ཡུལ་ལྷ་གཞི་བདག  འདི་གཉིས་ལ་མཐོ་དམའ་གནམ་ས་འདྲ་བ་ཡོད་རུང་།  རྒྱུ་འབྲས་རྒྱ་མ་འདྲ་བ་དགོས། ལས་རྒྱུ་འབྲས་ལྟག་རྫོགས་བྱེད་མི་ཉན། བྱ་བ་ཁྱད་གསོད་བྱེད་མི་ཉན། སྔོན་གྱི་ལས་དབང་ལ་ལྟ་མི་ཉན། ཁ་སང་དེ་རིང་གི་ཁ་རྒྱབ་དབང་ཐང་ལ་ལྟ་མི་ཉན། ལས་རྒྱུ་འབྲས་ཁྱད་པར་ཅན།  འདི་དཀར་པོ་དཀར་ཆིལ་ལེ་འགྲོ་དགོས།   ནག་པོ་ནག་འཐིབ་བེ་འགྲོ་དགོས་”⑨ཟེར་ནས་ཡི་དམ་ཆོས་སྐྱོང་སོགས་ལ་རྒྱུ་འབྲས་བསླུ་མེད་ཡོང་པར་སྐྱབས་བཅོལ་བ་དང་བདེན་ཚིག་བརྗོད་པ་ལ་བརྟེན་ནས་རིལ་བུ་གཅིག་ཕྱི་ལ་ལྡང་བའམ་མ་ལྡང་ན་རྐུན་མས་སྔ་མར་ལེན་དགོས་པ་དང་གྱོད་བདག་གིས་རྗེས་མར་བླངས་ནས་བདེན་རྫུན་དཀར་ནག་ལ་ལྟ་དགོས། སུས་དཀར་པོ་བླངས་ན་བདེན་ཡོད་པས་རྒྱལ་སོང་བ་དང་ནག་པོ་བླངས་ན་ཕམ་སོང་པ་ཡིན།  གྱོད་དང་འཕྲད་པ་ལས་ཟན་གྱི་རིལ་བུ་དཀྲུགས་པའམ།   གཤམ་གྱི་གཡིས་ཁོལ་མའི་ནང་ལག་པ་བསྒྲེ་བ།   ལྕགས་ཀྱི་སྟ་རེ་ངར་མ་འཕེན་པ།  ཤོ་མིག་གི་མང་ཉུང་ལ་ལྟ་བ་སོགས་གང་ཡིན་རུང་ལག་ལེན་མ་བྱས་པའི་ཡར་སྔོན་ནས་གྱོད་པ་ཕྱོགས་གཉིས་ཀས་རང་རང་གི་ཡུལ་ལ་ཆེད་དུ་ཨ་མཆོད་གདན་དྲངས་ནས་རྔ་སྦུབ་སོགས་ཀྱི་སྒྲ་བར་ཆད་མེད་པར་དཀྲོལ་བཞིན་བསྐང་བ་འདོན་པ་སོགས་འབྲེལ་ཡོད་ཀྱི་བཅའ་བ་རིམ་གྲོ་མང་པོ་སྒྲུབ་པ་དང་།   རང་རང་གིས་ཀྱང་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་བཅས་ལ་བསང་གཏོང་པ།   ཕོ་ལྷ་དགྲ་ལྷར་གསོལ་མཆོད་བྱེད་པའི་ཆོས་ལུགས་ཆོ་ག་སྣ་ཚོགས་སྤེལ་བ་འདི་དག་དོན་ལ་རང་ཉིད་གཞན་ལས་རྒྱལ་བའི་དམིགས་ཡུལ་ཁོ་ན་ལས་མ་འདས།
             གཉིས།  གཡིས་ཁོལ་མའི་ནང་ལག་པ་བསྒྲེ་བ། གཡིས་ལ་བསྒྲེ་མཁན་གྱི་མི་དེས་རྟེན་འབྲེལ་ལ་བརྟག་ནས་རྟ་དཀར་པོ་ཞིག་ལ་ཞོན་པ་དང་།  ལག་པ་ཡར་བསྒྲེངས་ཤིང་ལག་མགོར་ཁ་བཏགས་སམ་རས་དཀར་པོ་ཞིག་གིས་གཡོགས་ནས་གཟུ་བ་དང་གྱོད་ཡ་སོགས་མི་ཚོགས་འཚོགས་པའི་དབུས་སུ་འོངས་ལ། མཁར་ཟངས་ནང་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་གཡིས་ཁོལ་མ་དེ། མཐོ་དམའ་ལ་ཕལ་ཆེར་ཁྲུ་གང་ཡོད་ལ་མགོ་ཅུང་ལེབ་མོ་ཡིན་པའི་རྡོ་འཕྱོ་ཟེར་བའི་རྡོ་ཞིག་བསླངས་ཡོད་པའི་སྟེང་ཕོག་པ་དང་བསྟུན་ནས།  གྱོད་པས་ཐོག་མར་ཁྲུས་ཆུ་དཀར་པོའི་ནང་ལག་པ་བསྒྲེས་རྗེས། དེའི་ཉེ་འགྲམ་དུ་ས་ནག་ཅུང་བླུགས་ཡོད་པའི་སྟེང་རྐང་བ་སྤོས་ནས་གཟུ་བའི་ལྟ་རྟོགས་འོག་གཡིས་ནང་ལ་ལག་པ་བསྒྲེ་དགོས་བ་ཡིན།  སྐབས་འདིར་གོང་བཞིན་གཟུ་བས་སྐད་གསེང་མཐོན་པས་ཡི་དམ་ཆོས་སྐྱོང་སོགས་ལ་རྒྱུ་འབྲས་ཀྱི་བདེན་ཚིག་བརྗོད་པ་དང་གཡིས་ལ་བསྒྲེ་མཁན་གྱི་ཁ་ནང་དུ་ཤེར་ཚིག་འཇོག་པ་ཡིན།  ཤེར་ཚིག་ཟེར་བ་ཡང་གཡིས་ལ་བསྒྲེ་མཁན་གྱི་མི་དེས་གྱོད་བདག་གི་མིང་ནས་བཟུང་སྟེ་ངས་མི་དེ་ལ་བརྐུ་བྱས་ཡོད་པའམ་རྒྱུ་འབྲས་དང་མི་མཐུན་པ་ཞིག་བྱས་ཡོད་པ་ཡིན་ན་ཡི་དམ་ལྷས་བཀའ་ཆད་ཕོག་ནས་ང་དེ་རིང་ནག་ཚིག་གེ་འགྲོ་དགོས། དེ་མིན་ན་ཉེས་མེད་བུ་ལ་བཀའ་ལོག་བྱས་པས་བདེན་པའི་དཀར་ཆིལ་ལེ་འགྲོ་དགོས་ཟེར་ནས་ཀུན་ལ་གོ་བར་སྒྲོག་དགོས་པ་དང་། གཡིས་ལ་བསྒྲེས་རྗེས་མྱུར་དུ་ལག་པ་ཡར་བསྒྲེངས་ནས་སྔོན་བཞིན་ཁ་བཏགས་སམ་རས་དཀར་པོས་གཡོགས་ཏེ་རང་གི་མི་གཞི་རྩ་ལག་གིས་བསྐོར་ནས་འགྲོ་བ་ལས་ཉིན་དེར་ལག་པ་ཚིག་ཡོད་མེད་ལ་མི་བལྟ།  ཉིན་དེའི་དགོང་མོར་རང་གི་ཁྱིམ་རོགས་དང་ཤ་ཉེ་རིང་སོགས་འོངས་ནས་མཚན་གང་པོར་གེ་སར་སྒྲུང་ངམ་གནའ་གཏམ་བཤད་པ། གླུ་ལེན་པ་སོགས་བྱས་ནས་གཡིས་ལ་བསྒྲེ་མཁན་གྱི་མི་དེ་གཏན་ནས་གཉིད་དུ་མི་འཇུག་ལ། ལག་པ་ཡར་ལ་བསྒྲེངས་ནས་རང་ཉིད་དམ་མི་གཞན་གྱིས་ཕུར་ཕུར་བྱེད་བཞིན་ལག་མགོར་ཁྲག་རྒྱུག་ཏུ་མི་འཇུག གཉིད་པའམ་ལག་མགོར་ཁྲག་རྒྱུག་ན་འཚིག་འགྲོ་བའི་ཉེན་ཁ་ཡོད་ཟེར། ཕྱི་ཉིན་ནམ་ལངས་དུས་ལག་པ་ཚིག་མེད་ན་དཀར་སོང་པ་ཡིན།  གཡིས་ལ་བསྒྲེ་མཁན་གྱི་གྱོད་པ་དེ་བཙན་པོ་ཞིག་ཡིན་ན་ལག་པ་ཚིག་ཡོད་མེད་ལ་ལྟ་བྱེད་དུ་ད་དུང་གྱོད་ཡའི་ལག་ནས་འབྲིའམ་གཡག་སོགས་ལེན་པ་ཡོད།   གལ་ཏེ་སུ་དཀར་སོང་ན་དེའི་ཀི་ཀི་བསྭོ་བསྭོ་སྒྲོག་པ་དང་།  ལྷ་རྒྱལ་འཐེན་པ། བོའུ་རྒྱག་པ། རྟ་རྒྱུག་པ་སོགས་བྱེད་བཞིན་ཐོབ་སོང་པའི་ཤེར་ཟོག་དེད་ནས་རང་ཡུལ་ལ་ཆས་འགྲོ་བ་ཡིན།
             གསུམ། ལྕགས་ཀྱི་སྟ་རེ་ངར་མ་འཕེན་པ། 
             ཐོག་མར་གྱོད་པ་ཕྱོགས་གཉིས་ཡིད་འཐད་ཡིན་ན་གཟུ་བས་ཤེར་ལ་འཇོག་པའི་གཏན་འཁེལ་གྱི་ཉི་མར་མ་ཐོན་སྔོན་ནས་མགར་བ་ཞིག་ལ་ལྕགས་ཀྱི་སྟ་རེ་བརྡུང་དུ་འཇུག་པ་དང་། ཤེར་ལ་འཇོག་ཉིན་ནང་སྔ་མོ་ནས་ལྕགས་ཀྱི་སྟ་རེ་སོལ་བའི་ནང་བཞག་ནས་ངར་ཐག་ཆོད་པ་བྱུང་རྗེས།   དེ་ཡང་རྡོ་འཕྱོ་ཟེར་བ་རྡོ་ཡར་ལ་ཁྲུ་གང་ཡོད་པ་ཞིག་གི་སྟེང་དུ་སྟ་རེ་ངར་མ་དེ་འཇོག་པ་དང་།   འཕེན་མཁན་གྱིས་ལག་པ་འོ་མའམ་ཁྲུས་ཆུ་དཀར་པོའི་ནང་བསྒྲེས་རྗེས་ཉེ་འགྲམ་དུ་ས་ཅུང་བླུགས་ཡོད་པ་དེའི་སྟེང་རྐང་བ་སྤོས་ནས་ལྕགས་ཀྱི་སྟ་རེ་དེ་འཕེན་དགོས་པ་ཡིན། གོམ་པ་དགུའི་མཚམས་ན་ཐོ་བསླངས་ཡོད་པ་དང་།  ཐོ་དེའི་ཕར་ནང་ལ་འཕེན་མ་ཐུབ་པའམ་ལག་པ་ཚིག་ཡོད་པ་གང་ཡིན་ཀྱང་བདེན་ཡུས་མེད་པར་ནག་སོང་བར་བཤད།   ཡང་ཕྱོགས་གཉིས་ཀྱིས་སྟ་རེའི་ལྗིད་ཚད་ཐག་གཅོད་བྱ་བ་དང་།    སྟ་རེའི་ལྗིད་ཚད་ལྟར་ཤེར་ཟོག་འདོགས་དགོས་པའི་བཤད་རྒྱུན་ཡང་ཡོད།  ལྕགས་ཀྱི་སྟ་རེ་འཕངས་རྗེས་ལག་མགོར་ཁ་བཏགས་སམ་རས་དཀར་པོ་འདོགས་པ།  ཉིན་དེར་ལག་པ་ཚིག་ཡོད་མེད་ལ་མི་ལྟ་བར་ཕྱི་ཉིན་ལྟ་བ་དང་།  གཟུ་བས་བདེན་ཚིག་བརྗོད་པ། གྱོད་པས་ཤེར་ཚིག་ཁ་ནས་བླུ་བ། ཨ་མཆོད་གདན་དྲངས་ནས་བཅའ་བ་རིམ་གྲོ་བསྒྲུབ་པ།  རང་གིས་ཀྱང་ཡི་དམ་ཆོས་སྐྱོང་འབོད་པ་སོགས་གཡིས་ནང་ལ་ལག་པ་བསྒྲེ་བའི་ཆོ་ག་རྣམས་དང་གཅིག་མཚུངས་ཡིན།   གཞན་གོང་གི་དཀར་ནག་འབྱེད་པའི་བྱེད་ཐབས་འདི་དག་ལ་དྲང་བདེན་དང་རྒྱུ་འབྲས་མ་ཡིན་པའི་སྣང་ཚུལ་རེ་འགའ་ཡང་ཡོད་དེ།   གཅིག་ན་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའམ་གཉིས་སུ་གཡོ་སྒྱུ་ལ་བརྟེན་ནས་རྒྱལ་ཐུབ་པ་ཡོད། ཟན་གྱི་རིལ་བུ་ལ་མཚོན་ན་གཟུ་བ་མ་དྲང་པར་གྱོད་པ་ཕྱོགས་གཅིག་དང་བློ་ཁོག་མཐུན་ན་རིལ་བུ་གཉིས་ཀའི་ནང་ཡི་གེ་“ནག་”བྲིས་ཡོད་པ་དང་།  གཞན་ཕྱོགས་ཀྱིས་སྔོན་མར་གང་བླངས་ཀྱང་ནག་ཡིན་པས་ཕམ་དུ་བཅོས་པ་ཡོད་ལ། གཡིས་ཁོལ་མའི་ནང་ལག་པ་བསྒྲེ་བ་ལའང་རྐུན་མས་གྱོད་ཀྱི་ཡུན་བསམ་གཟས་ནས་བསྲིངས་ཏེ་ཟླ་བ་ལྔ་དྲུག་ཙམ་ལ་འགོར་འགྱངས་བྱེད་ལ།  དུས་ཡུན་དེའི་རིང་ལ་ལག་པའི་སེན་མོ་རིང་པོ་སྐྱེ་རུ་འཇུག་པ་ཡིན།  སེན་མོ་རིང་པོར་གྱུར་རྗེས་ལག་པའི་སེན་མོ་ཙམ་ཁོལ་ཐག་ཆོད་ཡོད་པའི་གཡིས་ལ་བསྒྲེས་ན་གཡིས་ཀྱི་ཝུ་བ་ལག་མགོ་ཙམ་ལ་ཡར་འཕྱུར་ཡང་ལག་པ་མི་འཚིག་པའི་གཡོ་སྒྱུ་བཀོལ་བ་དང་། ལྕགས་ཀྱི་སྟ་རེ་འཕེན་པ་ལ་མཚོན་ནའང་གྱོད་ཡུན་བསྲིངས་ནས་ཟླ་ངོ་རེ་གཉིས་འགོར་དུ་འཇུག་པ་དང་།  དེའི་རིང་རྐུན་མས་ནངས་སྔ་མོར་ཉིན་རྒྱུན་ཆག་མེད་དུ་རང་བཞིན་གྱི་ལྕགས་མེ་ལ་ངར་ནས་འཕེན་པ་དང་།  དེ་ལྟར་ཉིན་འགའ་འགོར་རྗེས་ལག་ངོས་ཀྱི་ཤ་ལྕི་སྲ་མོར་གྱུར་ནས་འཚིག་མི་ཐུབ་པ་རྟོགས་ཡོད། འདི་དག་ནི་ཡོངས་ལ་མ་ཁྱབ་པའི་བྱེ་བྲག་གི་སྣང་ཚུལ་ཙམ་ལས་སྤྱིར་བཏང་དུ་གྱོད་པ་ཕྱོགས་གཉིས་ཡིད་ཆེས་པའམ་ཀུན་གྱིས་ཁས་ལེན་པ་ཞིག་བྱེད་བཞིན་ཡོད།   གཞན་གོང་གི་གཡིས་ཁོལ་མའི་ནང་ལག་པ་བསྒྲེ་བ་དང་སྟ་རེ་ངར་མ་ལེན་ཐུབ་པའི་སྙིང་སྟོབས་ལ་གནའ་བོའི་དཔའ་བོའི་དུས་སྐབས་ཀྱི་མི་སྣའི་སྣང་བརྙན་ཕྱིར་མངོན་ཡོད་པ་མ་ཟད། རྟ་ནོར་ལུག་གསུམ་དང་འབྲེལ་བའི་གྱོད་དོན་མང་དུ་གནས་པའི་ཆ་ནས་ཕྱུགས་ལས་གཙོ་བོར་གཉེར་བའི་འབྲོག་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་སྙམ།
             བཞི།  ཤོ་མིག་ལ་ལྟ་བ།  ཤོ་མིག་ལ་བལྟས་ནས་བདེན་རྫུན་དཀར་ནག་འབྱེད་ནའང་གཟུ་བ་དང་གྱོད་པ་ཕྱོགས་གཉིས་ཀྱི་སྔོན་འགྲོའི་ལས་རིགས་རྣམས་གོང་གསལ་དག་དང་གཅིག་ཡིན་ཞིང་།   མི་འདྲ་བ་ནི་དེ་ལ་ཐོག་མར་གྱོད་པ་ཕྱོགས་གཉིས་ཀྱིས་སྔོན་ལ་སུས་འཕེན་དགོས་པའི་ཤོ་འགོ་རྩོད་དགོས།    ཤོ་ཐོག་མར་འཕེན་མཁན་བཟང་པར་བརྩི། དེ་ལ་ཐོག་མར་གྲུ་བཞི་གླིང་དྲུག་ཅན་གྱི་ཤོ་དེ་མི་རེས་ཐེངས་གསུམ་ལ་འཕངས་ནས་དྲུག་མིག་གམ་དགུ་མིག་སོགས་ཤོ་མིག་གི་ཁ་གྲངས་སུ་ལ་མང་ན་རྒྱལ་ཁ་ཐོབ་པའམ་དཀར་སོང་བ་ཡིན། འོན་ཀྱང་འདི་ནི་གྱོད་ཆུང་གི་རིགས་ལ་སྤྱོད་པ་ལས་གྱོད་ཆེན་པོར་མི་སྤྱོད་པ་ཡིན།   
             ལྔ། མནའ་སྐྱེལ་བ། ཡུལ་སྲོལ་གོམས་གཤིས་སམ་ཆོས་ལུགས་རིག་གནས་ཀྱི་དབང་གིས་བོད་རིགས་ནི་མནའ་ལ་ཤིན་ཏུ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན། དེ་བས་གཟུ་བས་གྱོད་པ་ཕྱོགས་གཉིས་མནའ་ཡིས་བསྒག་པ་ནི་འབྲོག་ཁུལ་དུ་ནམ་རྒྱུན་ལག་ལེན་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན།   མནའ་ཟ་བ་ནི་ཆེས་ཐ་ཤལ་གྱི་ལས་ཤིག་ལ་བརྩི་བས། ཕལ་ཆེར་མནའ་ཟ་མཁན་མེད་པ་དང་བརྒྱ་ལ་སུ་ཞིག་གིས་མནའ་ཟོས་པ་ཤེས་ན་དེ་མི་གྲལ་ལ་མི་འཇོག་པ་རེད།  བོད་དམངས་ཁྲོད་ཀྱི་གཏམ་དཔེའི་ཁྲོད་དུའང“མིས་མི་ཟ་བ་མནའ།  ཁྱིས་མི་ཟ་བ་ལྕགས་”ཟེར་བའམ་ཡང་ན་“བསྐྱལ་བའི་མི་ལ་ཉེས་པ་མེད།  ཟོས་པའི་མི་ལ་ཐར་བ་མེད།་” “དྲི་མ་འཁྲུད་པ་ལ་ཆུ། མི་སྙིང་འཁྲུད་པ་ལ་མནའ།་” “བསྙོན་ཅན་ལ་མནའ། གྱོད་ཅན་ལ་གཟུ་”ཞེས་པ་ལྟ་བུས་མཚོན་པའི་བཤད་རྒྱུན་གང་མང་མང་ཞིག་ཡོད་ལ།  དེས་ན་མནའ་སྐྱེལ་མཁན་དེ་ཡང་མི་གང་རུང་ཞིག་གིས་བསྐྱལ་ན་མི་ཆོག་པར།  གཟུ་བ་དང་གྱོད་པ་གཉིས་ཀྱིས་བལྟས་ཏེ་ཀུན་གྱིས་ཁས་ལེན་པའམ་ཡིད་ཆེས་ཡོད་པ་ཞིག་དགོས་ཏེ།   ཁྲིམས་ཡིག་རྙིང་པ་རྣམས་སུ་གསེར་བྱ་ངང་བ་རྙི་ལ་མ་འཛིན། དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུགས། ཕོ་རོག་ནག་པོ་རྡོ་ལ་མ་རྒྱག  ཁྱི་མོ་ཚང་མར་དབྱུག་པ་མ་འཕྱར། གཡུ་ཆུང་དྲུག་དམར་རྩར་(སྟར་)ལ་མ་རྒྱུ⑩ཟེར་བ་འདུག་པའི་དོན་ནི་གསེར་བྱ་ངང་བ་སེར་བོ་ནི་བླ་མ་དང་དགེ་བའི་གཤེས་གཉེན། བཙུན་པ་སོགས་བསྟན་ཡོད་ལ།  དེ་དག་གིས་མནའ་སྤོངས་བྱ་ཡིན་པས་མནའ་འོག་ཏུ་མི་བསྡུ་བ་དང་།  དུག་སྦྲུལ་ནག་པོ་ནི་སྔགས་པ་ནུས་མཐུ་ཅན་གྱིས་ཐབས་ལ་བརྟེན་ནས་མནའི་ཉེས་པ་སེལ་ནུས་པས་མནའ་མིར་མི་བསྡུ།  ཕོ་རོག་ནག་པོ་ཟེར་བ་ནི་མི་རང་ཚུགས་མི་ཐུབ་པ་ནོར་གྱིས་ཕོངས་པ་སོགས་ཀྱིས་རང་འདོད་ཀྱིས་མནའ་ཟ་བས་མནའ་མིར་མི་བསྡུ་བ་དང་།    ཁྱི་མོ་ཚང་མ་ནི་སྐྱེ་དམན་གྱིས་རང་གི་མཛའ་བོ་དང་ཕྲུ་གུའི་ཆེད་དུ་མནའ་ཟ་བས་མནའ་མིར་མི་བསྡུ། གཡུ་ཆུང་དྲུག་དམར་ནི་བྱིས་པ་ཆུང་ངུ་དང་གླེན་ལྐུགས་རྣམས་ཀྱིས་མནའི་ཉེས་པ་དང་སྤང་བླངས་མི་ཤེས་པས་མནའ་མིར་མི་བརྩི་བ་ཡིན། དེས་ན་མནའ་མི་ནི་དྲང་ཞིང་གཏན་ཚིགས་ཆེ་བ།  བག་ཡོད་ཚུལ་ལྡན་གྱི་མི་ཞིག་ཡིན་དགོས་པ་ཤེས་ཐུབ། མནའ་ཚིག་ནི་གཟུ་བའམ་གྱོད་པས་ཅི་ལྟར་བཤད་པ་དེ་ལྟར་དུ་མནའ་སྐྱེལ་དགོས།  གཞན་དགོན་པའི་ཚོགས་ཆེན་འདུ་ཁང་དང་མཆོད་ཁང་སོགས་ཀྱི་ལྕགས་ལུང་ལ་འཇུས་ཏེ་ཡི་དམ་ཆོས་སྐྱོང་དང་ལྷ་རྟེན་སོགས་དཔང་ལ་བཞག་ནས་མནའ་སྐྱེལ་མཁན་ཡོད།  དེ་ལྟར་མནའ་བསྐྱལ་ན་དཀར་སོང་བ་ཡིན་པས།  མནའ་མ་བསྐྱལ་སྔོན་ལ་གཟུ་བ་དང་གྱོད་པ་ཕྱོགས་གཉིས་ཀས་ཅི་ལྟར་ཐག་བཅད་པ་བཞིན་མ་ཉེས་ཁ་གཡོགས་བྱས་པ་བཤགས་པའི་ཆེད་གྱོད་པ་གཞན་དེས་མནའ་བསྐྱལ་ནས་དཀར་སོང་པར“དཀར་ཐོ་”ཟེར་བ་འབྲི་གཡག་ར་ལུག་གང་རུང་ཞིག་མནའ་སྐྱེལ་མཁན་ཕྱོགས་ལ་སྟེར་དགོས།  དེ་བས་བོད་ཀྱི་གནའ་དེང་གི་སྤྱི་ཚོགས་གང་ཡིན་ཀྱང་མནའ་ཡིས་ཕྱིའི་ཆབ་སྲིད་དམག་དོན་དང་ནང་གི་མཐུན་སྒྲིལ་དང་།  སེམས་ཤུགས་གཅིག་སྒྲིལ་སོགས་ལ་ཁྲིམས་ལྟར་ནུས་པ་མི་དམན་པ་ཐོན་ཡོད། མདོར་ན་གོང་དུ་གླེང་བའི་ཡུལ་མདོ་སྨད་ཀྱི་བདེན་རྫུན་བརྟག་ཐབས་ཀྱི་ཡུལ་སྲོལ་ཐབས་ལམ་འདི་དག་དུས་ནམ་ཞིག་ལ་བོད་དུ་དར་བར་ཁ་ཚོན་གཅོད་དཀའ་ནའང་ཐོག་མར་ཡ་ཐོག་གི་འཁོན་པ་འདུམ་སྒྲིག་བྱེད་སྟངས་ཐབས་ཆག་ཙམ་རིམ་བཞིན་འཐུས་ཇེ་ཚང་དང་ཞིབ་ཇེ་ཚགས་སུ་སོང་ནས་དམངས་སྲོལ་གྱི་རྣམ་པས་བོད་དུ་དར་བ་དང་། བོད་བཙན་པོའི་དུས་སྐབས་ནས་བཟུང་ཁྲིམས་ལུགས་ཀྱི་ངོ་བོར་འཕེལ་རྒྱས་སུ་སོང་ལ།  མཐའ་མར་མདོ་སྨད་ཀྱི་ཡུལ་ནས་ཚོ་བའི་ཡུལ་སྲོལ་གྱི་རྣམ་པས་རྒྱུད་འཛིན་བྱས་ཡོད་པ་ལས་གནའ་དུས་ནས་གཏན་འཁེལ་བྱས་པའི་ཁྲིམས་ཡིག་ཅིག་གི་ཕྱི་མོའི་འཕེལ་འགྱུར་ཡིན་པ་ཤིན་ཏུ་གསལ།
བཞི་བ། གཟུ་དང་འབྲེལ་ནས་འབྱུང་བའི་ཡུལ་སྲོལ་འགའ་བཤད་པ། 
             མདོ་སྨད་འབྲོག་ཁུལ་གྱི་ཡུལ་སྲོལ་མང་པོ་ཞིག་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གནས་ཀྱི་ཤུལ་རྒྱུན་ཞིག་ཡིན་པས་སྤྱིར་བཏང་དུ་བོད་ཁུལ་ཡོངས་དང་འདྲ་བའི་ཆ་གནས་མོད། བྱེ་བྲག་ཏུ་སྤྱི་ཚོགས་ཀྱི་འཕེལ་འགྱུར་གྱི་དབང་གིས་ས་གནས་དང་།  ཁོར་ཡུག་མི་འདྲ་བ་ལས་ཁྱད་པར་ཅུང་ཟད་མེད་པ་ཡང་མ་ཡིན་ལ།  སྒོས་སུ་གཟུ་དང་འབྲེལ་བའི་ཡུལ་སྲོལ་གཙོ་ཆེ་བ་འགའ་ལ་མདོ་སྨད་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་གནས་པའི་ཆ་ནས་ཐོག་མར་ངོ་སྤྲོད་ཙམ་བྱེད་པ་ལ།   
             གཅིག དམག་རྫོགས་<བསློག་>སྟེར་བ། དེ་ནི་སྡེ་བ་ཚོ་བ་སོ་སོའི་བར་ས་རྩོད་ཆུ་རྩོད་སོགས་དང་འབྲེལ་ནས་མི་ཤ་ཐོག་མར་ལྷུང་དུས་མི་བདག་ཕྱོགས་ཀྱི་ནང་མི་སྤུན་ཟླ་དང་ཤ་ཉེ་རིང་།  སྡེ་ཚོའི་སྐྱེས་པ་རྣམས་འཚོགས་ནས་དགྲ་ཤ་ལེན་དུ་རྒྱུག་པའི་སྐབས་སུ་ཕྱོགས་གཉིས་ཀྱི་བླ་སྤྲུལ་ལམ་ལོ་ལོན་བསམ་ཤེས་སོགས་བར་དུ་བུད་དེ་དམག་ཆེན་ཕྱིར་འགྲོ་བར་ཞུ་བ་བྱེད་པ་ཡིན་ལ།  སྐབས་དང་དེ་དང་བསྟུན་ནས་ཕ་རོལ་ཕྱོགས་ཀྱིས་བཟོད་བསྲན་ཞུ་བར་དངུལ་དང་ཁ་བཏགས་ཞུ་རྟེན་དུ་ཕུལ་བ་ལ་དམག་བསློག་སྟེར་བ་ཟེར་ཞིང་།   གལ་ཏེ་ཕྱོགས་གཉིས་ཀྱིས་ཞུ་རྟེན་མ་ཕུལ་བའམ་དམག་རྫོགས་མ་བླང་བ་གང་ཡིན་རུང་མི་རྟ་མང་པོ་བར་དུ་ལྷུང་པའི་གྱོད་ཆེན་དུ་འགྱུར་བར་ཉེན་ཁ་ཆེ་བས་ནམ་རྒྱུན་གཟབ་གཟབ་བྱེད་དགོས་པའི་དོན་དག་ཅིག་ཡིན།   
             གཉིས།  མནའ་བཤགས།  མནའ་བཤགས་ཟེར་བ་ནི་མི་ཤ་བྱུང་བའི་ནང་མི་སྤུན་ཟླའམ་ཤ་ཉེ་རིང་།མནའ་བཅད་དམ་རང་སྡེའི་ཡུལ་མི་དག་གིས་“རོ་སྐྱིན་རོ་དང་ཁྲག་སྐྱིན་ཁྲག་གིས་མ་བླངས་ན་”ཞེས་རང་གི་ཕ་མ་བུ་ཕྲུག་དང་ལྷ་རྟེན་ཆོས་གསུམ་སོགས་མནའ་རྟེན་དུ་བཞག་ནས་མནའ་བསྐྱལ་ཡོད་པ་བཤགས་བྱེད་དུ་དམེ་བོ་ཚང་གིས་མི་བདག་ཚང་གི་ཕྱོགས་ལ་རྒྱུ་དངོས་འབོར་ཆེན་སྤྲོད་པ་མ་ཟད།   དགོན་པར་ཆོས་བླུ་བ་དང་གྲྭ་ཚང་ལ་ལྟུང་བཤགས་འདོན་དུ་འཇུག་པ་བཅས་བྱས་ནས་མནའ་བཤགས་བྱ་བ་ལ་ཟེར་ཞིང་།  མི་བདག་ཚང་གིས་མནའ་བཤགས་ཀྱི་རྒྱུ་དངོས་སོགས་བླངས་པ་ཡིན་ན་གྱོད་དེ་སྔོན་ལས་ཇེ་ཆེར་མི་འགྲོ་བར་འགྲིག་པའི་སྔ་ལྟས་སུ་གྱུར་ཡོད།  
             གསུམ། གཟུ་སོ་ཡིས་འཛུགས་པ། གཟུ་སོ་ཡིས་འཛུགས་པ་ཞེས་པ་ནི་གཟུ་མ་བཤད་གོང་གཟུ་བ་གྱོད་པ་ཕྱོགས་གཉིས་ལ་ཁེར་རྐྱང་དུ་ཐུག་ནས་ཕ་རོལ་བས་བཤད་སྲིད་པའི་གནས་ལུགས་མང་པོ་ལ་ལན་འདེབས་སུ་འཇུག་པ་ལ་ཟེར། གཟུ་སོ་ཡིས་བཙུགས་པ་བཟང་ན་གྱོད་གཞི་ལ་ལ་མ་བཤད་གོང་ནས་རང་ལ་ཉེས་པ་ཡོད་ན་ཁས་ལེན་པའམ།  གྱོད་བརྒྱབ་པར་གནས་ལུགས་མེད་པ་ཤེས་ནས་གཞན་ལ་གླེང་ལོག་བྱས་པའི་ཆད་པ་རང་ཤུགས་སུ་འཁུར་བ་ཡང་ཡོད། དེ་མིན་ན་གཟུ་དངོས་སུ་བཤད་དུས་གྱོད་པ་ཕན་ཚུན་ངོ་འཕྲད་དུ་མ་བཅུག་པའི་འོག་ཕྱོགས་གཉིས་ཀྱིས་བཤད་པའི་སྐད་ཆ་ཕར་འཁྱེར་ཚུར་འཁྱེར་བྱས་ནས་སོ་ལན་འཁྱེར་བ་དང་སོ་ལན་འདེབས་སུ་འཇུག་དགོས།   དེ་ལྟར་བྱས་ན་གྱོད་གཞི་བྱུང་བའི་རྒྱུ་རྐྱེན་ལ་རྩད་གཅོད་དཔྱིས་ཕྱིན་པ་བྱེད་ཐུབ་ལ།  གྱོད་པ་སུ་ཞིག་ལ་ཐུག་ཡོད་པའང་རྒྱུས་ལོན་ཟབ་མོ་བྱེད་ཐུབ།   ཡང་གཟུ་བ་བླ་མ་དཔོན་པོ་ལྟ་བུ་ཁ་རྗེ་དབང་ཐང་ཅན་གྱོད་པ་ཕན་ཚུན་གཉིས་ཀར་སྐྲག་སྣང་སྟེར་ཐུབ་མཁན་ཡིན་ན་སོ་ལན་ཕར་འཁྱེར་ཚུར་འཁྱེར་བྱེད་དུ་མི་འཇུག་པར་“གྱོད་པའི་སོ་ཐག་དང་།  སྒྱིད་པའི་ཉྭ་ཐག་མི་གཅོད།”  ཁྱོད་གཉིས་ཀྱིས་“མགོ་ནག་ཉན་རེས་མ་དང་བཤད་རེས་མ།  གཤོས་ཆུང་སྒུར་རེས་མ་དང་ཟ་རེས་མ་བྱོས་”ཟེར་ནས་གྱོད་པ་གཉིས་ངོ་འཕྲད་དུ་བཅུག་ནས་ཕན་ཚུན་གྱི་སྐད་ཆར་རྣ་བ་བླགས་ཏེ་ཉན་རྗེས་བདེན་ཡོད་མེད་ལ་དཔྱད་ནས་གཟུ་འཕངས་པའང་ཡོད།   
             བཞི། ནང་མ་དང་གདམས་པོ། སྔོན་ཆད་སྡེ་བ་དང་ཚོ་བའི་ནང་གི་ཇག་རྐུས་འཁྱམས་གསུམ་ལ་དགའ་བའི་མིས་གཞན་གྱི་རྟ་ཟོག་བརྐུས་ཚེ།  འབྲི་གཡག་སོགས་ཡིན་ན་བཤས་ནས་རུ་སྐོར་གཡས་གཡོན་ལའང་གསང་བའི་ངང་ཤ་སྐལ་སྟེར་བ་ཡིན།  རྗེས་སུ་རྒྱུ་བདག་སོགས་ཀྱིས་ཕྱོགས་ཡར་མར་དུ་བཙལ་ནས་རྐུན་མ་སུ་ཡིན་ཤེས་མཁན་གྱི་མི་ལ་གསང་བའི་ངང་ལྐོག་དངུལ་བྱིན་ནས་རང་ཕྱོགས་སུ་བཀུགས་པ་དང་།  མི་དེས་ཀྱང་གཞན་གྱིས་མི་ཤེས་པའི་འོག་རྐུན་མ་སུ་ཡིན་པ་རྒྱུ་བདག་ལ་བཤད་པ་ཡིན། མི་དེ་རིགས་ནི་ཐོག་མར་རྐུན་མས་བརྐུས་པའི་ཟོག་ལུག་གི་ཤ་ཟ་མཁན་གྱི་གྲས་སུ་ཡོད་པས“ཤ་བཟའི་ནང་གི་གདམས་པོ་”ཟེར།  དེ་བས་མི་དེས་ཀྱང་རྒྱུ་བདག་གིས་བྱིན་པའི་རྒྱུ་ལ་རྔམ་ནས་ནང་གི་གནས་ཚུལ་ཕྱི་ལ་བཤད་པ་ཡིན་པས་བཅིངས་འགྲོལ་ཡར་སྔོན་དུ་མི་དེ་རིགས་ལ་ངོ་ཚ་མེད་པའི་གདམས་རྒན་ཟེར་ནས་མི་གྲལ་ལའང་མི་འཇོག ཡིན་ནའང་བོད་བཙན་པོའི་དུས་ཀྱི་གདམས་པོ་ནི་དེ་ལྟ་མ་ཡིན་པར་སྐབས་དེའི་སྤྱི་ཚོགས་ནང་ངོ་སོ་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་པ་ནི་གཤམ་གྱི་འབྲོག་ཁུལ་གྱི་སྟོང་འཇལ་ལམ་ལུགས་སྐབས་སུ་ཅུང་ཞིབ་མོར་བཤད་ཡོད། གཞན་གདམས་པོ་དེས་ཀྱང་“ལྦ་མོ་ཁུང་སྒོ་གཏུགས་བྱེད་ཀྱི་དུད་པ།    རྐུན་མ་མགོ་ལག་འགུགས་བྱེད་ཀྱི་གདམས་ཚིག་ཟེར་ནས་རྒྱུ་བདག་གི་རྟ་ནོར་གཞན་གྱིས་བརྐུས་པ་འཆོར་བ་མེད་པ་ཞིག་བཤད་པས་ན་རྒྱུ་བདག་གིས་ཀྱང་གདེང་ཚོད་ཡོད་པའི་ངང་རྐུན་མར་བརྐུས་འཛུགས་ཐུབ་པ་ཡིན།  དེ་ནི་དཔེར་ན་“ངས་ལྦ་རྗེས་དེད་ནས་ཁུང་བུ་དང་། སྤྱང་རྗེས་དེད་ནས་ཁིས་ཁར་གཏུགས་ན་རྐུན་མ་ཁྱོད་མིན་ནས་འཆོར་བ་མེད། ངས་གསེར་གྱི་དེ་ཕོ་བྱིན་ནས།  དངུལ་གྱི་དེ་མོ་ཉོས་ཡོད།”⑾  ཟེར་ནས་རྟགས་དང་རྒྱུ་མཚན། རྐུན་མ་ཁྱོད་ཡིན་པ་ཤེས་པ་སོགས་བཤད་ནས་གྱོད་རྒྱག་པ་ཡིན་ལ།  དེ་ལས་གསེར་གྱི་དེ་བོ་བྱིན་ནས། དངུལ་གྱི་དེ་མོ་ཉོས་ཡོད་ཟེར་བའང་གཞན་ལ་རྒྱུ་བྱིན་ནས་ཁྱོད་རྐུན་མ་ཡིན་པ་གདམས་པའམ་བཤད་ཡོད་ཟེར་བ་ཡིན།  གནའ་སྔ་མོ་ནས་དམངས་ཁྲོད་དུ་རྐུ་མཁན་ངོ་མ་ཡིན་ཡང་ཕྱིར་འཇུན་མཁན་གང་མང་མང་ཡོད་པས“རྐུན་མས་མ་འཇུན་ན་ཐན། བག་མ་མ་ངུས་ན་ཐན་ཟེར་ནས་རྐུན་མས་འཇུན་པ་ནི་འབྲོག་ཁུལ་གྱི་ཆེས་རྒྱུན་ལྡན་གྱི་དོན་བྱ་ཞིག་ལས་སུས་ཀྱང་དཔེ་མི་སྲིད་པ་ཞིག་ལ་མི་བརྩི་བ་ཡིན། ཡང་“རྐུན་མས་མི་བཤད་པ་ནང་མ།   རྒྱུ་བདག་གིས་མི་བཤད་པ་གདམས་པོ་ཟེར་ནས་སྤྱིར་བཏང་དུ་ནང་མ་དང་གདམས་པོའི་ཕྱོགས་ནས་ཕལ་ཆེར་བློ་བདེ་མོས་བསྡད་ཆོག་ལ།   རྒྱུ་བདག་ཕྱོགས་ནས་ཀྱང་དེ་ལ་“ཕ་བླ་རྒྱ་མི་བཙོང་། སྟག་ཤ་ཁྱི་ལ་མི་འཕེན།”ཟེར་ནས་གཞན་ལ་མི་སྨྲ། འོན་ཀྱང་གདམས་པོས་རྐུན་མ་ཡིན་མིན་མ་ཤེས་ཀྱང་རྒྱུ་ཟ་འདོད་དང་འཁོན་སེམས་ཡིད་ལ་བཅངས་ཏེ་གཞན་ལ་གླེང་ལོག་བཀལ་པའང་ཡོད།  དེ་བས་རྒྱུ་བདག་དང་རྐུན་མ་གཉིས་ཀྱིས་ཤེར་ལ་བཞག་ནས་མཐའ་མའི་རྟིང་ཐག་གཅོད་དུས་ཤེར་རྐུན་མར་ཐོབ་སོང་ན།   དེ་ལ་“གདམས་ཚིག་གསེར་གྱི་ཐུར་མ་གཡས་ནས་བརྒྱབ་སྟེ་གཡོན་ནས་ལོག་སོང་པ་ཡིན་ཟེར་ནས་རྒྱུ་བདག་གིས་གདམས་པོ་དེས་རྫུན་སྨྲས་ནས་རྒྱུ་ཟོས་པ་ཡིན་ཟེར་ནས་གྱོད་དུ་སོང་བ་ཡོད།  དེ་ལ་ནང་མ་ཟེར་བ་ནི་སྤྱིར་བཏང་དུ་བརྐུ་བྱས་པའི་གྱོད་ཡིན་ན་རྒྱུ་བདག་ཚང་ལ་ཆ་རྒྱུས་ཧ་ཅང་ཡོད་པའི་མིའམ།   རང་སྡེ་ཚོ་བའི་མི་གང་རུང་ཞིག་གིས་རྒྱུ་བདག་དང་སྐྱེས་པ་སོགས་ཡུལ་ན་མི་གནས་པའི་གོ་སྐབས་ལེགས་པོ་དང་བསྟུན་ནས་རྐུན་མར་ལམ་སྟོན་བྱས་པའམ་རྐུ་རོགས་བྱས་པ་ལ་“ནང་མས་སྤྲད་པ་”ཟེར། ནང་མ་དང་འབྲེལ་ནས་ཕྱི་མ་ཟེར་བ་ཞིག་ཀྱང་འབྱུང་བཞིན་ཡོད་པ་ནི་རང་སྡེའི་ཡིན་མིན་གང་རུང་ཡོད་ལ།   བརྐུ་ཡུལ་གྱི་ཁྱིམ་ཚང་ལ་ཆ་རྒྱུས་ཧ་ཅང་ཡོད་པའི་ནང་མ་དེ་རྐུན་མ་ལ་མཚམས་སྦྱོར་བྱེད་མཁན་གྱི་མི་ལ་ཕྱི་མ་ཟེར་གྱིན་ཡོད།  
             ལྔ། གཟུ་ཚ་སྟེར་བ།   སྔོན་ཆད་མདོ་སྨད་ཡུལ་གྱི་གྱོད་གཞི་ཆེ་མ་ཆུང་གསུམ་མང་པོ་ཞིག་གཟུ་བས་ཐག་གཅོད་བྱེད་བཞིན་ཡོད།   དེ་བས་གཟུ་བ་ལའང་གྱོད་པ་ཕྱོགས་གཉིས་ཀས་གཟུ་ཚ་ཟེར་ནས་རྒྱུ་སྟེར་དགོས། དེ་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་མེད་མོད་གྱོད་ཀྱི་ཆེ་ཆུང་ལྟར་ཆེ་བ་རྟ་ཟོག་ནས་ཆུང་བ་ར་ལུག་གི་བར་གཟུ་ཚ་ལེན་པ་ཡིན། གཟུ་ཚ་ལ་གྱོད་པ་ཕྱོགས་གཉིས་ཀྱིས་རང་འདོད་ལྟར་བྱིན་ཆོག་མི་ཆོག་གཉིས་ཀ་ཡོད།   དགོན་གོང་མའི་རྒན་པོ་ཚོས་བཤད་ན་སྔོན་ཆད་གཟུ་བཤད་དེ་གཟུ་ཚ་བླངས་པ་ལ་བརྟེན་ནས་ཁ་གསོ་བའང་མི་ཉུང་བ་ཡོད་ལ།  ཡང་གཟུ་བཤད་པར་མཁས་ཀྱང་གཟུ་ཚ་ཆེན་པོ་དགོས་པས་རྗེས་སུ་གཟུ་བར་མི་འབོད་པའང་ཡོད་ཟེར། ཞོར་དུ་གླེང་དགོས་པ་ཞིག་ནི་གཟུ་བས་བར་འདུམ་བྱས་རྗེས་གྱོད་པ་ཕྱོགས་གཉིས་ཀྱིས་གཟུ་ཚ་སྟེར་དུས།   སྔོན་གྱོད་དེའི་ངོས་ཐད་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་ཆེད་ཨ་མཆོད་བསྟེན་ཡོད་པ་དེ་ལའང་དེ་མཚུངས་ཀྱི་འབུལ་བ་སྟེར་དགོས།  ཤེར་བཞག་ནས་བདེན་ཡོད་དེ་དཀར་སོང་ན་འབུལ་བ་ཆེ་བ་དང་ཕམ་སོང་ན་འབུལ་བ་ཆུང་བ་ཡིན།  ཡང་མདོ་སྨད་ཀྱི་ས་ཆ་མང་ཆེ་བར་གྱོད་པ་ཕྱོགས་གཉིས་ཀས་ཁས་ལེན་དམ་བཅའ་བྱས་པ།    ཐག་བཅད་པའི་གནས་ཚུལ་རྣམས་གཟུ་བས་ཡི་གེར་ཕབ་རྗེས།  ཡི་གེ་དེ་གཟུ་བས་གཅིག་དང་གྱོད་པ་ཕྱོགས་སོ་སོ་ནས་ཀྱང་བདག་གཉེར་བྱེད་སྲོལ་ཡོད། ཡི་གེ་དེའི་མིང་ལ་གཟུ་ཡིག་ཟེར་བ་དང་།  དོན་གལ་པོ་ཆེར་མ་འཕྲད་ན་གཟུ་ཡིག་འབྲི་བྱེད་ཀྱི་ཆེད་སྤྱོད་སྨྱུག་གུ་དེ་ཡུན་རིང་སྣོད་དུ་ཉེར་ནས་ཕྱིར་མི་ལེན་པ་དང་། གལ་ཏེ་ཕྱིར་བླངས་པ་ཡིན་ན་གཟུ་བ་ལ་“སྨྱུག་ཕྱིས”་ཟེར་བ་སྨྱུག་གུ་དེ་ཕྱི་བྱེད་ལ་འོས་འཚམས་ཀྱི་གླ་ཆ་སྟེར་དགོས།  ཡིན་ནའང་དེ་ལ་ཆེན་པོ་ཞིག་མི་ལེན་པར་གྲགས།   གཟུ་ཡིག་འདི་ལ་རྗེས་ཕྱོགས་གྱོད་དེ་ཡང་བསྐྱར་མི་འབྱུང་པ་དང་བྱུང་ཡང་བདེན་དཔང་བྱེད་ཐུབ་པའི་ནུས་པ་ལྡན་ནོ།།   
             དྲུག  གཟུ་མགོའི་གཡུགས་པ།  དེ་ལ་ཐོག་མར་གྱོད་པ་ཕྱོགས་གཉིས་ཀ་ཡིད་འཐད་བྱུང་བའི་འོག་གཟུ་བ་བཙལ་བ་ཡིན་མོད།   མཐའ་མར་གཟུ་བས་ཐག་བཅད་པར་གྱོད་པ་ཕྱོགས་གཅིག་མ་འཐད་པའམ།  གཟུ་བ་དེའི་བཤད་པ་དྲང་མོ་མིན་ཚེ་“གཟུ་སྐེ་ཤིང་སྐེ་པས་བཅགས་ནི་ཡིན།  གཟུ་བཅད་པ་ཡིན།”  ཟེར་ནས་ཁས་མ་བླངས་པ་ཡིན།  དེ་ལ་ཡོངས་གྲགས་སུ་གཟུ་བ་གཟུ་མགོས་གཡུགས་པ་ཟེར།  གཟུ་བ་གཟུ་མགོའི་གཡུགས་ན་“འདི་སྔ་དྲོ་གྱོད་པའི་གྱོད་དང་། ཕྱི་དྲོ་གཟུ་བའི་གྱོད་ཡིན། ཟེར་ནས་གཟུ་བ་དང་གྱོད་པ་གཉིས་གྱོད་ལ་ཐུག་པའང་ཡོད། དེ་ལ་ཡང་གཟུ་བ་གཞན་ཞིག་བོས་ནས་“རྒྱ་རྫོང་ནག་གི་ཤིང་འཁྱོག་པ་ཡིན་ནམ།   ཤིང་བཟོ་རྒན་པོའི་ཐིག་འཁྱོག་པ་ཡིན།  ཟེར་ནས་གཟུ་བ་སྔོན་མ་དང་གྱོད་ཡ་གཉིས་ཀྱི་སུ་ལ་སྐྱོན་ཡོད་པར་རྩད་གཅོད་བྱེད་པ་ཡིན།    དེ་ལ་གཟུ་བ་གཟུ་མགོས་གཡུགས་པར་གྱོད་ཡ་ཕྱོགས་ཀྱིས་རྒྱུ་བྱིན་པའི་གནས་ཚུལ་ཧ་ཅང་མང་།  དཔེར་ན་སྔོན་ཆད་མདོ་སྨད་ཡུལ་གྱི་ཤ་སྦྲང་ཚོ་དྲུག་གི་ཁོངས་གཏོགས་ཁོ་ནག་སྡེ་བ་དང་དང་རེབ་གོང་ཡུལ་གྱི་ཁོངས་གཏོགས་སོ་ནག་སྡེ་བ་གཉིས་བར་མི་ཤི་རྟ་འགྱེད་ཀྱི་གྱོད་བྱུང་ནས་ནས་རོར་དཔོན⑿་པས་གཟུ་བཤད་པ་ལ་མཐའ་མར་ཁོ་ནག་གིས་ཧོར་དཔོན་པོ་གཟུ་མགོས་གཡུགས་པར། ཧོར་དཔོན་པོས་གྱོད་བརྒྱབ་ནས་གཡག་བརྒྱ་བླངས་པའི་བཤད་རྒྱུན་མ་ཉམས་པར་ཡོད།    སྤྱིར་བཏང་དུ་གཟུ་བཤད་པ་དྲང་བདེན་ཡིན་པ། གནས་ལུགས་དང་མཐུན་པ། རྒྱུ་འབྲས་ལྟར་ཐག་གཅོད་བྱས་ཡོད་ན་“གཟུ་ཕྱིང་ཐུལ་ཅན་གྱིས་བཅད་པ།  སྟག་ཐུལ་ཅན་གྱིས་བཤིག་མི་ཆོག་”པ་དང་“འཁྲུག་པ་ལྷའི་ཡུལ་དང་།  བསྡུམ་པ་སྲིན་པའི་ཡུལ་ན་ཡོད།”  ཟེར་ནས་གཟུ་བ་མི་དབང་ཐང་ཆེ་བ་བླ་མ་དཔོན་པོ་ལྟ་བུ་ཞིག་མིན་རུང་གཟུ་བས་ཐག་བཅད་པ་ཞིག་ཡིན་ཕྱིན་བོད་འབངས་བྱིངས་ཀྱིས་བརྩི་མཐོང་བྱེད་པ་ཡིན།   
             བདུན། གཟུ་རོགས་འཁྲིད་པ། སྤྱིར་བཏང་དུ་“གཟུའི་དཔུང་པ་དང་གཏམ་གྱི་ཆེ་བཞི་”ཟེར་ནས་གྱོད་གང་ཞིག་ཡིན་རུང་གཟུ་བཤད་པར་མཁས་པའི་མི་སྣ་གཙོ་བོ་གཅིག་ཡོད་པ་དང་།  དེའི་སྟེང་གཟུ་བས་རང་གི་ལག་རོགས་ལ་སྡེ་བ་དང་ཚོ་བའི་ནང་གི་སྔོན་ཆད་གཟུ་བཤད་མྱོང་བའི་རྒན་པོ་ཉམས་མྱོང་ཅན་རེ་གཉིས་འཁྲིད་པ་སོགས་ལ་གཟུ་རོགས་ཟེར། འོན་ཀྱང་གྱོད་ཆེན་པོ་ཡིན་ན་གཟུ་བའམ་གཟུ་རོགས་འཁྲིད་པ་དེ་མཐུན་གྱིས་མང་པ་ཡིན། དེའི་རྒྱུ་མཚན་ཡང་ཕན་ཚུན་ལ་གྲོས་བསྡུར་དང་བློ་འདྲི་བྱས་ན་དཀའ་ཁག་སེལ་ཐུབ་པ་དང་།  གྱོད་དེ་དྲང་སྙོམ་ཞིག་ཡོང་བ། རྗེས་ཕྱོགས་ཀྱང་གྱོད་དེ་གླེང་རྒྱུ་མེད་པ་ཞིག་འོངས་པ་བཅས་ཀྱི་ཆེད་ཡིན།  དེ་མིན་གྱོད་ཆུང་གི་རིགས་ཡིན་ན་གཟུ་བ་ལ་རང་གི་ཤ་ཉེ་རིང་དང་བཟང་ས་སྤུན་ཟླ་སོགས་ཀྱིས་“ང་ཅིག་ཁྲིད”་ཟེར་ནས་རེ་བ་བཤད་དེ་ཁྲིད་པ་མང་།  དེ་དག་འཁྲིད་པ་ལ་“སྤྱང་ཤ་གཟན་གྱི་རྗེས་ན་ཁྱི་རུས་བཏོག་ཡོད།” ཟེར་ནས་གཟུ་ཚ་སྟེར་བའི་རྒྱུ་ཟ་འདོད་དུ་འགྲོ་བ་ལས་གཟུ་བཤད་ཤེས་པའི་ངེས་པ་མེད།  དེས་ན་གཟུ་བ་གཙོ་བོར་གཟུ་ཚར་རྟ་ཞིག་ཡོད་ན་གཟུ་རོགས་སམ་གཟུ་བ་ཕལ་བ་དེར་གཡག་ཅིག་གམ་མ་མཐའ་ཡང་ར་ལུག་ཅིག་གི་ཡོང་སྒོ་ཡོད་པས་ཡིན། 
 ལྔ་བ། མདོ་སྨད་འབྲོག་ཁུལ་གྱི་སྟོང་འཇལ་ཚུལ་བཤད་པ།  
             བོད་བཙན་པོའི་རྒྱལ་རབས་ནས་བཟུང་མིའི་སྤྱི་ཚོགས་ཀྱི་གོ་གནས་སམ་ཐོབ་ཐང་ལྟར་སྲོག་གི་སྟོང་འཇལ་ཚད་ལ་རབ་འབྲིང་ཐ་གསུམ་སོགས་དབྱེ་བ་དགུར་ཕྱེ་ཡོད་པ་དང་།  དེ་དག་ནི་ཞང་བློན་ཆེན་པོ་སོགས་གསེར་གཡུ།   ཕྲ་མེན།  དངུལ་གྱི་ཐོབ་ཐང་ཅན་ནས་རིམ་བཞིན་གཡུང་ངམ་བྲན་གཡོག་དང་ལྷོ་བལ་གྱི་བཙོན་མའི་བར་དུ་སྟོང་འཇལ་སྟངས་མི་འདྲ་བ་ལས་རིགས་རུས་མཐོ་དམན་གྱི་དབྱེ་བ་ཕྱེ་བ་ཧ་ཅང་མངོན་གསལ་རེད། དེ་བས་ཏུན་ཧོང་ཡིག་རྙིང⒀ལས་བྱུང་བ་ལྟར་ནའང་དུས་སྐབས་འདིར་རུས་རྒྱུད་དང་ཐོབ་ཐང་འདྲ་མཉམ་ཡིན་པ་གཉིས་ཀྱིས་རི་དྭགས་བདའ་དུས་ཕན་ཚུན་ལ་མདའ་ཕོགས་ནས་བསད་པའམ་ཞེ་འཁོན་གྱིས་བསད་མིན་བཅས་ལ་བརྟག་ཆེད་ཕྱོགས་གཉིས་སུ་མ་ལྷུང་བར་དཔང་དུ་སྡོད་ཆོག་པའི་མི་དཀར་མའམ་ད་ལྟའི་གཟུ་བ་ལྟ་བུར་གཙང་དཀར་བཅུ་གཉིས་ཞེས་མི་བཅུ་གཉིས་ཡོད་པ་དང་།   དེའི་སྟེང་དུ་བདེན་ཡུས་ཡོད་པའི་གྱོད་བདག་བསྣན་ན་བཅུ་གསུམ་གྱིས་གྲུབ་ཡོད། དེ་དག་ལ་ལས་ཀའི་ངོ་བོའམ་བྱེད་སྟངས་ཀྱི་ཆ་ནས་མིང་བཏགས་ཡོད་པ་དང་མི་སྣ་ཡང་མང་པོ་ཞིག་གིས་གྲུབ་ཡོད་པ་ལས་མི་སྣ་གཅིག་གིས་གཅིག་གཅོད་བྱེད་མི་ཆོག་པའི་རྣམ་པ་ཕྱིར་མངོན་ཡོད། དེ་དག་གིས་བྲོ་བསྩལ་མནའ་བོར་ནས་རྒྱུ་འབྲས་དྲང་སྙོམ་གྱིས་གྱོད་དོན་བདེན་པར་སྨྲ་བ་དང་། གྱོད་ཡ་ལ་བདེན་མེད་པར་བསམ་གཟས་ནས་བསད་པ་ཡིན་ན་སྟོང་འཇལ་པས་མི་ཆོག་པར་དེ་མཚུངས་ཀྱི་ཁྲིམས་ཆད་ནན་མོ་ཡོད་པ་དང་།  མདའ་ཕོག་ནས་ཤི་བ་ཡིན་ན་དེ་ལ་མི་སྟོང་སྲང་ཁྲི་འབབ་པ་དང་། སྟོང་གི་ཕྱེད་ཀ་བདེན་ཡུས་ཡོད་པའི་གྱོད་བདག་ལ་དབང་པ་དང་།    ཕྱེད་གདམས་པོར⒁དབང་པ་ཡིན།   གལ་ཏེ་གདམས་པོ་མ་མཆིས་ན་སྲང་ལྔ་སྟོང་ཀུན་གྱོད་བདག་ལ་དབང་པ་ཡིན།  ཡང་མདའ་ཕོག་ཀྱང་མ་ཤི་བ་ཡིན་ན་གསོན་སྟོང་སྲང་ལྔ་སྟོང་མར་ཕབ་ནས་གྱོད་བདག་དང་གདམས་པོ་ལ་ཕྱེད་མར་དབང་པ་དང་། གདམས་པོ་མེད་ན་གྱོད་བདག་ལ་དབང་པ་ཡིན། ད་དུང་མདའ་ཕོག་ནས་བསད་མ་བསད་གང་རུང་ཡིན་ཡང་མདའ་འཕངས་པར་ཁས་མ་བླངས་པའམ་ཡང་ན་མདའ་འཕེན་མཁན་མིན་པར་གཞན་གྱིས་སྒྲོ་འདོགས་དང་སྐུར་འདེབས་བྱས་པ་ཡིན་ན་དེ་མཚུངས་ཀྱི་ཁྲིམས་ཆད་ཡོང་བ་ཡིན། ད་དུང་ང་ཚོས་རྟོགས་དགོས་པ་ཞིག་ནི་སྔོན་བོད་བཙན་པོའི་དུས་སུ་ཐོག་མར་རྒྱལ་བློན་སོགས་རིགས་མཐོ་བའི་མི་ཚད་གཞི་བྱས་ཏེ།  མི་ཞིག་བསད་པ་ལ་གསེར་སྲང་སྟོང་གི་མི་ཟེར་ནས་སྟོང་གི་ཚད་གཞི་ནི་གསེར་ལ་བྱེད་བཞིན་ཡོད་མོད་ཕྱིས་སུ་མི་ཆེན་གསོད་པ་ཉུང་བ་དང་།  གསེར་དེ་འདྲའི་མང་པོ་མེད་པའམ་འབངས་ལ་ཆ་རྐྱེན་དེ་མ་ལྡན་པའི་དབང་གིས་ཕྱུགས་རིགས་སོགས་རྒྱུ་དངོས་གཞན་གྱི་སྟེང་འཕེལ་འགྱུར་བྱུང་ཡོད།  གོང་གི་ཏུན་ཧོང་ཡིག་རྙིང་ལས་མང་དུ་འབྱུང་བའི“འདམ་པོ་”ཞེས་པ་ནི་མདོ་སྨད་ཡུལ་དུའང་རྒྱུགས་ཆེ་ཞིང་ཡོངས་སུ་གྲགས་པའི་མིང་བརྡ་ཅིག་ཡིན།  ཐ་སྙད་འདི་ལ་ད་ལྟའི་གོ་བ་ལེན་སྟངས་ཡིན་ན་“གདམས་པོ་”ཞེས་གཞན་གྱིས་ལྐོག་ནས་རྒྱུ་དངོས་བྱིན་པས་མཐོང་ཐོས་སམ་ནང་ཇུས་སོགས་གཞན་ལ་གདམས་མཁན་ནམ་བཤད་མཁན་གྱི་མི་དེ་རིགས་ལ་གོ་དགོས་པ་དང་།  དེ་ནི་བོད་བཙན་པོའི་དུས་དང་བསྡུར་ན་ཡི་གེའི་འབྲི་སྟངས་ཅུང་འགྱུར་ཡང་སྒྲ་དོན་གཉིས་ལ་འགྱུར་བ་ཆེན་པོ་མ་བྱུང་བར་གནས་ཡོད་པ་སོགས་ལས་མདོ་སྨད་ཡུལ་དུ་ཤུགས་རྐྱེན་ཆེ་ཙམ་ཐོན་པ་ཤེས་ཐུབ། ད་དུང་བོད་བཙན་པོའི་དུས་སྐབས་ཀྱི་“འདམ་པོ་”ནི་སྤྱི་ཚོགས་ཀྱི་ལས་གནས་མཐོན་པོར་སོན་པའི་མི་སྣ་གལ་ཆེན་ཞིག་ཡིན།  ཡིན་ནའང་མདོ་སྨད་ཡུལ་དུ་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་གདམས་པོའི་སྤྱི་ཚོགས་གོ་གནས་བཙན་པོའི་དུས་དང་མི་འདྲ་བར་རིམ་པ་མཐོ་བ་ནས་དམའ་གྲས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།   མདོ་སྨད་ཀྱི་གདམས་པོ་མང་ཆེ་བ་ནི་འཚོ་བའི་སྟེང་དཀའ་ངལ་ཆེ་བ་ཤ་སྟག་ཡིན་པས་རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་མཐོང་ཐོས་སམ་ནང་ཇུས་ཐམས་ཅད་རྒྱུ་བདག་ལ་སྨྲས་ནས་རྒྱུ་དངོས་བླངས་པ་ཡིན།   གལ་ཏེ་འཚོ་བའི་སྟེང་དཀའ་ངལ་མེད་པའམ་ཡང་ན་མི་ཧ་ཅང་ཐ་ཤལ་བ་ཞིག་མིན་ན་གདམས་པོ་མི་བྱེད།  གཞན་མདོ་སྨད་འབྲོག་ཁུལ་ལ་མཚོན་ན་རི་སྡེ་ཕན་ཚུན་གྱི་རྩྭ་ཆུ་ལོངས་སྤྱད་པ། འབྲོག་པའི་རུ་འགེལ་བ།   ཚོང་ལམ་དང་ཕྱུགས་ཟོག་གི་ལམ་སོགས་བར་ནས་ནམ་རྒྱུན་མི་ཤི་རྟ་འགྱེལ་གྱི་གྱོད་ཆེན་པོ་འབྱུང་བཞིན་ཡོད་པའི་གོ་རིམ་ཁྲོད་ས་གནས་དང་ཡུལ་གྲུའི་ཁྱད་ཆོས་ཅན་གྱི་སྟོང་རྒྱག་ལམ་ལུགས་བྱུང་ཡོད།   སྡེ་བ་ཚོ་བའི་འབྱོར་ཕྱུག་མི་འདྲ་བས་སྟོང་གི་ཆེ་ཆུང་མི་འདྲ་མོད་རྒྱུག་ཆེ་བའི་དབང་དུ་བཏང་ན། མི་རབ་ཅིག་བསད་པར་“སྟིག་རྟ་ཐོད་ནག་ཅེས་དམེ་རྟ།  “སྟིག་བོའུ་རྭ་དམར་རམ་སྟིག་གྲི་སོ་དམར་”ཞེས་ཕ་རོལ་གསོད་བྱེད་ཀྱི་བོའུ་དང་གྲི་གང་རུང་། “བསྙེག་གི་རྟ་བོའུ་ལྔ་”ཞེས་སྡེ་ཚོ་དང་ཕ་ཚན་དང་ཞང་ཚན།  ཕུ་ནུ།  མནའ་བཅད་སོགས་མི་བདག་གཙོ་ཆེ་བ་ལྔས་དམེ་ཚང་ལ་རང་གི་བསམ་འདུན་བཤད་པ་ལྟར་རྟ་བཟང་བོ་བཞི་དང་བོའུ་གཅིག ཡང་“མ་བསྙེག་པའི་རྟ་བོའུ་ལྔ་ཞེས་རང་ལ་གང་དགོས་བཤད་པ་མ་ཡིན་པར་ཕ་རོལ་ཕྱོགས་ཀྱིས་བྱིན་པའི་རང་བཞིན་གྱི་རྟ་བོའུ་ལྔ་སྟེར་དགོས་པ་ཡིན།  “དཔོན་བཤགས་ཞེས་དམེ་ཚང་གིས་ཡུལ་དཔོན་ལ་འགྱོད་བཤགས་སུ་དངུལ་རྡོ་ཚད་གཅིག⒂་དང་། རྟ་བཞི་དང་བོའུ་གཅིག་སྟེར་དགོས་པ་ནི་སྟོང་དངོས་ཀྱི་གྲས་སུ་མི་བགྲང་ཡང་གྱོད་རྔ་ལེགས་པར་འགྲུབ་པའི་ཆེད་ངེས་པར་སྟེར་དགོས་པ་ཡིན།   བསད་སྟོང་ངོ་མར་“སྟོང་གཞུང་ལ་འབྲི་ནག་བརྒྱ།   ཕུ་ནུའི་ཟུར་ཤ་ལ་རྡོ་ཚད་གཅིག་དང་རྟ་བོའུ་ལྔ།   ཉེ་བའི་མཐུན་ཤ་ལ་དེའི་ཕྱེད་ཀ    དྭ་ལིའི་བྲང་བརྡུང་ལ་དངུལ་ལྔ་བཅུ་མ།  ཡུགས་མོའི་མིག་ཕྱིས་ལ་གོས་བཟོ་མགོ་གཅིག   རོ་འགེབ་ལ་རས་བུབས་ཤིག   རོ་གཡག་སྒ་གདན་ཐག་གསུམ་འཛོམས་པ། སྟོང་རྔ་ཆོས་བཞུག་ལ་མ་ཎི་རྡོ་འབུམ།   ལྟ་བུ་དང་།  མི་འབྲིང་ལ་སྟོང་གཞུང་འབྲི་ནག་བདུན་ཅུ།  མི་ཐ་མ་ལ་ལྔ་བཅུ།”⒃ སོགས་སྟོང་འཇལ་སྲོལ་ལ་ཆེ་ཆུང་ཡོད་པ་ལས་མིའི་མཆོག་དམན་གྱི་དབྱེ་བ་ཕྱེ་བ་ཧ་ཅང་མངོན་གསལ་ཡིན་པ་ཤེས་ཐུབ།    ད་དུང་མི་བདག་གི་བཟང་ངན་གྱིས་རྨས་པ་ལ་གསོན་སྟོང་བླངས་པའང་གང་མང་ཡོད།  དཔེར་ན་མགོ་ལོག་ཡུལ་ལ་ལྟ་བུར་མཚོན་ན་མཚོན་གྱིས་རྨས་པ་ལ།  “ཕོ་རབ་ལ་ཁྲག་སྟོང་སྲང་ཉེར་ལྔ། རྟ་བོའུ་གཉིས་ཀྱི་འགོ་བཀུག་སྟོང་གཞུང་ལ་བརྒྱ་དར་(བརྒྱ་དར་ཞེས་པ་དངུལ་ཞོ་ལྔ་)དགུ་དགུ་བརྒྱད་ཅུ་གྱ་གཅིག དགུ་ལྔ་ཞེ་ལྔ། དགུ་གསུམ་ཉེར་བདུན་སོགས་ཡིན།  འབྲིང་ལ་དངུལ་སྲང་ཉེར་ལྔ་དང་རྟའི་འགོ་བཀུག་སྟོང་གཞུང་ལ་བརྒྱ་དར་དགུ་དགུ་དང་དགུ་ལྔའོ།། ཕོ་མཐའ་ལ་དངུལ་སྲང་ཉེར་ལྔ་དང་བོའུ་ཡི་འགོ་བཀུག   གཞུང་ལ་དགུ་ལྔ་དང་དགུ་གསུམ་མོ།།  དེ་ཡང་མི་བཟང་ངན་ཁྲག་མང་ཉུང་རྨ་ཆེ་ཆུང་།  ཁ་ལག་གི་སྔ་ཕྱི་སོགས་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ།  ལ་ལར་ཁྱི་རྨ་རང་ཤུགས་སོས་ཟེར་བ་ལྟར་ཅི་ཡང་མེད་པ་ཡང་ཡོད། མ་རྒྱབ་པར་མཚོན་ཚབ་ཆེན་དང་ལུས་ལ་མ་ཟིན་པར་གོས་ཕུག་པ་སོགས་ཀྱི་གསོན་སྟོང་རབ་ལ་ཐིག་རྟ་ཐིག་བོའུ་གཉིས་ཀྱིས་འགོ་བཀུག་སྟོང་གཞུང་ལ་བརྒྱ་དར་དགུ་དགུ།   འབྲིང་ཐིག་རྟའི་འགོ་བཀུག་དང་སྟོང་གཞུང་ལ་དགུ་ལྔ།  མཐའ་མར་ཐིག་བོའུ་ཀྱི་འགོ་བཀུག་སྟོང་གཞུང་ལ་དགུ་གསུམ་མོ།།”⒄ཟེར་ནས་གསོན་སྟོང་རྒྱག་སྲོལ་གནས་པས་ཡུལ་གྲུ་རང་རང་གི་སྟོབས་འབྱོར་མངའ་ཐང་དང་ས་གནས་ཀྱི་ཁྱད་པར་ལས་སྟོང་འཇལ་བ་ལ་མང་ཉུང་ཅུང་ཟད་ཙམ་ལས་ཆེ་ཕྱོགས་ནས་ཕལ་ཆེར་གཅིག་རེད།  དེ་བཞིན་བཅིངས་འགྲོལ་ཡར་སྔོན་དུ་རྟ་ནོར་ལུག་གསུམ་བརྐུ་འཕྲོག་བྱེད་པ་ནི་མདོ་སྨད་འབྲོག་ཁུལ་གྱི་རྒྱུན་མཐོང་གི་གྱོད་ཅིག་ཡིན་པས་ར་མདར་རྒྱུག་ནས་རྐུན་མ་བསད་པ་ཡིན་ན་རྒྱུ་བདག་གིས་ཀྱང་དེས་“གྲོང་ལ་དམག་རྒྱུག་དང་།  རུ་སྟེང་དུ་ཇག་རྒྱུག་བྱས་པས།  འཁྱམས་པ་རྟ་ནང་ནས་བསད་པ་ཡིན།  སྤྱང་ཀི་ལུག་ནང་ནས་བསད་པ་ཡིན།” ཟེར་ནས་སྟོང་སྒོ་གཞན་ལས་ཆུང་བར་ཕྱིན་ཆོག་པ་མ་ཟད་སྟོང་མཇུག་རླུང་ཁྱེར་ཟེར་ནས་རྗེས་ཕྱོགས་གླེང་རྒྱུ་ཡང་མེད།  ཡང་མི་མ་བསད་ཀྱང་རྟ་ཁྱུ་འཕྲོག་པའམ་བརྐུས་པ་གང་ཡིན་རུང་རྐུན་མ་དང་རྒྱུ་བདག་གཉིས་ཀྱི་གཏམ་བཤད་པའི་ཁ་ལྕེ་དང་བཙན་གཉོམ་ལས་འཇལ་བྱེད་པའི་ཚད་གཞི་ཀྱང་མི་འདྲ་མོད། གལ་ཏེ་རྒྱུ་བདག་ཁ་རྗེ་དབང་ཐང་ཅན་ཞིག་ཡིན་ན་རང་རྒྱུ་ཕྱིར་བླངས་པས་མི་ཆོག   རྐུན་མས་རུ་སྡེ་གཞན་པའི་རྟ་ནོར་སོགས་བསམ་གཟས་ནས་བརྐུས་པར།  “གཟས་བཤགས་”ཞེས་དངུལ་སྲང་ལྔ་དང་།“ལྷས་བཤགས་”ཞེས་དངུལ་སྲང་བཅུ། “དཔོན་བཤགས་”ཅེས་རྟ་བོའུ་གཉིས། “ཚོ་བཤགས་”ཞེས་རྟ་བོའུ་གཅིག་རེ་ལེན་སྲོལ་ཡོད།    ལྷག་པར་ནང་བརྐུས་བྱས་པ་ཡིན་ན་དཔོན་པོས་རྐུན་གྱི་ཆེ་ཆུང་ལྟར་“དཀར་པོ་སུམ་ཁུག་”གམ་“ནག་པོ་སུམ་ཁུག་”ཞེས་རྒྱུ་དངོས་ཀྱི་སུམ་ཆའི་གཅིག་འཇལ་དགོས་པ་དང་།  “མདའ་མོ་ལྟོང་བཤགས་”ཞེས་རྒྱུའི་ཕྱེད་ཀ་འཇལ་དགོས་པ།   “སྦྲུལ་ནག་ཤུབས་འདོན་”ཞེས་ཁྱིམ་དེའི་རྒྱུ་ཡོད་ཚུལ་སྟེར་དགོས་པ་སོགས་ཡོད་ལ།  ཡང་རྐུན་མ་དུས་ཐོག་དུ་མ་ཤེས་པར་རྒྱུ་དངོས་མེད་བརླགས་སུ་བཏང་ནས་འཇལ་བྱེད་མ་ཐུབ་ན་“ཚེ་གཡོག་གོ་བཅིངས་”དང་“གོ་གཡོག་རྒྱུད་གཅོད་ཅེས་ཚེ་གང་པོར་རྒྱུ་བདག་ལ་གཡོག་ལས་བྱེད་དགོས་པ་དང་། སྐྱེ་རྒྱུད་ཀྱང་འགོག་པ་ཡིན་ཟེར་ཚོད་ཡོད་མོད།  འདི་གཉིས་ནི་སྤྱིར་བཏང་གི་བཤད་རྒྱུན་ཙམ་ལས་ལག་ལེན་བྱེད་པ་ཧ་ཅང་ཉུང་། བརྒྱ་ལ་ཡོད་པའི་དབང་དུ་བཏང་ནའང་ས་གནས་ཀྱི་དཔོན་པོ་རེ་གཉིས་ཀྱིས་ལག་ལེན་བས་པ་ཙམ་ལས་ཁྱབ་རྒྱ་ཆེ་བའི་ངང་དར་མ་ཐུབ་པར་མངོན།  སྔོན་ཆད་མདོ་སྨད་ནས་ཕོ་མོ་གཉིས་ཕན་ཚུན་ལ་མཛའ་ཞིང་མཐུན་པས་ཕ་མས་བྱིན་པའི་གནས་ཡུལ་ལ་འགྲོ་མ་འདོད་པར།  ཕ་མས་གཉེན་ལག་བསྟར་བྱེད་པར་ལག་སྔ་བརྩད་ནས་ནས་ལྐོག་ཏུ་སྐྱེས་པའི་ཁྱིམ་ལ་ཁྲིད་པ་སོགས་བྱས་ན་སྔོན་ལ་གཉེན་སློང་མཁན་ཚང་གིས་“རྒྱུ་བྱིན་གྱི་ཆུང་མ་མིན་རུང་།  ཚིག་ཤོར་གྱི་ཆུང་མ་ཡིན།”ཟེར་ནས་གྱོད་རྒྱག་པ་ལ་བུ་མོའི་ཡུལ་དང་ཁྲིད་མཁན་གྱི་ཁྱིམ་གཉིས་ཀྱིས་གྲོས་བྱས་ནས་མ་མཐའ་ཡང་“རྟ་ཕོ་གཞི་གཅིག་དང་དངུལ་ལྔ་བཅུ་མ་”ཞིག་སྟེར་དགོས་པ་ནི་སྤྱིར་བཏང་གི་ལམ་སྲོལ་ཞིག་ཏུ་ཆགས་ཡོད་མོད།   འོན་ཀྱང་གཞན་གྱི་ཆུང་མ་ཡིན་པ་ཤེས་བཞིན་དུ་ཁྲིད་པའམ་འཕྲོག་པ་ཡིན་ན་སྡེ་བ་དང་ཚོ་བའི་བར་མི་ཤི་རྟ་འགྱེལ་གྱི་གྱོད་ཆེན་པོ་འབྱུང་བ་དང་།    དེ་ལ་མི་བསད་ཀྱི་སྟོང་སྟེར་དགོས་པ་ལས་གཞན་ཁྱིམ་གཏོར་གྱི་སྟོང་ཟེར་ནས་ཁྱིམ་འཐོར་དུ་བཏང་པའི་བཤགས་པ་དང་།   ཚོ་བཤགས་ཀྱི་སྟོང་དང་དཔོན་བཤགས་ཀྱི་སྟོང་སོགས་ཡུལ་སྡེའི་བཙན་གཉོམ་ལ་བརྟེན་ནས་གསུམ་ཚན། ལྔ་ཚན། བདུན་ཚན།  དགུ་ཚན་བཅས་འཇལ་དགོས། དེ་བཞིན་བུད་མེད་བསད་པ་ཉུང་ཞིང་བརྒྱ་ལ་ཡོད་ནའང་སྐྱེས་པ་ལས་སྟོང་སྒོ་ཆུང་བ་“ཕོ་སྟོང་བརྒྱད་ཅུ་དང་མོ་སྟོང་བཞི་བཅུ་”ཟེར་ནས་རྟ་ཟོག་བརྒྱད་ཅུ་དང་བཞི་བཅུའི་ཁྱད་པར་ཡོད་པ་ལས་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཞིག་ཀྱང་རང་ཤུགས་ཀྱིས་ཕྱི་ལ་མངོན་ཡོད། བྱིས་པ་བསམ་མེད་ལོ་བརྒྱད་མན་གྱིས་མ་ཤེས་པར་མི་བསད་པ་ཡིན་ན་དགེ་ཆོས་སྤྲོད་དགོས་པ་ལས་སྟོང་འཇལ་མི་དགོས་པ་ཡིན།  དགོན་གོང་མའི་རྒད་པོ་ཚོའི་ངག་རྒྱུན་ལྟར་ནའང་སྔོན་ཆད་“སྐྱེས་ཕོ་རབ་ཞིག་ལ་ཚད་ན་བརྒྱད་ཅུ།  ཕོ་འབྲིང་ཞིག་ལ་བརྒྱབ་ན་བརྒྱད་ཅུ།  ཕོ་ངན་ཞིག་བསད་ན་བརྒྱད་ཅུ་”ཞེས་པ་སོགས་ལས་བོད་སིལ་བུར་འཐོར་བའི་རྗེས་ནས་བོད་ཁུལ་ཡོངས་དང་སྒོས་སུ་མདོ་སྨད་ཡུལ་ལ་གཅིག་སྤྱོད་བྱེད་པའི་སྟོང་རྒྱག་ལམ་ལུགས་ཤིག་མེད་པར་མིའི་མཆོག་དམན་ལ་བལྟས་ནས་སྟོང་སྟེར་དགོས་པས་ཀྱང་མཚོན་ཐུབ།  མདོར་དྲིལ་ན་སྤྱི་ཚོགས་རྙིང་བའི་སྟོང་རྒྱག་སྟངས་ལ་“ས་ནག་ལམ་བརྒྱ་ལམ་སྟོང་། མགོ་ནག་དཔེ་བརྒྱ་དཔེ་སྟོང།”  ཟེར་བ་ལྟར་མདོ་སྨད་ཡོངས་དང་མཐུན་པའི་གཅིག་གྱུར་གྱི་ཚད་གཞི་ཞིག་མེད།  ནམ་རྒྱུན་གཏམ་ཁ་ལྕེ་དང་བཙན་གཉོམ།   ཡུལ་གྲུའི་སྟོབས་འབྱོར་ལས་མི་འདྲ་བ་ལས་ཁྱད་པར་འབྱུང་བཞིན་ཡོད་མ་ཟད།  སྐབས་དོན་གཟུ་བའི་བཤད་པ་དང་ཁ་བྲལ་ཐབས་མེད་སྙམ།  ད་དུང་མི་ཤི་རྟ་གྱོད་ཀྱི་གྱོད་ཆེན་པོ་གང་ཡིན་རུང་གཟུ་བས་མ་ཤོད་པར་བསྐྱུར་བ་ཞིག་གནའ་ནས་ད་ལྟའི་བར་ཧ་ཅང་ཉུང་བས་ཁྲིམས་ལུགས་ཧ་ཅང་ཞིབ་ཚགས་ཡིན་པའི་ད་ལྟའི་སྤྱི་ཚོགས་ནང་ཡང་མི་བསད་པ།   བརྐུས་བྱས་པ་སོགས་གྱོད་གང་ཞིག་ཡིན་རུང་མི་དམངས་ཁྲིམས་ཁང་དུ་མི་བཤད་པར་གཟུ་བ་བོས་ནས་བཤད་པ་མང་ཧ་ཅང་མང་།   འདི་ལ་ད་ལྟའི་ཁྲིམས་ལུགས་ཀྱི་ཤེས་བྱ་ལྟར་ཚད་གཞི་བླངས་ན་ཚད་གཞི་མི་མཐོ་བར་ཆེས་སྤྱིར་བཏང་གི་ཡུལ་སྲོལ་སྟབས་བདེ་ཙམ་ཡིན་སྲིད་མོད་སྔོན་ཆད་འབྲོག་དམངས་ཀྱིས་ཚད་གཞི་མཐོ་བར་བསམ་ཡོད་པས་ནམ་རྒྱུན་ཁྲིམས་ལས་ཀྱང་ནུས་པ་མི་དམན་པ་ཐོན་བཞིན་པ་ནི་ཧ་ལས་དགོས་པ་ཞིག་རེད།   རྣམ་པ་འདི་ནི་མདོ་སྨད་ཁོ་ན་མ་ཡིན་པར་བོད་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ལམ་ཁྱད་པར་ཅན་གྱི་རིག་གནས་ཤིག་ལ་འབྲེལ་བ་ཡོད་སྙམ།  དེ་བས་སྤྱིར་བཏང་དུ་བོད་རིགས་ནི་སངས་རྒྱས་ཆོས་ལུགས་ལ་དད་ཅིང་བྱམས་སྙིང་རྗེ་རྒྱུད་ན་གནས་པའི་མི་རིགས་ཤིག་ཡིན་ཕྱིན། སྲོག་ཚབ་ཏུ་སྲོག་གཏོང་པ་སོགས་ཀྱི་སྲོལ་རིག་གནས་རང་ངོས་ན་གྲུབ་མེད་པས་ལག་དམར་དངོས་སུ་ལག་ཏུ་ཚུད་ཀྱང་གསོད་པར་མི་བྱ་བར་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བརྩི་བ་བཅས་ནི་མི་རིགས་གཞན་དང་ཡུལ་གྲུ་གཞན་དུ་ཧ་ཅང་མཐོང་དཀོན་ཞིང་།   མི་དགེ་བའི་ལས་ལ་ཧ་ཅང་འཛེམ་པའི་ཆ་ནས་མི་བསད་རྟ་དེད་ཀྱི་གྱོད་གང་ཡིན་རུང“གྱོད་ཕར་བཞག་ཕོ་རོག་མདའ་ཁུར། གྱོད་ཚུར་བཞག་དགེ་འདུན་སྤྱི་ཁུར་”ཟེར་ནས་གྱོད་ཕར་ལ་བྲུས་པ་ཡིན་ན་སྡེ་ཚོ་ཕུ་ནུས་ཁ་ཡ་མི་བྱེད།  གྱོད་ཚུར་ལ་བྲུས་ན་ཕུ་ནུས་རྒྱབ་སྐྱོར་དང་དཔུང་རོགས་བྱེད་པ་ཡིན་ནོ།།
             མཆན་འགྲེལ།   
             ①དགོན་གོང་མ་ནི་སྔོན་རེབ་གོང་བཙན་སྡེ་གསུམ་གྱི་ཡ་གྱལ་ཀོའི་སྡེ་ནས་ཆད་པ་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་འབའ་རྫོང་གཙོ་བོ་དང་མཚོ་སྔོན་པའི་ས་ཆར་ཡང་ཡོད།  ད་ལྟའི་འབའ་རྫོང་དུ་དཔའ་མཆོག  ཨོའུ་རྒྱ།  ཉྭ་ནག   གཡེར་སྐྱོང་བའི་ལ་དགོན་གོང་མར་ཚོ་རྟིང་བཞི་ཟེར་བ་དང་།  དེའི་ཁར་གསེར་ལག་མཐའ་བ་དང་།   མཚོ་སྔོན་པོའི་ཕྱོགས་སུའང་དགོན་གོང་མའི་རུ་སྡེའི་སྐོར་ཅིག་གནས་པ་དག་ལས་གྲུབ་པ་ཡིན།   
             ②ལྷ་མཆོག་རྒྱལ་གྱིས་བརྩམས་པའི་《དགོན་གོང་མའི་ལོ་རྒྱུས་འཕོ་འགྱུར་དང་ཡུལ་སྲོལ》  མི་རིགས་དཔེ་སྐྲུན་ཁང་།2002.  3 P.  80 ---8 1   
             ③(སྤྱི་ལོ་1920ནས  2010བར་)དཔའ་མཆོག་དཔོན་པོ་ཡིན།   སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ནང་མི་འི་རྟ་འགྱེལ་གྱི་གྱོད་མང་པོ་བཤད་མྱོང་།   
             ④དགོན་གོང་མའི་དཔའ་མཆོག་འཇམ་སྐོར་གྱི་མི་ཡིན་པ་དང་ད་ལོ་ལོ་77ཡིན།  
              ⑤སྨན་ཤུལ་གྱི་མི་ཡིན་པ་དང་ད་ལོ་ལོ་81ཡིན།  
             ⑥《 དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009.9   P.1789   
             ⑦བདེན་བརྡར་བའམ་ཚིག་བཤེར་ནས་བདེན་མིན་ལ་བརྟག་པའི་དོན་འདུས་པས་བཤེར་གྱི་གོ་དོན་དང་གཅིག་ཡིན་སྙམ།   
             ⑧《དག་ཡིག་གསར་བསྒྲིགས།》  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010.8  P.806  
             ⑨སྨན་ཤུལ་གྱི་ཨ་ཁུ་རྒན་པོ་ཆོས་སྨན་གྱིས་བཤད།  
             ⑩བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་(གྲ་སྒྲིག་)ནས་བསྒྲིགས་པའི་《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས།》  བོད་ལྗོངས་མི་དམངས་དཔེ་སྒྲུན་ཁང་། 1989.3   P.173   
             ⑾དཔའ་མཆོག་གི་ཨ་ཁུ་རྒན་པོ་ཆོས་ལོ་ཡིས་བཤད།  
             ⑿ཧོར་ཚོ་རྟིང་བཞིའི་དཔོན་པོ་ཡིན།  སྡེ་མགོ་རེབ་གོང་ལ་གཏོགས་པ་དང་ད་ལྟའི་རྩེ་ཁོག་རྫོང་གི་ཁོངས་སུ་གནས།   ⒀གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010.3   P.270- 278གསལ།   
             ⒁ཏུན་ཧོང་གཏེར་ཡིག་ཏུ་“འདམ་པོ་”ཞེས་འབྱུང་མོད།   སྤྱིར་བཏང་དུ་གདམས་པོ་ཞེས་བྲིས་ན་འགྲིག་སྙམ། གཞན་གྱིས་རྒྱུ་བྱིན་པས་གོ་ཐོས་བྱུང་པའི་སྐད་ཆའམ་ནང་ཇུས།   བརྐུ་བྱས་པ་སོགས་གཞན་ལ་གདམས་མཁན་ཏེ་བཤད་མཁན་ལ་གོ་དགོས།   
             ⒂མགོ་ལོག་ས་ཆར་དེང་སྐབས་དངུལ་རྡོ་ཚད་ལ་དམངས་སྒོར་བདུན་ཅུ་ནས་དོན་ལྔ་ལྟར་རྩིས་རྒྱག་རྒྱུ་ཡོད་པ་གཟུ་བ་རྡོ་ཕྲུག་ལགས་ཀྱིས་བཤད་པར་གཅན་ཚ་བཀྲ་བྷོས་བརྩམས་པའི་《དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག》ནང་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011.7   P.363   
             ⒃⒄《མགོ་ལོག་ལོ་རྒྱུས་དེབ་ཐེར》དོན་གྲུབ་དབང་རྒྱལ་དང་ནོར་སྡེ་ཡིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1992. 9  P.66  P .67


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1