གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཁྲི་ཟླ་གཞོན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༨ཉིན།

༄༅།། སློབ་དཔོན་ལ་ཕུལ་བའི་བསྟོད་ཚིག་མེ་ཏོག་ཆུན་པོ།


མཚོ་ལྷོ། ཁྲི་ཟླ་གཞོན།
སྐུ་ལ་བྱམས་བརྩེའི་འོད་ཀྱི་གཟི་བྱིན་འབར། །
གསུང་ལ་འགག་མེད་དབྱར་སྐྱེས་རྔ་གསིང་ལྡིར། །
ཐུགས་སུ་སྣ་མང་ཤེས་བྱའི་གཏེར་བརྒྱ་བརྡོལ། །
གཙང་མཁས་གཞན་ཕན་སྐྱེས་བུ་གང་དེར་འདུད། །
ཡིད་འོང་སློབ་གླིང་དབྱར་གྱི་སྐྱེད་ཚལ་དུ། །
ཤེས་བྱའི་རྐང་འཐུང་གེ་སར་འཁྲུངས་པ་ལ། །
བློ་གསལ་རྐང་དྲུག་འཕུར་ལྡིང་གར་རྩེན་པར། །
མ་འཁྲུལ་ལམ་མཆོག་སྟོན་མཛད་བཤེས་གཉེན་བསྟོད། །
དུས་བཞི་ཉིན་མཚན་དབྱར་གྱི་ཟོ་ཆུན་ལ། །
གསར་འཁྲུངས་མྱུ་གུའི་སོ་ནམ་ལ་བྲེལ་ཏེ། །
ངལ་བའི་རྔུལ་ཆུས་ཞིང་ཚིགས་བརླན་པ་ཡི། །
མི་འཇིགས་གདོང་ལྔའི་དཔལ་ལྡན་བཤེས་གཉེན་བསྟོད། །
སྣ་ཚོགས་ལས་གནས་བཟང་ངན་བགྲངས་ཡས་ལས། །
མལ་དང་ཟླ་ཕོགས་མ་སྙེག་རླབས་ཆེན་གྱི། །
མིའི་རིགས་བསམ་བློའི་བཟོ་སྐྲུན་བདམས་པ་ཡི། །
ལྷག་དཀར་འོད་ཀྱི་ཕོ་ཉ་སློབ་དཔོན་བསྟོད། །
མཐའ་ཡས་སྤྱི་ཚོགས་སྔོ་བསང་བུ་མོ་ལ། །
རིན་བྲལ་ནོར་བུའི་ཕྲ་རྒྱན་བཏབ་འདྲ་སྟེ། །
བསྐྱངས་པའི་སློབ་མ་དགུ་ཚིགས་སྐྱ་མོའི་གྲོགས། །
མཛད་ཆེན་འོད་འགྱེད་སྐར་ཆེན་དགེ་རྒན་བསྟོད། །
དུས་ཀྱིས་རྒ་བས་ལུས་གཞུ་བཀུག་ན་ཡང་། །
སློབ་གསོའི་ཚེགས་ཀྱི་སྐྲ་མདོག་གྱུར་ན་ཡང་། །
མ་ཞུམ་མ་སུན་ལས་རྒྱུན་མཐུད་པ་ཡི། །
བཤེས་གཉེན་སེམས་དཔའ་ཆེན་པོའི་རང་གཤིས་བསྟོད། །
དྲིན་གྱི་བཤེས་གཉེན་ཡབ་ཡུམ་གཉིས་པ་སྟེ། །
གདུལ་བྱའི་མི་གཙང་སྤྱོད་པའི་དྲི་ངན་བསལ། །
འཇིག་རྟེན་བླང་དོར་མིག་དབང་བསྩལ་མ་ཟད། །
བ་ལང་མི་ཁྱུར་མི་མཉམ་མཉམ་དུ་བཅུག །
བརྗོད་ན་བགྲང་གིས་མི་ལང་བཤེས་གཉེན་མཆོག །
བསྟད་ན་བྲིས་པས་མི་ཚར་སྐྱེས་ཆེན་ཉིད། །
སྒོ་གསུམ་མོས་པས་འབུལ་ལོ་བདག་གི་མགོན། །
ཅི་བསམ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །
ད་ནི་ཚེག་བར་དགུ་མའི་སྙན་ཚིག་འདི། །
རིན་ཆེན་ནོམ་པར་འགྲན་དུ་མ་ངེས་ཀྱང་། །
སེར་ཆེན་མེ་ཏོག་བསླེས་པའི་དོ་ཤལ་དུ། །
སྒོམ་ཞིང་སློབ་བུས་ཉིད་ཀྱི་ཕྱག་ཏུ་འབུལ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1