གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༣ཉིན།

༄༅།། བོད་ཡིག་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་གཏོང་བའི་སྐོར་རགས་ཙམ་གླེང་བ། ཀརྨ་རྒྱལ་མཚན།


དང་པོ། བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆའི་སྔོན་གྱི་བྱུང་བ་དང་ད་ལྟའི་གནས་བབ།
        བོད་ཡིག་གི་གནའ་དཔེ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་གྲངས་དུ་མ་ལྡན་ཞིང་ལག་བྲིས་དང་ཤིང་སྤར་དུ་བྱས་པ་ཡིན། མང་ཆེ་བ་ནི་བོད་ལྗོངས་དང་ཞིང་ཆེན་ཁག་ལྔའི། བོད་ཁུལ་གྱི་དགོན་སྡེ་དང་། རྒྱལ་ནང་གི་དཔེ་ཅིང་སོགས་དང་། དེ་མིན་འབྲུག་འབྲས་ལྗོང་། རྒྱ་གར་བལ་པོ། བྲུ་ཤ་ཁ་ཆེ་ལི་ཡུལ་འཇང་སོགས་ཁྱིམ་འཚེས་རྒྱལ་ཁབ་དང་། ཨེ་ལི་སི་རྗེན་སི་མི་ཐི་ཡོངས་གྲགས་སུ་སྐུ་ཞབས་རྗེན་ལགས་ཀྱིས་བཙུགས་པའི་ཨ་རི་དཔེ་མཛོད་ཁང་སོགས་ནུབ་ཕྱོགས་རྒྱལ་ཁབ་འགའི་དཔེ་མཛོད་ཁང་དུའང་ཉར་ཚགས་བྱས་ཡོད། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། བོད་མི་རིགས་ཀྱིས་གསར་གཏོད་དང་ཉར་ཚགས་བྱས་ནས་བྱུང་བ་ཞིག་ཡིན། ནང་དོན་ཕུད་ཁར་དེར་ཡུན་རིང་པོའི་ལོ་རྒྱུས་དང་། མཐོང་བ་བརྒྱུད་པའི་ཕྱག་རྒྱུན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས། ཕུན་སུམ་ཚོགས་པའི་རིག་གནས་གྱི་མཚོན་དོན། ཆ་ཚང་ཞིང་ཞིབ་ཚགས་ཆེའི་གཞུང་ལུགས་ཀྱི་མ་ལག་བཅས་ལྡན་པ་ ཡིན། སྤྱི་ལོ་དུས་རབས་བདུན་པར། བོད་དུ་ད་ལྟར་ཡོངས་ཁྱབ་དུ་སྤྱོད་བཞིན་པའི་ཡི་གེ་འདི་གསར་དུ་བྱུང་བ་ཡིན་ལ། དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས་ཁག་གི་ནང་དོན་ཡི་གེར་བཀོད་ནས་འཛིན་སྐྱོང་སྤེལ་གསུམ་བྱས། སྤྱི་ལོ་དུས་རབས་བདུན་པ་ནས་དགུ་པ་སྟེ། བོད་ཆེན་པོའི་རྒྱལ་རབས་ཀྱི་སྐབས་སུ། བོད་ཡིག་ཚད་ལྡན་ཡིག་ཆས་ལོ་རྒྱུས་སྟེང་གི་མཐོ་རླབས་ཐོག་མར་དེ་བསུས་ཤིང་། རྒྱ་འགྱུར་མ་ནི་དེའི་ནང་དོན་གཙོ་བོ་ཡིན། བོད་ཆེན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ་སླེབས་དུས། བན་བོན་ཚད་ལྡན་ཡིག་ཆའི་བཀའ་གཏེར་སྤྱིའི་གྲངས་འབོར་ནི་རྣམ་གྲངས་ཆིག་སྟོང་ཡས་མས་ཀྱི་ཚད་དུ་སོན་ཡོད་པ་སྙམ། མཐོ་རླབས་གཉིས་པ་ནི་དུས་རབས་བཅུ་པ་ནས་བཅུ་གཉིས་པའི་བར་སྐབས་ཏེ། བོད་སིལ་བུར་འཐོར་བའི་སྐབས་སུ་བྱུང་བ་ཡིན། དུས་སྐབས་ དེར་སྔོན་དར་གྱི་བོན་པོ་དང་། བོད་བརྒྱུད་ནང་བསྟན་གྱི་བཀའ་གདམས་པ་དང་། རྙིང་མ་བ། ས་སྐྱ་བ། བཀའ་བརྒྱུད་པ་བཅས་ཀྱི་གྲུབ་མཐའ་དག་སྔ་གཞུག་ཏུ་བྱུང་ནས། ཆོས་འཆད་པ་དང་བསྟན་བཅོས་རྩོམ་པ་ལ་བརྟེན་ནས་རྒྱའི་ལོ་རྒྱུས་སྟེང་གི་ཁྲུན་ཆིའུ་ཀྲན་གོའི་སྐབས་དང་འདྲ་བའི་མཁས་བརྒྱ་འགྲན་གླེང་ཞེས་པ་ལྟ་བུའི་དར་རྒྱས་ཀྱི་རྣམ་པ་ཞིག་བསྐྲུན་སོང་། ཆོས་གཞུང་ལོ་ཙཱ་དང་དེའི་རྩ་འགྲེལ་ཡང་འགྲེལ་དག་དང་། ཁྱད་པར་དུ་ལོ་རྒྱུས་དང་། སྐད་ཡིག་རིག་གནས་སྐོར་སོགས་ཀྱི་བསྟན་བཅོས་མང་དུ་བརྩམས་པ་དང་། ནང་དོན་རྒྱ་ཆེ་ལ་གཏིང་ཟབ་སྟེ། ཧ་ལམ་བོད་ཀྱི་སྲོལ་རྒྱུན་གྱི་བཅུ་ཕྲག་རིག་གནས་མཐའ་དག་འདུས་ལ། བོད་ཀྱི་མཁས་པས་བརྩམས་པའི་གསུང་འབུམ་ཡང་བྱུང་འགོ་ཚུགས། གནའ་དཔེ་དེ་དག་ཐོག་མར་དབུ་ཅན་ནས་དབུ་མེད། དབུ་མེད་ཀྱང་བྲིས་གཟུགས་སྣ་ཚོགས་བྱུང་ཡོད ་པ་སྙམ། བོད་ཡིག་ཚད་ལྡན་ཡིག་ཆའི་མཐོ་རླབས་ཐེངས་གསུམ་པ་ནི། དུས་རབས་བཅུ་གསུམ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཕན་གྱི་ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་སྟེ། དེའང་དུས་རབས་བཅུ་གསུམ་པའི་མགོ་ཙམ་ནས་བཟུང་པར་རྐོས་འདེབས་ཀྱི་ལག་རྩལ་བོད་དུ་དར་དྲགས་ནས་བོད་ཀྱི་མཁས་པ་དེ་དག་གི་གསུང་འབུམ་འབོར་ཆེན་དང་། བོན་གྱི་བཀའ་གཏེར་རབ་བརྟན་པར་མ་དང་། འཇང་གི་པར་མའི་བཀའ་འགྱུར་ནས་བཟུང་བཀའ་བསྟན་བཅོས་པར་གཞི་མི་འདྲ་བ་མང་པོ་པར་དུ་བསྐྲུན་པ་མ་ཟད། མདོ་དབུས་ཁམས་གསུམ་དུ་ཁམས་སྡེ་དགེ་པར་ཁང་གི་གཙོས་པའི་པར་ཁང་ཆེ་ཆུང་མང་པོ་གསར་དུ་བརྒྱག་ནས་པར་བརྐོས་དང་པར་བསྐྲུན་གྱི་ལས་ཀ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་སྙམ། དུས་རབས་དེ་དག་ལ་བྱུང་བའི་དཔེ་ཆ་ལ་གནའ་དཔེ་ཟེར། གནའ་དཔེ་ལས་གཏེར་ཆོས་ཡང་མང་པོ་ཡོད། གནའ་དཔེའི་རྣམ་པ་ལ་བྲིས་མ་དང་སྤར་མ། ནང་དོན་གྱི་རིགས་ལ་བཀའ་བསྟན་འགྱུར་དང་། གསུང་འབུམ། གསུང་ཕྱོགས་བསྒྲིགས། འཐོར་བུ་བཅས ། འབྲི་གཞི་ཤོག་བུ་གཙོས་པའི་རས་དང་། ཤིང་གི་ལོ་མ་དང་། ཤིང་དང་། རུས་པ། རྡོ་སོགས་ནི་པར་བརྐོ་གཞི་ཡིན། འབྲི་བྱེད་ནི་སྣག་ཚ་གཙོས་པའི་གསེར་སོགས་རིན་ཆེན་སྣ་བདུན་བཅས་སོ། །དེའང་ཁོ་བོས་ཤེས་རྟོགས་བྱུང་བར་ལྟ་ན་ལྷ་ས་འབྲས་སྤུངས་དགོན་པ་ཁོ་ནའི་ཐད་ནས་བཤད་ཀྱང་གླེགས་བམ་པོད་ཁྲི་བཅུ་བཞི་ཙམ་ཉར་ཚགས་བྱས་ཡོད་པར་གྲགས་པ་དང་། ཆེ་ལོང་ཙམ་གྱི་བསྡོམས་རྩིས་ལྟར་ན། ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ས་ཁུལ་དག་ཏུ་རིགས་མི་འདྲ་བའི་བོད་ཡིག་གནའ་དཔེ་པོད་ཁྲི་ཉེར་དགུ་ལྷག་ཉར་ཚགས་བྱས་ཡོད་པར་གྲགས། གཞན་ཚང་མས་མཁྱེན་གསལ་ལྟར་གཙང་ས་སྐྱ་ལྷ་ཁང་ཆེན་མོའི་དཔེ་མཛོད་ཁང་དང་། གཞིས་རྩེ་ཞ་ལུ་དགོན་པ། ལྷ་ས་པོ་ཏ་ལར་དཔེ་མཛོད་ཁང་ཆེ་ཆུང་མང་པོ་དང་། ནོར་བུ་གླིང་ཁ་སོགས་སུ་ཡོད་པའི གནའ་དཔེ་ཀྱི་རིགས་དང་རྣམ་པ་ཅི་འདྲ་ ཡོན་ད་བར་སུས་མ་མཁྱེན་པ་ལྟ་བུར་གྱུར། དེ་མིན་བོད་ཀྱི་དམངས་ཁྲོད་དུ ་གནའ་དཔེ་འབོར་ཆེན་ཁ་ཐོར་དུ་ཉར་ཚགས་བྱས་ཡོད། དེ་དག་སྲུང་སྐྱོབ་ཀྱི་གོ་རིམ་ཁྲོད་ནས་དུས་ཡུན་རིང་དྲགས་པས་ཉར་ཚགས་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་ཕྲད་ཡོད། ལྷག་པར་དུ་རང་བྱུང་དང་མིས་བཟོས་ཀྱི་གནོད་སྐྱོན། དུས་འཁྲུག་སྡེ་གཟར་སོགས་ཀྱི་རྐྱེན་པས། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་ཆག་སྒོ་རབ་དང་རིམ་པ་བྱུང་ཡོད་སྟབས། ད་ལྟའི་བར་དུ་ཉར་ཚགས་བྱས་ཐུབ་པ་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་བ་ཞིག་ཏུ་གྱུར་ལ། མིག་སྔར་ང་ཚོས་མཐོང་ཐུབ་པའི་གནའ་དཔེ་པོད་རེ་རེའི་རྒྱབ་ཏུ་མི་ལ་ ཡིད་འགུལ་ཐེབས་ཤིང་མིག་ཆུ་ལྷུང་ལྷུང་དུ་བབ་པའི་གཏམ་རྒྱུད་རིང་མོ་རེ་སྦས་ནས་ཡོད་ཅེས་ཀྱང་བཤད་ཆོགང་ཚོས་ལོ་དུ་མའི་རིང་གི་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་ལྟར་ན། བོད་ཡིག་གནའ་དཔེ་འཐོར་བརླག་ཏུ་སོང་བའི་རྒྱུ་རྐྱེན་ནི་གཤམ་གསལ་ཏེ། གཅིག་ནི། མི་མང་ཆེའི་ངོས་ལ་གནའ་དཔེ་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་ཞན་པས། མིས་བཟོས་གནོད་སྐྱོན་ཕོག་ནས་མེད་བརླག་ཏུ་སོང་བ་ཡིན་པ། བོད་ཡིག་གནའ་དཔེ་སྲུང་སྐྱོབ་བྱས་བའི་ཐད་དུ་ངོས་འཛིན་ཡང་དག་བྱུང་མེད་པ་དང་། སྲུང་སྐྱོབ་ཀྱི་ལྟ་ཚུལ་དང་བྱེད་ཐབས་མང་དག་ཅིག་ནི་ཧ་ཅང་ཐབས་ཆག་གི་ངང་ཚུལ་དུ་གནས་པས། མི་ཁ་ཤས་ཀྱིས་རྙིང་ཞེན་དང་། དུས་དང་མི་མཐུན་པ། རྗེས་ལུས། རྨོངས་དད་སོགས་ཀྱི་ཐ་སྙད་དག་བོད་ཡིག་གནའ་དཔེའི་སྟེང་དུ་བཙན་སྦྱོར་བྱེད་ཀྱིན་ཡོད། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་ཁྱབ་གདལ་གྱི་ས་ཁུལ་ལ་ཚད་ཡོད་པས། མི་རིགས་གཞན་དག་གིས་དེར་རྒྱུས་ལོན་བྱེད་པར་སྐད་ཆའི་ཚད་བཀག་ཡོད་པ་དང་། དེ་དང་མཉམ་དུ་དྲིལ་སྒྲོག་བྱེད་པ་མི་འདང་བས། ཚན་རིག་གི་སྒོ་ནས་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་ཐུབ་ ཀྱིན་མེད། བོད་ཡིག་གནའ་དཔེ་ལས་མང་ཆེ་ཤོས་ཤིག་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་ཁ་ཐོར་དུ་ཁྱབ་ཡོད་པ་དང་། ལྷག་པར་དུ་མི་སྒེར་གྱི་ལག་ཏུ་ཉར་ཡོད་པས། ཁྱབ་སའི་གནས་ཁ་ཐོར་ཡིན་དྲགས་ཤིང་། འགྲིམ་འགྲུལ་ཡང་སྟབས་མི་བདེ་སྟབས། ང་ཚོའི་གནའ་དཔེ་འཚོལ་སྡུད་ཀྱི་ལས་ཀར་དཀའ་ཁག་ཆེན་པོ་བསྐྱལ་འོངས་པ་དང་། སྲུང་སྐྱོབ་ཀྱི་ལས་དོན་ལའང་འགལ་རྐྱེན་མང་དུ་བྱུང་ཡོད། དེ་ལས་གཞན་བོད་ཡིག་གནའ་དཔེ་འབོར་ཆེན་ཞིག་ལྐོག་ཚོང་དང་ཚོང་ལོག་བརྒྱབ་པ་ལ་བརྟེན་ནས་རྒྱལ་ཕྱི་ནང་དུ་འདྲེན་ཀྱིན་འདུག་པ་སོགས་ཀྱིས། ང་ཚོས་གནའ་དཔེ་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས་པ་དང་། ལས་དོན་འདི་ནི་ཁ་ཚ་དགོས་གཏུགས་ཅན་ཞིག་ཡིན་པ་མངོན་སུམ་གསལ་རྗེན་ཡིན། གཉིས་ནི། གནའ་དཔེ་ཉར་ཚགས་བྱེད་སྟངས་མི་ལེགས་པས་གནོད་སྐྱོན་བྱུང་བའི་གནས་ཚུལ་ཚབས་ཆེན་བྱུང་བ། བོད་ཁུལ་དུ་དགོན་སྡེ་ཁག་གིས་གནའ་དཔེ་སྲུང་སྐྱོབ་ལ་ལག་ལེན་གྱི་ཁྲོད་ནས་ཅུང་ཕན་ནུས་ལྡན་པའི་གནའ་དཔེའི་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་དང་སྲུང་སྐྱོབ་བྱེད་ཐབས་འཚོལ་རྙེད་བྱུང་ཡོད་ཀྱང་། ཁོར་ཡུག་གི་གནས་བབ་ཞན་པ་སོགས་ཀྱི་རྐྱེན་པས། བྱེད་ཐབས་དེ་དག་ཅུང་རྗེས་ལུས་སུ་མངོན། དཔེར་ན། བོད་ཡིག་གནའ་དཔེ་མང་ཆེ་ཤོས་ཀྱི་རྒྱུ་ཆ་གཙོ་བོ་ཤོག་བུ་ལས་གྲུབ་པ་དང་། མང་ཆེ་ཤོས་ནི་ཤིང་ཁང་དང་ཤིང་སྒམ་དུ་བཅུག་ཡོད་ལ། མེ་གསོད་དམ་མེ་འགོག་ཉེན་བརྡའི་མ་ལག་མི་ཚང་བས། གལ་སྲིད་མེ་སྐྱོན་བྱུང་ཚེ་དེའི་མཇུག་འབྲས་ནི་ཚབས་ཆེན་ཡིན་པ་བཤད་མ་དགོས་པ་རེད། གསུམ་ནི། གནའ་དཔེའི་རང་ངོས་ནས་འགྱུར་ལྡོག་བྱུང་བ་སྟེ། ཁོར་ཡུག་གི་དྲོད་ཚད་དང་བརླན་ཚད་གཏན་འཇགས་མ་ཡིན་པས་འབུ་ཕྲ་དང་། ཉི་འོད། རྡུལ་ཕྲ་རབ་སོགས་ཀྱི་མི་མངོན་པའི་གནོད་སྐྱོན་ཕོག་པའི་གནས་ཚུལ་ཡང་ཧ་ཅང་ཚབས་ཆེན་ཡིན་པ། བོད་ཡིག་གནའ་དཔེ་མང་ཆེ་ཤོས་ནི་ཤོག་བུའི་སྟེང་དུ་བྲིས་པའི་བྲིས་མ་ཡིན་ཞིང་། ཤོག་བུ་རྙིང་རལ་དུ་འགྲོ་བ་བཟློག་ཏུ་མེད་པས། གནའ་དཔེ་མང་དག་ཅིག་གི་བཟོ་ལྟ་ཡོངས་སུ་ཤོར་ཞིང་། ལ་ལ་ཆག་སྐྱོན་ཅན་དུ་གྱུར་པ་དང་། ལ་ལ་ནི་སྟེང་གི་ཡི་གེ་རང་ཤུགས་ཀྱིས་ཡལ་ནས་མཐོང་མི་ཐུབ་པར་གྱུར་ཡོད། དེ་ལས་གཞན་གནའ་དཔེ་ཉར་ཚགས་བྱེད་དགོས་ཚེ་གནའ་དཔེ་འཇོག་སའི་གནས་ཀྱི་དྲོད་ཚད་དང་རླན་ཚད་ཆ་སྙོམས་ཀྱི་ཚད་དང་ལྡན་དགོས་ཏེ། རླན་དྲགས་ཚེ་རུལ་སླ་ཤིང་འབུ་ཕྲའི་གནོད་པ་ཆེ་ལ། སྐམ་དྲགས་ཚེ་ཆག་གྲུག་སླ་བ་ཡིན། དེ་བས་ཉར་ཚགས་བྱེད་སའི་འཁོར་ཡུག་གི་རྐྱེན་གྱིས། གནའ་དཔེའི་རྒྱུ་ཆ་ཁ་ཤས་ནི་ལུགས་མཐུན་གྱི་སྲུང་སྐྱོབ་མ་ཐུབ་པས་རིམ་བཞིན་འཐོར་བརླག་ཏུ་འགྱུར་རུ་འགྲོ་ བ་རེད། བཞི་ནི། ཤུགས་དྲག་པའི་རིག་གནས་ཀྱིས་ཤན་ཞུགས་དང་རང་མི་རིགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས། རང་མི་རིགས་ཀྱི་རིག་གནས་ལ་རྩིས་མཐོང་བྱེད་པའི་འདུ་ཤེས་ཇེ་ཞན་དུ་ སོང་། མདོར་ན། རྣམ་པ་དུ་མ་ཅན་གྱི་བོད་ཡིག་གནའ་དཔེ་དེ་དག་ལ་ད་དུང་ཚན་རིག་གི་སྒོ་ནས་སྲུང་སྐྱོབ་བྱེད་པ་མི་འདང་ཞིང་། མིག་སྔར་ཉར་ཚགས་བྱུང་ཡོད་པའི་བོད་ཡིག་གནའ་དཔེ་དེ་དག་ལ་བལྟས་ན། མེ་སྐྱོན་དང་། རྐུན་ཇག་ལ་ཤོར་བ་ སོགས་མངོན་གསལ་རང་བཞིན་གྱི་གནོད་སྐྱོན་ཐེབས་ཀྱིན་ཡོད། གཞན་ཡང་ཉེ་ལམ་རིག་ གཞུང་ཞིབ་འཇུག་དང་རིག་གནས་བརྗེ་རེས་ཀྱི་དགོས་མཁོར་དམིགས་ནས། ཡང་དང་བསྐྱར་དུ་པར་བརྒྱབ་པ་དང་གཡར་ཀློག་བྱས་པ་དེས་ཀྱང་། གནའ་དཔེའི་མ་ཡིག་གི་བེད་སྤྱོད་བྱེད་ཡུན་ཇེ་ཐུང་དུ་འགྲོ་བཞིན་པ་སོགས་ཀྱིས་རྐྱེན་པས། ད་ལྟ་ནས་ཕན་ནུས་ལྡན་པའི་མྱུར་སྐྱོབ་བྱེད་ཐབས་ལ་བརྟེན་ནས་སྲུང་སྐྱོབ་མ་བྱས་ཚེ། བོད་ཡིག་གནའ་དཔེ་དུ་མ་སྔར་བཞིན་འཐོར་བརླག་ཏུ་འགྲོ་བའི་རྐྱེན་ངན་ལས་ཐར་དཀའ་བར་འདུག་སྙམ།

གཉིས་པ། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན།


ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་དཔེ་རྙིང་ཡིག་ཆའི་ལོ་མའི་ཆོས་དཔེ།


        བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་རྩ་ཆེན་རང་བཞིན་དང་། ཇེ་ཉུང་དུ་འགྲོབའི་རང་བཞིན། སླར་གསོ་བྱེད་མི་ཐུབ་པའི་རང་བཞིན་བཅས་ལྡན་པ་ལ་གཞིགས་ན། གནའ་དཔེ་ངེས་པར་དུ་མྱུར་དུ་སྲུང་སྐྱོབ་བྱེད་དགོས་པ་ཡིན་པར་སུས་ཀྱང་ཤེས་ཐུབ། བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ བྱེད་པར་གཤམ་གསལ་ལྟར་གྱི་དོན་སྙིང་ལྡན་པ་སྟེ། དང་པོ། གནའ་དཔེའི་སྲུང་སྐྱོབ་ཀྱི་ལས་དོན་ཡུན་རིང་གནས་ཐུབ་པ་དང་འཕེལ་རྒྱས་འབྱུང་བར་ཕན་པ། རྒྱལཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གྲངས་ཉུང་གི་གནའ་དཔེ་མྱུར་སྐྱོབ་དང་ལེགས་སྒྲིག་སྐོར་གྱི་སྙན་ཞུ། ཞེས་པའི་བརྡ་སྦྱོར་གྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ནི་མེས་རྒྱལ་གྱི་ཤུལ་བཞག་རིག་གནས་རྩ་ཆེས་ནང་གི་གྲུབ་ཆ་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེར་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པ་ནི་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། ཞེས་ནན་དུ་བསྟན་ཡོད། གྲངས་ཉུང་མི་རིགས་ཀྱི་གནའ་དཔེར་སྲུང་སྐྱོབ་བྱེད་པ་ནི་མི་རིགས་ཁག་གི་གནའ་དཔེ་ལས་དོན་ལེགས་པར་སྒྲུབ་པའི་རྨང་གཞིའི་ཆ་རྐྱེན་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ལས་དོན་ཡུན་རིང་གནས་ཐུབ་པ་དང་འཕེལ་རྒྱས་འབྱུང་བའི་ཁག་ཐེག་ཀྱང་ཡིན། ཡང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ད་ལྟའི་དུས་ཀྱི་རིག་གནས་འཛུགས་སྐྲུན་གྱི་ཐད་ལ་བླང་བྱ་གསར་པ་བཏོན་ཡོད་དེ། དུས་རབས་ཀྱི་འདོད་འདུན་མཚོན་ཐུབ་ལ། མི་དམངས་ཀྱི་འདོད་བློ་སྐོང་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་གཤིས་ལྡན་པའི་རིག་གནས་གྲུབ་འབྲས་མང་དུ་བསྐྲུན་ནས། སྔོན་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས། ཁྱོན་ཡོངས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་དགོས། ཞེས་བསྟན་ཡོད། ཀྲུང་གོ་ཀྲུང་དབྱང་གི་རང་རྒྱལ་གྱི་གནའ་དཔེ་ལེགས་སྒྲིག་སྐོར་གྱི་མཛུབ་སྟོན་གྱིས་ལས་དོན་གོང་འཕེལ་དང་ཁྱབ་གདལ་གཏོང་བར་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་ལས། ད་ལྟའི་གནའ་དཔེ་ལས་དཔེ་རྒྱུན་དཀོན་པོ་དང་རྩ་ཆེན་གྱི་རིགས་དག་ལ་སྲུང་སྐྱོང་དང་མྱུར་སྐྱོབ་བྱེད་དགོས། ཞེས་དང་། ཡང་། རྒྱལ་ཁབ་ཕྱིར་ཡོད་པའི་གནའ་དཔེ་རྒྱུ་ཆ་དག་ནི། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ནང་འདྲེན་བྱེད་དགོས་པ་དང་། ཡང་ན་བསྐྱར་པར་རྒྱག་དགོས། དེ་དང་མཉམ་དུ་དཔེ་རྒྱུན་དཀོན་པོ་ཁག་ཅིག་ཆ་ཚང་བར་བསྐྱར་པར་རྒྱག་དགོས། ཞེས་བཤད་ཡོད། མཛུབ་སྟོན་གལ་ཆེན་འདི་རིགས་ནི། ང་ཚོའི་བོད་ཡིག་གནའ་དཔེ་མྱུར་སྐྱོབ་དང་ལེགས་སྒྲིག་སྲུང་སྐྱོབ། དཔེ་བསྐྲུན། བེད་སྤྱོད་ཀྱི་ལས་དོན་ལ་ ཤིན་ཏུ་འཚམ་ཞིང་ང་ཚོས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་དུས་སྐབས་གསར་པའི་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་ལེགས་སྒྲིག་ལས་དོན་ཁྲོད་ཀྱི་གནད་དོན་གསར་པར་ཞིབ་འཇུག་བྱས་ཏེ། རང་འགན་མི་ཤོར་བའི་རྨང་གཞིའི་ཐོག་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ་བྱེད་པ་ལ་ང་ཚོས་རང་ནུས་ཀྱི་ལག་རྗེས་སྐྲུན་དགོས། གཉིས་པ། མི་རིགས་རིག་གནས་མ་ཉམས་པར་སྲུང་སྐྱོབ་བྱེད་པར་ཕན་པ། སྲིད་འབྱོར་རིག་གསུམ་དང་ཚན་རྩལ་སོགས་རྒྱུན་མཐུད་ངང་འཕེལ་རྒྱས་སོང་བ་དང་། ཤུགས་དྲག་པའི་རིག་གནས་ཀྱི་གཞན་བསྒྱུར་ལྟ་བུའི་ཤན་ཞུགས་འོག་ནས། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་བྱས་ཚེ། བོད་ཡིག་གནའ་དཔེའི་ཁྲོད་ཀྱི་ལོ་རྒྱུས་སྙན་རྩོམ་དང་། གཏམ་རྒྱུད། གཏམ་དཔེ། གླུ་གཞས། ཁེད། རྣམ་ཐར། མགུར་གླུ། དེ་བཞིན་དམངས་ཁྲོད་ངག་རྒྱུན། ལྷ་སྒྲུང་། དམངས་སྲོལ་རིག་གནས་སོགསརིག་གནས་གཞན་པས་གཞན་བསྒྱུར་གྱི་ཤན་ཞུགས་ཐེབས་ཀྱིན་པའི་མི་རིགས་རིག་གནས་རང་མདངས་མ་ཤོར་བར་རྒྱུན་འཛིན་བྱེད་པར་ཕན་པ། དཔེར་ན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་ལུགས་བརྗོད་བརྩམས་སྒྲུང་དང་། བྱ་སྤྲེལ་གཏམ་རྒྱུད་དང་། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་དབང་པོའི་གཏམ་པདྨའི་ཚལ་གྱི་ཟློས་གར། སངས་རྒྱས་རྒྱལ་མཚན་གྱི་མི་ལ་རས་པའི་རྣམ་ཐར། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞབས་དཀར་བའི་རྣམ་མགུར། གླེང་གེ་སར་རྒྱལ་པོའི་སྒྲུང་། སོགས་དམངས་ཁྲོད་ཀྱི་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་། སྐབས་དེའི་ཕལ་སྐད་དང་ཉེ་བས་ཚིག་དོན་གོ་སླ་ཞིང་བབ་ཆགས་ལ། ཚིག་སྦྱོར་བདེ་ཞིང་གསོན་ཉམས་ལྡན་པ་དང་། བསམ་བློ་དང་སྒྱུ་རྩལ་གང་གི་ཆ་ནས་ཀྱང་སྒྱུ་རྩལ་རང་བཞིན་གྱི་ཚད་མཐོན་པོ་ཡོད་་པ། བརྩམས་ཆོས་དེ་དག་ཁྲོད་ཀྱི་བསླབ་བྱ་དང་ལེགས་བཤད་ཁག་ཅིག་ནི་ད་ལྟའང་བོད་ཀྱི་ས་ཆ་མང་དག་ཏུ་དར་ཡོད་ཅིང་། ཁ་མཆུ་འདུམ་འགྲིག་དང་རྟེན་འབྲེལ་གྱི་མཛད་སྒོར་སོགས་ཀྱི་ཁྲོད་དུ་བེད་སྤྱོད་ཆེ་བས། བོད་ཀྱི་ཡ་རབས་གཤིས་བཟང་གི་སྤྱི་ཚོགས་ལ་ཞིབ་འཇུག་གཏོང་བར་ཟུར་ལྟའི་རིན་ཐང་རྒྱ་ཆེན་པོ་ལྡན། གསུམ་པ། བོད་བརྒྱུད་ནང་བསྟན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་པ། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མི་རིགས་ཁག་གིས་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་གསར་གཏོད་དང་ཉར་ཚགས་བྱས་ཤིང་། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་གནའ་དཔེ་དང་ཡིག་རྙིང་། ཚད་ལྡན་ཡིག་ཆའི་རྒྱུ་ཆ་སོགས་མི་རབས་རྗེས་མར་སྐྱེས་སུ་ཕུལ་ཡོད། བོད་བརྒྱུད་ནང་བསྟན་གྱི་གནའ་དཔེ་དག་གི་ནང་དུ་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གསལ་བར་བཀོད་ཡོད་པས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་ནང་དོན་འདུས་ཡོད། དཔེར་ན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རྒྱལ་ཁབ་ཀྱི་བདུན་ལྔ་དང་། བརྒྱད་ལྔའི་ལས་གཞི་ཞེས་པའི་ནང་དུ་བཞག་ནས། ལོ་ངོ་ཉི་ཤུའི་རིང་དུ་དཔེ་བསྡུར་ལེགས་སྒྲིག་བྱས་པའི་བོད་ཡིག་གི་རྒྱལ་བའི་བཀའ་འགྱུར་དང་། དེའི་དགོངས་འགྲེལ་བསྟན་འགྱུར་ནི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཁྱབ་ཁོངས་སུ་ཐུན་མོང་ནས་ཁས་ལེན་པའི་རིགས་བརྒྱའི་གླེགས་མཛོད་རང་བཞིན་གྱི་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་ཡིན། དེ་ནི་རྒྱལ་ཁབ་ཕྱི་ནང་གི་སངས་རྒྱས་བསྟན་པའི་ལོ་རྒྱུས་ཐོག་གི་རྒྱུ་ཆ་ཕྱོགས་བསྒྲིགས་ཞིག་ཡན་པར་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་ལོ་རྒྱུས་སྟེང་ཤར་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་། ལོ་རྒྱུས། སྐད་བརྡ་རིག་པ། རྩོམ་རི། རོལ་མོ། མཛེས་རྩལ། བཟོ་སྐྲུན། གནམ་དཔྱད། སྐར་རྩིས། གསོ་རིག་སོགས་ཀྱི་ནང་དོན་འདུས་པའི་རྒྱུ་ཆའི་གཏེར་མཛོད་ཅིག་ཀྱང་ཡིན། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་རྙིང་མ་རྒྱུད་འབུམ་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས་ཏེ། རྙིང་མའི་རྒྱུད་འབུམ་ལེགས་བཏུས་གཏེར་བུམ་ཞེས་པ་ནི། རིན་ཐང་ལྡན་པའི་རྒྱུ་ཆ་གསར་པ་མང་པོའང་གསར་དུ་སྔོག་འདོན་བྱས་ཡོད་ལ། སྒོས་སུ་དེའི་ནང་དཔེ་རྒྱུན་རྩ་ཆེན་མང་དག་ཅིག་མྱུར་སྐྱོབ་བྱས་ཡོད། ཡིག་སྒྱུར་བྱས་ནས་པར་དུ་བསྐྲུན་ཟིན་པའི་བུ་སྟོན་ཆོས་འབྱུང་དང་རྒྱ་ནག་ཆོས་འབྱུང་། རྒྱ་གར་ཆོས་འབྱུང་སོགས་ཀྱིས། སངས་རྒྱས་ཆོས་ལུགས་རྒྱ་དཀར་ནག་དང་། བོད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་དར་བ་དང་། དུས་སྐབས་སོ་སོའི་འཆད་ཉན་སྤེལ་བའི་ཚུལ་དང་། ཆོས་ལུགས་གྲུབ་མཐའ་སོ་སོའི་ནང་དོན་སོགས་གསལ་བར་བཀོད་ཡོད་ཅིང་། བཀའ་བསྟན་འགྱུར་གྱི་དཀར་ཆག་དང་། དུས་རབས་བཅུ་བཞིའི་སྔོན་གྱི་རྒྱལ་བའི་གསུང་རབ་སྣ་ཚོགས་བཀའི་བསྡུས་ཚུལ་འཁོད་ཡོད་པས། དེ་དག་ནི་རྒྱ་དཀར་ནག་དང་། བོད་གངས་ཅན་སོགས་ཀྱི་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་གཏོང་བྱེད་ཀྱི་གནའ་དཔེ་འགངས་ཆེན་དག་ཡིན། དེར་མི་རིགས་ཁག་བར་མཐུན་སྒྲིལ་དང་། མི་རིགས་ཁག་གི་རིག་གནས་བྱ་བཞག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ལ། དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་རྒྱལ་བའི་གསུང་རབ་ཀྱི་གནའ་དཔེ་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱས་ཚེ། ཕུལ་དུ་བྱུང་བའི་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་འབྲས་ལྡན་ལ། སྤྱི་ཚོགས་ཡུན་རིང་དུ་བརྟན་བརླིང་ཡོང་བ་དང་། འཛམ་གླིང་འཆམ་མཐུན་ངང་གཉམ་གནས་བྱེད་རྒྱུའི་ཐད་ནས་ཀྱང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཐུབ། བཞི་པ། རིག་གཞུང་ཞིབ་འཇུག་རྒྱུན་མཐུད་དང་འཕེལ་རྒྱས་གཏོང་བར་ཕན་པ།བོད་ཀྱི་གནའ་དཔེ་ཚད་ལྡན་ཡིག་ཆའི་ནང་དུ་བོད་མི་རིགས་ཀྱི་བྱུང་རབས་དང་། ས་གནས་ལོ་རྒྱུས། རིག་གནས་བྱུང་འཕེལ་གྱི་ལོ་རྒྱུས། རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་གནས་ཚུལ་ཁུངས་ཐུབ་དག་བཀོད་ཡོད་པས། རིག་གཞུང་ཞིབ་ཇུག་གི་ཐད་ནས་ལོ་རྒྱུས་རྒྱུ་ཆ་བདེན་ཐུབ་ཇི་སྙེད་ཅིག་མཁོ་སྤྲོད་བྱས་ཡོད། དཔེར་ན། དེབ་ཐེར་དམར་པོའི་ནང་དུ་བོད་ཡིག་གི་རྒྱུ་ཆ་འབོར་ཆེན་དྲངས་ནས། བོད་གནའ་རབས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན་སོགས་ཀྱི་གནས་ཚུལ་བཀོད་ཡོད། དེབ་ཐེར་སྔོན་པོའི་ནང་དུ་སམ་བོད་རྒྱ་གསུམ་གྱི་རྒྱུ་ཆ་ལུང་དུ་དྲངས་ནས། བོད་ཀྱི་བཙན་པོ་རིམ་བྱོན་དང་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་དང་། དོན་རྐྱེན་གལ་ཆེན་དག་ལ་ལོ་ཚིགས་དང་བཅས་པར་གསལ་བར་བཀོད་ཡོད། རྒྱ་བོད་ཡིག་ཚང་མཁས་པ་དགའ་སྐྱེད་ཀྱི་ནང་དུ་ལི་ཡུལ་དང་། རྒྱ་ནག མི་ཉག ཐུ་བྷོད་སོགས་ཀྱི་ལོ་རྒྱུས་གནས་ཚུལ་མང་པོ་ཞིག་བཀོད་ཡོད་པ་དང་། ལྷག་པར་དུ་ས་སྐྱ་བའི་ལོ་རྒྱུས་དང་། ཡོན་རྒྱལ་རབས་ཀྱིས་བོད་ཁུལ་དུ་དམག་དོན་སྤེལ་བ་དང་། ཁྲལ་བསྡུ་བ། འཇའ་མོ་བཙུགས་པ། ཁྲིམས་ལུགས་བཅོས་པ། དཔོན་ཆེན་གྱི་བསྐོ་བཞག་སོགས་དང་། ཡོན་རྒྱལ་རབས་དང་བོད་ཀྱི་འབྲེལ་བའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་དག་ཀྱང་བཀོད་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ནང་དུ་ཐུ་བྷོད་བཙན་པོ་རིམ་བྱོན་གྱི་གནས་ཚུལ་དང་། སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་དང་བོད་དུ་དར་བའི་བརྒྱུད་རིམ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་གྱི་གྲུབ་མཐའ་ཁག་གི་ལོ་རྒྱུས། གཞན་ཡང་། རྒྱ་གར་དང་མི་ཉག་ཧོར། ལི་ཡུལ་སོགས་ཀྱི་ལོ་རྒྱུས་ཀྱང་ངོ་སྤྲོད་དང་། ཡང་སྒོས་སུ་ཆོས་འབྱུང་འདིའི་ནང་དུ་ཐུ་བྷོད་སྐབས་ནས་བཟུང་བའི་རྡོ་རིང་དང་། བཀའ་ཡིག་ཆབ་ཤོག ཁྲིམས་ཡིག་སོགས་མ་བཅོས་པའི་ཡིག་ཆ་དུ་མ་ལུང་དུ་དྲངས་འདུག་པས། ཏུན་ཧོང་གཏེར་ཡིག་ལྟར་གྱི་མཐོང་དཀོན་པའི་རྒྱུ་ཆར་གཏོགས་ཤིང་། ལོ་རྒྱུས་རིག་པའི་རིན་ཐང་གལ་ཆེན་ལྡན་པ་རེད། ཡིག་ཆ་འདི་དག་ནི་བོད་ཀྱི་ས་གནས་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གལ་ཆེན་གྱི་ལོ་རྒྱུས་རྒྱུ་ཆ་ཡིན་ལ། དེས་ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་ཁག་གི་ལོ་རྒྱུས་ཞིབ་འཇུག་ལ་རྒྱ་ཡིག་གནའ་དཔེའི་ནང་དུའང་མེད་པའི་ནང་དོན་ཇི་སྙེད་ཅིག་མཁོ་སྤྲོད་བྱས་ཐུབ་ཀྱི་ཡོད་པས། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་བྱེད་ན། ལོ་རྒྱུས་ཞིབ་འཇུག་རྒྱུན་མཐུད་དང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་སྙམ། གོང་ཞུས་ཀྱི་བོད་ཡིག་གནའ་དཔེ་དེ་དག་ནི་བོད་ཀྱི་ལོ་རྒྱུས་རིག་གནས་སོགས་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་མཁས་ཅན་རྣམ་པས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་དང་། ད་ལྟ་ཡིག་རིགས་དུ་མར་བསྒྱུར་ནས་པར་སྐྲུན་བྱས་ཡོད་ལ། འཛམ་གླིང་རང་བཞིན་གྱི་ཤན་ཞུགས་ལྡན་པའི་བསྟན་བཅོས་ལྟ་བུར་གྱུར་ཡོད། དེ་དག་ལས་ལ་ལར་བོད་ཁུལ་དུ་ཤིང་པར་དང་། མི་རིགས་དཔེ་སྐྲུན་ཁང་ཁག་ཏུ་ལྕགས་པར་ཡོད་ཀྱང་། ང་ཆོས་ད་དུ་དེ་དག་གི་ཆེས་ཐོག་མའི་མ་ཡིག་ངོ་མ་འཚོལ་སྡུད་དང་སྔོག་འདོན་བྱས་ནས་འདྲ་ཕྱོགས་ཀྱི་མ་ཡིག་མང་པོ་དང་ཕན་ཚུན་གོ་བསྡུར་རེ་བྱེད་ཐུབ་པ་ཡིན་ན་ལོ་རྒྱུས་ཀྱི་ཁུངས་ཇེ་བཙན་དང་ནང་དོན་ཆ་ཇེ་ཚང་ཡོང་རྒྱུ་ཡོད་ངེས་སྙམ། གཞན་བོད་ཡིག་གི་གནའ་དཔེའི་ཁྲོད་དུ་མི་རིགས་གཞན་གྱི་ཡི་གིས་བྲིས་པའི་གནའ་དཔེ་ཡང་རྙེད་རྒྱུ་ཡོད་ཐག་ཆོད་པས། དེས་མི་རིགས་གཞན་གྱི་ཡི་གེ་དང་རིག་གནས་ཞིབ་འཇུག་བྱེད་པ་ལའང་རྒྱུ་ཆ་མང་པོ་ང་ཚོ་ལ་མཁོ་སྤྲོད་བྱེད་ཐུབ་པའང་སྙམ། ལྔ་པ། ཚན་རིག་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ལྡན་པ། ལག་བྲིས་ཀྱི་གནའ་དཔེ་དེ་དག་གི་ཡིག་གཟུགས་འདྲ་མིན་དང་ཤོག་བུའི་རྒྱུ་སྤུས་དང་། འབྲི་བྱེད་ཀྱི་སྨྱུ་གུ་དང་སྣག་ཚ། དམིགས་བསལ་གྱི་བརྡ་རྟགས་སོགས་ཀྱི་འབྲི་སྟངས། ཐིག་ཁང་སོགས་ཤོག་ངོས་ཀྱི་ཇུས་འགོད། ཤོག་གྲངས་འགོད་སྟངས། དཔེ་མཇུག་གི་མཆན་འགྲེལ། བར་བཅུག་གི་པར་རིས་དང་དབུ་ལྷ་དང་། མཛེས་རིས། ཆོ་ག་ཕྱག་ལེན་གྱི་དཔེ་རིས་སོགས་ཡོད་པ་དང་། ཡིག་འགོ་དང་ལེའུ་བཀོད་སྒྲིག་བྱེད་སྐབས་ཐུན་མིན་གྱི་ཡིག་རྟགས་ཏེ། ༄༅།འདི་ལ་དབུའམ་བེརྒ་དང་དབུ་ཁྱུད་དང་། ༑འདི་ལ་སྦྲུལ་ཤད། ༈ འདི་ལ་རིན་ཆེན་སྤུངས་ཤད། དཔེར་ན་གཏེར་ཆོས་ཡིན་པའི་རྟགས་ལ་ཤད་ཀྱི་ཚབ་ལ་རྟགས་༔འདི་འདྲི་བ། ཡིག་སྐུང་འདྲ་མིན་དཔེར་ན། དབུ་མེད་ལ་ཞལ་༡ ཕྱག་༢སྤྱན་༣ལྟ་བུ་དང་། དེ་༤ན་གཤེགས་པ། ས་ཆུ་མེ་རླུང་ནམ་མཁའ་ལ་སེུང་མཁའ་ལྟ་བུ། དབུ་ཅན་ལ་ག་ས་ང་འཁྱོག་ཞེས་པ་རྗེས་འཇུག་གི་ག་དང་ཡང་འཇུག་ས་གཉིས་ལ་ཊ་འབྲི་བ་དཔེར་ན་ཕྱོཊ་ལྟ་བུ། མ་ཀླད་སྐོར་ཞེས་པ། དཔེར་ན་ཐམ་ཀ་ལ་ཐཾ་ཀ་ལྟ་བུ་འབྲི་སྲོལ་ཡོད། དེ་བཞིན་ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག ཤོག་ངོས་སོ་སོའི་རྒྱབ་མདུན་མི་ནོར་བའི་ཆེད་དུ་ཡིག་མགོ ཤོག་ངོས་སྔ་ཕྱིའི་གོ་རིམ་མ་འཛོལ་བའི་ཆེད་དུ་ཤོག་གྲངས། ལེ་ཆན་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་མཚན་བྱང་། གླེགས་བམ་ཧྲིལ་པོས་སྲུང་སྐྱོབ་བྱ་བའི་ཆེད་དུ་གླེགས་ཤིང་། གླེགས་ཕན་ཚུན་མི་འདྲེས་པའི་ཆེད་དུ་གླེགས་ཐག དད་གུས་དང་མཆོད་པའི་ཆེད་དུ་ན་བཟའ་དཔེ་སྒྲིལ་བཅས་ཡོད། དོན་མི་འཁྲུགས་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པའོ་རྒྱ། བམ་པོ་མི་འཁྲུགས་པ་བམ་པོའི་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། པོ་ཏི་མི་འཁྲུགས་པ་སྤྱན་ཁྱེར་གྱི་རྒྱའོ། །ཞེས་དུང་དཀར་ཚིག་མཛོད་ཆེན་མོ་ལས་གསུངས། དེ་དག་ཀྱང་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱུ་རྩལ་གྱི་བཟོ་ཁྱད་ཕུལ་དུ་བྱུང་བ།

གསུམ་པ། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན།


གནའ་བོའི་དཔེ་རྙིང་། 



བོད་ཀྱི་ཡིག་མཁན་གཅེས་ནོར་བཞི། 


        བོད་ཡིག་གི་གནའ་དཔེ་སྲུང་སྐྱོབ་བྱེད་པ་ལ་ཇི་ལྟར་ཤུགས་སྣོན་རྒྱག་དགོས་པའི་སྐོར། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་འཐོར་བརླག་ཏུ་སོང་ཚེ་ཚད་ངེས་ཅན་གྱི་སྟེང་ནས་མི་རིགས་རིག་གནས་ཀྱང་མེད་བརླག་ཏུ་འགྲོ་བ་རེད། རིག་གནས་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཟེར་བ་བཞིན། རྩ་བ་མེད་པར་གྱུར་ཚེ་མི་རིགས་ཉིད་ཀྱང་རིམ་བཞིན་ཉམས་རྒུད་དུ་འགྲོ་བ་ངེས་ཡིན་པས། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་ཚེ། གཤམ་གསལ་གྱི་ཕྱོགས་གསུམ་ནས་འགོ་བརྩམ་དགོས་སྙམ། དང་པོ། ཐོག་མར་གནའ་དཔེ་མྱུར་སྐྱོབ་བྱེད་པ་ལ་རྒྱལ་ཁབ་ཁག་དང་སྲིད་གཞུང་ཁག་ལ་སོ་སོའི་རྒྱལ་ཁྲིམས་དང་འབྲེལ་ཡོད་ཀྱི་སྲིད་ཇུས་ཐོག་ནས་ཁག་ཐེག་ཡོད་དགོས་ལ་འགྲོ་གྲོན་སོགས་ཀྱི་ཐད་རྒྱབ་སྐྱོར་ཚད་མེད་པ་ཡོད་དགོས། བོད་ཡིག་གནའ་དཔེ་སྲུང་སྐྱོབ་བྱེད་རྒྱུ་ལ་མཚོན་ན་རིམ་པ་ཁག་གི་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། སྤྱི་ཚོགས་རིག་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབས་འོག་རིམ་པ་ཁག་གི་སྲིད་གཞུང་གིས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་དང་བསྟུན། ངེས་པར་དུ་གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ལེགས་ཆ་བེད་སྤྱོད་གཏོང་དགོས་པར་ངོས་ཟིན་ཟབ་མོ་ཡོད་དགོས་པ་རེད། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་མ་དཔེ་གཅིག་ལས་གཉིས་མེད་ཅིང་། སླར་ཡང་བསྐྱར་གསོ་བྱེད་རྒྱུ་མེད་པས། རིམ་པ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་སྲུང་སྐྱོབ་ཀྱི་མ་ལག་ཆ་ཚང་བ་ཞིག་འཛུགས་དགོས་པ་དང་། དེ་ལ་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཁག་ཐེག་ཡོད་དགོས་པ་མ་ཟད་མ་དངུལ་གྱི་ཐད་ནས་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་ད་དུང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་ལ་གནའ་དཔེ་སྲུང་སྐྱོབ་ལས་དོན་སྒྲུབ་པའི་འཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར། མི་རིགས་ལས་དོན་སྡེ་ཁག་དང་རིག་གནས་སྡེ་ཁག རྒྱ་ཕྱི་ནང་གི་འབྲེལ་ཡོད་ལྷན་ཚོགས་བཅས་དང་མཉམ་འབྲེལ་གྱི་སྒོ་ནས་ལས་དོན་སྒྲུབ་པར་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉིས་སྟོང་བརྒྱད་ལོའི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་མོ་དང་། ཉིས་སྟོང་བཅུ་ལོའི་མཚོ་སྔོན་སྐྱེ་རྒུ་མདོའི་ས་ཡོམ་ཆེན་མོས་ཆའང་རིགས་དང་། བོད་རིགས་ཀྱི་གཙོས་པའི་མི་རིགས་ཁག་གི་གནའ་བོའི་རིག་གནས་དང་། དངོས་མིན་རིག་གནས་ལ་གཏོར་སྐྱོན་ཆེན་པོ་ཐེབས་པ། ང་ཚོས་རྐྱེན་ངན་འདི་དག་ལས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་བར་དགོས་ངེས་ཀྱི་ངོས་འཛིན་ཡག་པོ་ཡོད་དགོས། སྤྱིར་རང་བྱུང་གནོད་འཚེ་ལ་ཟློག་ཐབས་མེད་ཀྱང་། གལ་སྲིད་ང་ཚོས་ཐུས་སྒོ་ཚང་ཞིང་ལག་བསྟར་གཏོང་སླ་བའི་མྱུར་སྐྱོབ་ཀྱི་ནང་རྐྱེན་མ་ལག་འཛུགས་ཐུབ་ན། ཚད་ཆེས་མཐོ་བའི་སྒོ་ནས་གྱོང་གུད་ཇེ་ཆུང་དུ་གཏོང་ཐུབ་ཀྱི་རེད་སྙམ། གཉིས་པ། རྒྱལ་ཁབ་ཁག་དང་མི་རིགས་སོ་སོའི་དམངས་ཚོགས་ལ་གནའ་དཔེ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས་རྒྱུའི་བསམ་བློའི་འདུ་ཤེས་བརྟན་པོ་ཡོད་པ་ལ་ཤུགས་སྣོན་བརྒྱག་དགོས། མི་རིགས་རང་ངོས་ལ་རིག་གནས་སྲུང་སྐྱོབ་བྱེད་པའི་བསམ་བློའི་འདུ་ཤེས་ལ་ཤུགས་སྣོན་བརྒྱག་ནས། གཞན་བསྐུལ་གྱིས་སྲུང་སྐྱོབ་འདུ་ཤེས་ནས་རང་འགུལ་གྱི་སྒོ་ནས་སྲུང་སྐྱོབ་བྱེད་པར་ཁ་ཕྱོགས་བསྒྱུར་དགོས། བོད་དུ་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་ཤུགས་ཆེན་དུ་སྤེལ་ནས། མང་ཚོགས་ཀྱི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། དམངས་ཡོངས་ལ་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་ཡོད་པར་བྱེད་དགོས། རིག་གནས་ནི་མི་རིགས་གོང་བུ་གཅིག་གྱུར་དང་། གསར་སྐྲུན་གྱི་ནུས་ཤུགས། ཕྱོགས་བསྡུས་ཀྱི་སྙིང་བཅུད་ལྟ་བུ་ཡིན་པས། མང་ཚོགས་རང་ངོས་ཀྱི་སྲུང་སྐྱོབ་བསམ་བློའི་འདུ་ཤེས་ནི་གནད་འགག་ཡིན། མི་རིགས་ཀྱི་དར་རྒྱས་ནི་རིག་གནས་ཀྱི་དར་རྒྱས་ལ་རག་ལས་པ་དང་། དེ་གཉིས་ནི་ཕན་ཚུན་བརྟེན་ཅིང་འབྲེལ་བ་ཞིག་ཀྱང་ཡིན། རིག་གནས་ལ་ཡང་དག་པའི་ཁས་ལེན་པ་ནི་རིག་གནས་དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། དེས་མི་རིགས་ཀྱི་རང་བློ་རང་འཁེལ་དང་། རང་གཅེས། རང་རྒྱལ། མི་རིགས་བར་གྱི་མཐུན་སྒྲིལ་གྱི་བསམ་བློ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། དེ་ལྟར་ཕན་ཚུན་འཆམ་མཐུན་གྱི་བསམ་བློ་གཡོ་མེད་ངང་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲོད་ནས་འཁོར་སྐྱོད་བྱེད་ཐུབ་ལ། རིག་གནས་དང་། སྤྱི་ཚོགས་དཔལ་འབྱོར་ཆབས་ཅིག་ཏུ་དར་རྒྱས་སུ་གཏོང་དགོས་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་པ་སྙམ། རིག་གནས་ནི་མིའི་ཁྲག་རྒྱུན་དང་འབྲེལ་བ་མེད་ཀྱང་མིའི་སེམས་ཁམས་དང་འབྲེལ་བ་འབྲལ་ཐབས་མེད་པས། རྒྱལ་ཁབ་ཁག་དང་མི་རིགས་སུའི་རིག་གནས་ཡིན་ཀྱང་འདྲ་མཉམ་གྱི་ཁས་ལེན་དགོས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ཡང་བྱེད་དགོས། གལ་སྲིད་མང་ཚོགས་ཀྱིས་རང་ཉིད་ཀྱི་བསྐྲུན་པའི་རིག་གནས་ཀྱི་གལ་ཆེན་རང་བཞིན་ལ་ཁས་ལེན་བྱུང་ན། ང་ཚོས་ད་གཟོད་ཕན་ནུས་ལྡན་པའི་ངང་ནས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཐུབ། དེའི་རྐྱེན་གྱིས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ནི་སྲིད་གཞུང་དང་ཆེད་ལས་མཁས་པ་ཁོ་ནས་བསྒྲུབ་རྒྱུ་དང་བསྒྲུབ་ཐུབ་རྒྱུ་ཀྱང་མ་ཡིན་ཏེ། སྲིད་གཞུང་གི་འགན་འཁྲི་ནི་སྲིད་ཇུས་གཏན་ལ་འབེབས་པ་དང་། དྲིལ་སྒྲོག་བྱེད་པ། མ་དངུལ་གཏོང་བ། རྩ་འཛུགས་བྱེད་པ་བཅས་ཡིན་ལ། ཆེད་ལས་མཁས་པའི་ཕན་ནུས་ནི་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་། རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། བེད་སྤྱོད་བྱེད་ཐབས་ལ་མཛུབ་སྟོན་རང་བཞིན་ལྡན་པའི་བསམ་འཆར་སྟོན་པ། འཆར་གཞི་འགོད་པ། མི་དམངས་མང་ཚོགས་ནི་ད་གཟོད་སྲུང་སྐྱོབ་བྱེད་མཁན་གྱི་འགག་རྩ་ཡིན། དེར་བརྟེན་ང་ཚོས་བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་འོས་ཤིང་། གཞན་སྐུལ་ཀྱི་སྲུང་སྐྱོབ་ནས་རང་འགུལ་སྒོས་སྲུང་སྐྱོབ་བྱེད་པར་ཁ་ཕྱོགས་བསྒྱུར་དགོས། དེ་ལྟར་བྱས་ཚེ་ང་ཚོས་ད་གཟོད་རང་ཉིད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཐུབ་ལ། གསོན་ཤུགས་ཀྱིས་ཕྱུག་ཅིང་བརྟན་བརླིང་གོ་རིམ་ལྡན་པ་དང་། རྒྱུན་མཐུད་རང་བཞིན་གྱི་འཆམ་མཐུན་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་གདོན་མི་ཟ་སྙམ། གསུམ་པ། སྲོལ་རྒྱུན་གྱི་སྲུང་སྐྱོབ་བྱེད་ཐབས་དང་ཚན་རིག་གི་ལག་རྩལ་གཉིས་ཟུང་འབྲེལ་གྱི་སྒོ་ནས་གནའ་དཔེ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་ཐབས་བེད་སྤྱོད་གཏོང་དགོས། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆ་ནི་སྤྱིར་བཏང་དུ་ཤོག་བུའི་ངོས་སུ་བྲིས་ཡོད་པ་དང་། ཉུང་ཤས་ཤིག་ནི་གོས་དང་། ཀོ་བ། ཤིང་གི་ལོ་མ། རྡོ་དང་ལྕགས་རིགས་སོགས་ཀྱི་རྒྱུ་ཆའི་སྟེང་དུ་བྲིས་ཡོད། ཤོག་བུའི་རྒྱུ་ཆ་ནི་རུལ་གྲུག་སླ་ལ་ཁྱེར་མི་བདེ་བ་དང་། དེ་བཞིན་ཉར་ཚགས་བྱེད་དཀའ་བ་སོགས་ཀྱི་ཞན་ཆ་མང་པོ་ལྡན་པ་ནི་མཁྱེན་གསལ་ཡིན་པས། ཞན་ཆ་དེས་ཤོག་བྲིས་ཀྱི་གནའ་དཔེ་དག་མི་ནུབ་རྟག་བརྟན་ངང་གནས་ཐུབ་པར་བཀག་རྒྱ་བཟོས་ཡོད་ན་ཡང་། ཚན་རྩལ་ཤུགས་ཆེན་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཆ་འཕྲིན་གྱི་དུས་རབས་འདིར། ང་ཚོས་འཕྲུལ་འཇུག་གི་ཐབས་ལ་བརྟེན་ནས་བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆའི་ཐུན་མིན་གྱི་ཁྱད་ཆོས་རང་སོར་ངང་གནས་པའི་ཐོག ཉར་ཚགས་དང་། བསྐྱར་སྐྲུན་བཅས་བྱེད་སླ་ཞིང་། འདྲ་བཤུས་ཐེངས་གཅིག་བྱས་ཚེ་ཕབ་ལེན་རྫོགས་རྒྱུ་མེད་པ་བྱེད་ཆོག་པའི་ཚན་རྩལ་གྱི་དོ་དམ་མ་ལག་ཏུ་བཅུག་ན། བོད་ཡིག་གནའ་དཔེ་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་དང་། ཕན་ཚུན་བརྒྱུད་སྤྲོད། གོ་ལ་ཧྲིལ་པོའི་དོན་གཉེར་ཅན་རྣམ་པས་མཉམ་སྤྱོད་བྱེད་ཐུབ་པར་རབ་ཏུ་ཕན་པས་ཚན་རྩལ་གྱི་དོ་དམ་མ་ལག་ཏུ་བཅུག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ཐབས་ལམ་ཞིག་ཡིན་པ་སྙམ། མིག་སྔར་གནའ་དཔེ་ཞིབ་འཇུག་གི་ཆེས་ལས་མཁས་ཅན་ཚོས་གནའ་དཔེ་སྲུང་སྐྱོབ་ཀྱི་ལས་ཀ་དེ་གདོད་མའི་རང་བཞིན་དང་བསྐྱར་གསོ་རང་བཞིན་ཏེ་སྲུང་སྐྱོབ་བྱེད་ཐབས་རིགས་གཉིས་སུ་དགར་ཡོད། གདོད་མའི་རང་བཞིན་གྱི་སྲུང་སྐྱོབ་ཅེས་པ་ནི་དུས་ཡུན་རིང་པོར་ཉར་ཚགས་བྱས་པའི་གནའ་དཔེའི་གདོད་མའི་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་གཙོ་བྱས་ཤིང་། གནའ་དཔེ་ཉར་ཚགས་ཀྱི་ཁོར་ཡུག་ལ་སྒྱུར་བཅོས་དང་། དཔེ་སྒོམ་གསར་བཟོ། གནོད་སྐྱོན་ཐེབས་པའི་ཆ་ལ་ཞིག་གསོ་བཅས་བྱེད་པའི་སྲུང་སྐྱོབ་བྱེད་ཐབས་ཀྱི་རིགས་ཤིག་དང་། བསྐྱར་གསོ་རང་བཞིན་གྱི་སྲུང་སྐྱོབ་ཅེས་པ་ནི་ལེགས་སྒྲིག་དང་། ཞིབ་འཇུག པར་བསྐྲུན། གློག་རྡུལ་དུ་གཤེར་འབེབས་སོགས་ཀྱི་ཐད་ནས་སྲུང་སྐྱོབ་བྱེད་སྟངས་ཤིག་ཡིན། ཁོ་བོའི་བསམ་ཚུལ་ནི་སྲུང་སྐྱོབ་བྱེད་ཐབས་དེ་གཉིས་ལ་སོ་སོའི་ཐུན་མིན་གྱི་བཟང་ཆ་རེ་ཡོད་ཅིང་། ཡིག་ཆའི་རྒྱུ་ཆ་མི་འདྲ་བ་ལ་ཡང་སྲུང་སྐྱོབ་བྱེད་སྟངས་དང་ཆ་རྐྱེན་ཡང་མི་འདྲ་བ་འཛོམས་དགོས་ཀྱང་། དེང་དུས་ཀྱི་བོད་ཡིག་གནའ་དཔེ་སྲུང་སྐྱོབ་བྱེད་སྟངས་ཐད་ལ་མཚོན་ན། ཆེས་ལེགས་ཤོས་ཀྱི་སྲུང་སྐྱོབ་བྱེད་ཐབས་ནི་གནའ་དཔེའི་ནང་དོན་ཡོངས་རྫོགས་གློག་རྡུལ་བཤེར་འབེབས་བྱེད་པ་དེ་ལེགས་ཤོས་ཡིན་རྒྱུ་ཀུན་གྱི་མཐོང་སྣང་དུ་ཡོད་ལ། བྱེད་ཐབས་དེར་གནའ་དཔེའི་གདོད་མའི་རྣམ་པ་མི་འགྱུར་བ་སྟེ་ཇི་མ་ཇི་བཞིན་དུ་གནས་ཐུབ་པའི་ཁྱད་ཆོས་ལྡན་པས། གློག་རྡུལ་བཤེར་འབེབས་ཐབས་ལ་བརྟེན་ཏེ་ཟེར་སྡེར་སོགས་གློག་རྡུལ་སྨྱན་ཆས་སྟེང་དུ་ཉར་འཇོག་བྱས་ནས། བོད་ཡིག་གནའ་དཔེ་སྔོན་ལས་ཀྱང་ཁྱབ་རྒྱ་ཆེ་ཞིང་དོན་གཉེར་ཅན་གང་མང་མང་གིས་བེད་སྤྱོད་བྱེད་ཆོག་ལ། སྲུང་སྐྱོབ་ཀྱི་ཁྲོད་ནས་བེད་སྤྱོད་དང་། བེད་སྤྱོད་ཀྱི་ཁྲོད་ནས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་ལ། མ་འོངས་པར་རྒྱལ་ནང་དུ་གློག་རྡུལ་གྱི་བོད་ཡིག་དཔེ་མཛོད་ཆེ་ཤོས་ཤིག་བཙུགས་ཞིང་། དྲ་ཐོག་ནས་བོད་ཀྱི་དཔེ་རྙིང་རིན་མེད་དུ་གཟིགས་ཐུབ་པ་དང་། འཕྲུལ་ལྡེབ་ཐོག་གཟིགས་ཐུབ་པ་བྱུང་ན་ད་གཟོད་ཆེས་སྔོན་ཐོན་གྱི་དགེ་མཚན་ཆེ་བར་སྙམ། བཞི་པ། དེང་སང་སྤྱི་སྒེར་མང་པོས་ཤ་མོང་རློན་པས་སྤང་ཕུག་པ་ནང་བཞིན་དཔེ་རྙིང་པར་འདེགས་ཀྱིན་ཡོད་པ་རེད། ཡིན་ན་ཡང་མི་རིགས་དཔེ་སྐྲུན་ཁང་ཁག་ལས་གཞན་པ་ཚོ་ནི་སྒེར་གཉེར་པར་འདེགས་ཁང་ཡིན་པས་དཔེ་རྟགས་སོགས་མེད་ལ་ཁྲིམས་ལྡན་མིན་པས་མ་འོངས་པར་རྒྱལ་སྤྱིའི་དཔེ་ར་ནང་དུ་ཚུད་མི་ཐུབ་པས། རང་རེའི་དཔེ་དཀོན་དེ་ཚོ་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་དཔེ་སྐྲུན་བྱ་བ་ནི་གལ་ཆེ། བོད་ཡིག་གི་གནའ་དཔེ་ནི་རང་རེའི་མེས་པོ་རྣམས་ཀྱི་ཤུལ་བཞག་ཡིན་ལ། མང་ཆེ་ཤོས་ད་ལྟའི་བར་བརྒྱུད་སྤེལ་མ་མྱོང་བའི་དཔེ་རྒྱུན་ཤིན་ཏུ་དཀོན་པའི་གྲལ་དུ་ཡོད་པ་དང་། དུས་འགྱུར་མང་པོའི་ནང་དུ་སྲོག་གིས་འབེན་བྱས་ཏེ་སྲུང་སྐྱོབ་བྱས་ནས་ད་བར་ལྷག་པ་ཤ་སྟག་ཡིན་པས། རང་རེ་རྣམས་ཀྱིས་སྔོན་བྱོན་རྣམས་ལ་བཀའ་དྲིན་གསོལ་བའི་ཆེད་དུ་མྱུར་སྐྱོབ་དང་དཔེ་སྐྲུན་ཚད་ལྡན་བྱས་ན་ནི་སྤྱིར་རང་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་མྱུར་སྐྱོབ་དང་། སྒོས་སུ་རང་ཉིད་ཀྱང་མི་ལུས་རིན་པོ་ཆེ་ཐོབ་པའི་དོན་དང་ལྡན་པའོ། །དཔེར་རྙིང་ཕྱོགས་བསྒྲིགས་བྱེད་སྐབས་ཀྱི་ཞུ་དག་བྱེད་པ་ནི་ཤིན་ཏུ་གནད་ཆེའི་བྱ་བ་ཞིག་ཡིན་ཏེ། སོ་སོའི་མོས་བློ་དང་། སོ་སོའི་སྐད་སྒྲོས། སོ་སོའི་གོ་ཐོས་ཙམ་དང་བསྟུན་ནས་ཞུ་དག་མཛད་མི་རུང་སྟེ། དེའང་རྒྱལ་ཁབ་དང་རང་རེའི་མེས་པོ་གོང་མ་རྣམ་གྱིས་གནའ་དཔེ་ཞུ་དག་མཛད་སྲོལ་རྒྱུན་འཛིན་མཛད་དགོས་པ་ལས་ཕྱོགས་རིས་ཀྱིས་བཅོས་སླད་ནི་དེ་བས་བྱེད་མི་རུང་། མ་དཔེ་གོ་བཀའ་བ་དང་། ཁ་མི་གསལ་བ་རིགས་དཔྱད་གཞི་བྱ་བར་བཟོ་བཅོས་གང་ཡང་མ་བརྒྱབ་ནས་སོར་བཞག་བྱ་རྒྱུ་དང་། གཞུང་གི་ཚིག་དོན་ལ་ནོར་སྐྱོན་མི་འབྱུང་བ་དང་གཅེས་སྤྲུས་གང་ལེགས་བྱ་ཆེད། བཅོས་བརྒྱབ་པའི་ཡིག་འབྲུ་དང་ཚིག་གི་ཐ་སྙད་གང་ཡིན་མ་དཔེ་སོར་བཞག་བྱས་ཐོག ཟུར་དུ་མཆན་བུ་བཀོད་ནས་བཅོས་པ་དེ་ཉིད་དམིགས་སུ་བསལ་ནས་འབྲི་དགོས་པ་སོགས་ནི་ཡི་གེ་མང་བར་ལངས་ནས་མ་བྲིས་སོ། །དེང་སྐབས་བོད་ལྗོངས་སྨན་རྩིས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་གསོ་རིག་སྐོར་གྱི་དཔེ་རྙིང་མང་པོ་ཞིག་གློག་རྡུལ་བཤེར་འབེབས་བྱས་པ་ལྟར་དཔེ་རྙིང་གི་ཁྱད་ཆོས་རང་སོར་ངང་གནས་ཐུབ་པའི་དཔེར་བསྐྲུན་བྱས་ཡོད་པ་ནི་རང་རེ་བོད་ཡིག་དཔེར་བསྐྲུན་གྱི་བྱ་བཞག་གསར་པ་ཞིག་ཡིན་པས། དེ་ལྟ་བུའི་ཕྱག་ལས་ནི་དཔེ་རྙིང་བསྡུ་བསྒྲིག་ཐད་བསམ་བློའི་མཛུབ་སྟོན་རང་བཞིན་ལྡན་པའོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1