གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྡོ་རྗེ་དོན་འགྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༩ཉིན།

༄༅།། ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལས་འདྲི་ཚིག་གི་སྐོར་ཅུང་ཟད་གླེང་བ།


རྡོ་རྗེ་དོན་འགྲུབ།
[ནང་དོན་གནད་བསྡུས།] སྤྱིར་སུམ་རྟགས་དང་སུམ་རྟགས་འགྲེལ་པ་ཁག་ཏུ་གམ་སོགས་འབྱེད་སྡུད་དང་གང་སོགས་སྤྱི་སྒྲ་བརྗོད་པའི་སྐབས་སུ་འདྲི་ཚིག་གི་སྐོར་ཅུང་ཙམ་གླེང་ཡོད་པ་ལས། འདྲི་ཚིག་གི་མཚན་ཉིད་དང་། དབྱེ་བ། ཁྱད་ཆོས་ཀྱི་སྐོར་ཆེད་དུ་གླེང་ཡོད་པ་མཐོང་དཀོན་པས། དཔྱད་རྩོམ་འདིར་བོད་སྐད་ཀྱི་འདྲི་ཚིག་གི་མཚན་ཉིད་དང་དབྱེ་བ། དེ་འབྲེལ་གྱི་གནད་དོན་སྤྱིར་བརྗོད་ནས་ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལ་ལྡན་པའི་འདྲི་ཚིག་གི་རིགས་དང་ཁྱད་ཆོས་དམིགས་བསལ་ཅན་འགའ་ཟུར་དུ་ཕྱུང་ནས་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] འདྲི་ཚིག་གི་ཁྱད་ཆོས་དམིགས་བསལ་ཅན། ཏུན་ཧོང་གཏེར་ཡིག ཨ་མདོའི་ཡུལ་སྐད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2018)01 -040-12
        དང་པོ། འདྲི་ཚིག་གི་མཚན་ཉིད་དང་མིང་གི་རྣམ་གྲངས། དབྱེ་བ་བཅས་ཀྱི་སྐོར།
        གཅིག འདྲི་ཚིག་གི་མཚན་ཉིད། ཚིག་ལ་དབྱེ་ཚུལ་དུ་མ་ཞིག་མཆིས་པ་ལས། སྤྱིར་ན་ཚིག་གི་སྤྱོད་སྒོ་ལྟར་དབྱེ་ན་རིགས་བཞི་སྟེ། དོན་བརྗོད་པར་བྱེད་པའི་ཚིག་དང་། དོན་འདྲི་བར་བྱེད་པའི་ཚིག དོན་ལ་སྐུལ་བར་བྱེད་པའི་ཚིག དོན་འབོད་པར་བྱེད་པའམ་ངོ་མཚར་བར་བརྗོད་པའི་ཚིག་བཅས་བཞི་ཡོད་པ་ལས། འདྲི་ཚིག་ནི་གཉིས་པ་ཡིན་ལ། དྲི་བ་འདྲེན་པའི་དོན་དང་ལྡན་པའི་ཚིག་ལ་འདྲི་བྱེད་ཀྱི་ཚིག་དང་། བསྡུས་ན་འདྲི་ཚིག་ཅེས་བརྗོད་དོ།
        གཉིས། འདྲི་ཚིག་གི་མིང་གི་རྣམ་གྲངས། འདྲི་ཚིག་ལ་མིང་གི་འདོགས་ཚུལ་གྱི་ཆ་ནས་དྲི་བ་བརྗོད་པའི་ཚིག་དང་། འདྲི་བྱེད་ཀྱི་ཚིག འདྲི་ཚིག་སོགས་དུ་མ་ཞིག་མཆིས་པ་ལས་འདིར་འདྲི་ཚིག་ཅེས་བརྗོད་པ་ཡིན། འདྲི་ཚིག་ཅེས་པའི་མིང་འདི་ནི་དེང་རབས་སྐད་བརྡ་རིག་པའི་ནང་བྱུང་བའི་ཐ་སྙད་ཅིག་ཡིན་པ་ལས། རང་རེའི་སུམ་རྟགས་ཀྱི་གཞུང་ཁག་ཏུ་འབྱེད་སྡུད་དང་སྤྱི་སྒྲའི་དོན་གྱི་འཇུག་ཚུལ་བཤད་པའི་སྐབས་སུ་འདིའི་ནང་དོན་སྐོར་གླེང་ཡོད་པ་ལས་འདྲི་ཚིག་ཅེས་པའི་ཐ་སྙད་འདི་སྤྱོད་སྲོལ་བྱུང་མེད། དེ་ཡང་《རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་རྒྱན་》ཞེས་པ་ལས། “རབ་ཏུ་བྱུང་བ་འདི་དག་ལས། མཁས་པ་ནི་གང་ཡིན། ལྟ་བུ་དོན་གྱི་སྤྱིའམ་ཚོགས་པ་བཀོད་ནས། མཁས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་གཞི་གཅིག་ཏུ་མ་ཕེབས་པར་སྤྱིར་དྲི་བ་དང་། ཐེ་ཚོམ་དང་གདམ་ང་བྱེད་པའི་ཚེ་བརྗོད་ཅིང་། སྤྱིར་བརྗོད་པ་དེ་ཉིད་བྱེ་བྲག་ལ་ཡང་གདོན་མི་ཟ་བར་སྙེག་གོ། རྣམ་གླིང་པས། གང་གི་སྒྲ་དེ་སྤྱི་ཙམ་སྟོན་པའི་སྒྲ་ལ་ཁྱབ་པ་ཉིད་དུ་འགྱུར་ཞེས་འགྲེལ་བ་ནི་ཧ་ཅང་མ་བརྟགས་པའི་བཤད་པར་རྟོགས་སླའོ། ། དེ་བཞིན་དུ་ཅི་དང་། སུ་དང་། ཇི་ལ་སོགས་པ་ཡང་གང་དང་ཕལ་ཆེར་མཐུན་ཅིང་། སྐབས་ཐོབ་ཀྱིས་ཁྱབ་ཆེ་ཆུང་འབྱུང་བ་ནི། སུ་ཞེས་པའི་སྒྲ་གང་ཟག་ཁོ་ན་ལ་བརྗོད་ཅིང་། གང་ཞེས་པ་གང་ཟག་དང་ཆོས་ཐམས་ཅད་ལ་བརྗོད་པ་བཞིན་དང་། ཇི་སྙེད་ལྟ་བུའི་སྐབས་སུ་གང་གི་སྒྲ་མི་སྦྱོར་བ་བཞིན་ནོ། ། དེ་ལྟར་ཡང་སྨྲ་སྒོར། ཅི་ལ་སོགས་པ་དེ་བཞིན་ཏེ། ཁྱབ་པ་སྐབས་ཀྱིས་བརྩི་བར་བ་”①ཞེས་གང་སྒྲ་གླེང་བའི་ཞོར་དུ་བོད་སྐད་ཀྱི་འདྲི་ཚིག་སྐོར་ཅུང་ཙམ་གླེང་ཡོད་པ་ལས་འདྲི་ཚིག་ཅེས་པའི་ཐ་སྙད་འདི་ཆེད་དུ་མཛད་དེ། འདིའི་མཚན་ཉིད་དང་རིགས་དབྱེ་སོགས་ཞིབ་རྒྱས་སུ་གླེང་མེད་པ་ལྟར་རོ།
        གསུམ། འདྲི་ཚིག་གི་དབྱེ་བ། བོད་ཀྱི་སྐད་དུ་དྲི་བ་འདྲི་བའི་ཚིག་ལ་གམ་སོགས་འབྱེད་སྡུད་ཀྱི་སྒྲ་སྦྱར་ནས་སྟོན་པ་ཞིག་དང་། གང་དང་སུ་དང་ཅི་དང་ཅི་ཞིག་དང་ཇི་ལྟར། གང་ལྟར། ནམ་ཞིག་ལ་སོགས་པའི་སྒྲ་སྦྱར་ནས་སྟོན་པ་ཞིག་དང་། ཡང་ཨེ་སྒྲ་དང་། པས་སྒྲ་དང་པ་སྒྲ། གས་སྒྲ་དང་རེད་པའི་སྒྲ། ཡིན་པའི་སྒྲ། ག་རེའི་སྒྲ། ག་པར་གྱི་སྒྲ་དང་། ནེ་སྒྲ། འབའ་སྒྲ། འབེ་སྒྲ་སོགས་སྦྱར་ནས་སྟོན་པ་ཡང་ཡོད། དང་པོ་དང་གཉིས་པ་ནི་ཡིག་སྐད་དུ་འབྱུང་བ་ཡིན་ལ། གསུམ་པ་ཨེ་སྒྲ་སོགས་ནི་ཡུལ་སྐད་ཁག་ཏུ་འབྱུང་བ་ཡིན། འདྲི་ཚིག་གི་ནང་གསེས་ཀྱི་དབྱེ་བའི་སྐོར་ལ།《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》ཞེས་བྱ་བ་ལས། “སྤྱིར་མིང་ཚབ་ཏུ་འགྲོ་བ་ཕུད་ཅི་ཇི་སུ་གང་བཞི་ལ་སྤྱི་སྒྲ་ཟེར་ཞིང་། དེ་མིན་ནམ་སྒྲའང་སྤྱི་སྒྲའི་ཁོངས་སུ་བརྩི་དགོས། དེ་དག་ནི་བརྗོད་བྱའི་དོན་བྱེ་བྲག་པ་དམིགས་སུ་མི་འཛིན་པར་སྤྱི་ཁྱབ་ཏུ་འཇུག་ཅིང་མིང་ཚབ་ཀྱི་ནུས་པའང་ཐོན་པའི་ཚིག་ཕྲད་ཁག་ཅིག་ཡིན་ཞིང་། ནང་གསེས་ཁྱད་པར་ཕྱེ་ན། ཅི་ནི་བེམ་པོའི་རིགས་ལ་སྦྱོར་བ་དང་། སུ་ནི་གང་ཟག་མི་ལ་སྦྱོར་བ་དང་གང་ནི་གང་ཟག་བེམ་པོ་ཅི་རིགས་ལ་འཇུག་པ་དང་། ཇི་ནི་ཚིག་གྲོགས་དང་བཅས་ཏེ་ཐབས་ཚུལ་མཚོན་བྱེད་དུ་འཇུག་”②ཅེས་དང་། “དྲི་ཚིག་ལ་འཇུག་པ། རང་གིས་མ་ངེས་གཞན་ལ་དྲི་བའམ་ཐེ་ཚོམ་ཟ་བ་དང་། རང་གིས་ཤེས་བཞིན་དུ་དྲི་བ་འདོན་པ་སོགས་དྲི་ཚིག་ཁག་ལ་གོང་གསལ་སྤྱི་སྒྲ་ཅི་རིགས་འཇུག་”③ཅེས་ཅི་དང་། ཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར། ཇི་དང་ཇི་སྙེད་ཇི་སྲིད་ཇི་ལྟར་ཇི་བཞིན་ཇི་སྐད། གང་དང་གང་ཞིག གང་འདྲ། གང་ལྟར། གང་ཅིའི་ཐད། སུ་དང་སུ་ཞིག སུ་གང་།  སུ་སུ། སུ་དང་སུ་ཞིག ནམ་དང་ནམ་ཞིག ནམ་ཡང་། ནམ་ཞར། ནམ་ནམ་ཞར་ཞར་བཅས་ལ་དམིགས་སུ་བཀར་ན་སྤྱིའམ་མིང་ཚབ་ཀྱི་ནུས་པ་ཐོན་པ་དང་དྲི་བ་ལ་འཇུག་པའི་དོན་ལྡན་ཚུལ་བཤད་ཡོད་པ་བཞིན་དང་། 《རྒྱན་ཕྲེང་》ལས་ཀྱང་། “འདིར་ཡང་སྐད་རིགས་སྤྱི་ལ་གྲུབ་པའི་ཐུན་མོང་གི་དབྱེ་སྒོ་དང་། བྱེ་བྲག་བོད་སྐད་རང་སྐལ་གྱི་བརྗོད་བྱ་སྟོན་ལུགས་ཀྱི་ཁྱད་པར་ལྟར་ན། བོད་སྐད་ཀྱི་ཚིག་ལ་དབྱེ་བ་འབྱེད་ལུགས་གཉིས་ཏེ། ཚིག་གི་ཀུན་སློང་གི་དབྱེ་བ་དང་། བརྗོད་དོན་གྱི་དབྱེ་བ་”④ཞེས་དང་། “སྐད་རིགས་ཀུན་ལ་ཐུན་མོང་དུ་གྲུབ་པ་བོད་སྐད་ལ་འགྲོས་བཀབ་ན་འདི་ལྟ་སྟེ་་'⑤ཞེས་བོད་སྐད་ཀྱི་ཚིག་ལ་སྨྲ་བྱེད་ཀྱི་ཚིག་དང་འདྲི་བྱེད་ཀྱི་ཚིག སྐུལ་སྨོན་གྱི་ཚིག་དང་སྨོན་འདེབས་ཀྱི་ཚིག་བཅས་བཞི་ཡོད་པར་བཤད་པ་དང་སྦྲགས། འདྲི་བྱེད་ཀྱི་ཚིག་གི་ནང་གསེས་ལ་ཡང་ཐེ་ཚོམ་གྱིས་འདྲི་བའི་ཚིག་དང་། ཤེས་ཟིན་ནན་གྱིས་འདྲི་བའི་ཚིག གདམ་པར་འདྲི་བའི་ཚིག གླེང་སློང་དུ་འདྲི་བའི་ཚིག་བཅས་རིགས་མི་འདྲ་བ་བཞིར་དབྱེ་ཡོད་པ་བཞིན་ནོ། ཚིག་གི་སྤྱོད་སྒོ་ལྟར་ཞེས་པ་དང་ཀུན་སློང་གི་དབྱེ་བ་ཞེས་པ་གཉིས་ནི་ཚིག་གི་སྦྱོར་སྟངས་མི་འདྲ་བ་ཙམ་མ་གཏོགས་དོན་ལ་གཅིག་མཚུངས་སུ་སྣང་། དེ་བཞིན་ཏུ་《ལྷ་སའི་ཁ་སྐད་》ཅེས་པར་ཡང་། “སྐད་རིགས་གང་ཞིག་ཡིན་རུང་རྒྱུན་དུ་མཐོང་བའི་ཚིག་ལ་རིགས་གཉིས་ཡོད་དེ། དོན་འདྲི་བར་བྱེད་པའི་ཚིག་དང་དོན་བརྗོད་པར་བྱེད་པའི་ཚིག་གཉིས་ཏེ། ཁ་བརྡ་ཞིག་བྱེད་ན་ཡང་གཅིག་གིས་དྲི་བ་འདྲི་བ་དང་གཅིག་གིས་དེ་ལ་ལན་འདེབས་པའི་ཚུལ་བྱེད་པ་ཡང་དོན་གྱིས་ཚིག་འདི་གཉིས་ཀྱི་མངོན་སྟངས་ཤིག་ཡིན་”⑥ཞེས་ཁ་བརྡ་ཞིག་བྱེད་ན་ཡང་ཞེས་པ་དང་ཚིག་གི་བེད་སྤྱོད་བྱེད་སྟངས་ཞེས་པ་གཉིས་ཚིག་གི་སྦྱོར་སྟངས་ལ་ཁྱད་པར་ཅུང་ཙམ་མཆིས་པ་ལས་དོན་གྱིས་ཚིག་གི་སྤྱོད་སྒོ་ལྟར་ཚིག་ལ་དབྱེ་ན་ཞེས་པ་དང་དོན་མཚུངས་པར་བསྟན་ཡོད། ཡང་། འདྲི་ཚུལ་མི་འདྲ་བ་ལས་དམིགས་ཀྱིས་འདྲི་བའི་འདྲི་ཚིག་དང་ཡིན་མིན་འདྲི་བའི་འདྲི་ཚིག་དང་གདམ་ང་འདྲི་བའི་འདྲི་ཚིག་བཅས་འདྲི་ཚིག་ལ་ནང་གསེས་གསུམ་དུ་དབྱེ་ནས་དཔེར་བརྗོད་དང་སྦྲགས་ཏེ་བཀོད་ཡོད་པ་ནི་དེ་ཉིད་ལས། “དམིགས་ཀྱིས་འདྲི་བའི་འདྲི་ཚིག་ནི། དེ་ག་རེ་རེད། ཁོང་སུ་རེད། ཁོང་ལོ་ག་ཚོད་རེད། ཁྱོད་རང་ག་ནས་ཡིན་པ། ཡིན་མིན་འདྲི་བའི་འདྲི་ཚིག་ནི། ཁོང་བོད་རིགས་རེད་པས། ཁོང་ལྷ་ས་ནས་རེད་པས། དེ་བོད་རིགས་རེད་པས། འདི་ཁོང་གི་མ་རེད་པས། བདམས་ང་འདྲི་བའི་འདྲི་ཚིག་ནི། ཁོང་བོད་རིགས་རེད། རྒྱ་རིགས་རེད། ལྕགས་སྨྱུག་འདི་ཁོང་གི་རེད། རང་གི་རེད་”⑦ཅེས་བྱུང་བ་ལྟར་ཡིན།
        དེ་ལྟར་ན་ཡང་། ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ཀྱི་འདྲི་ཚིག་གི་ཁྱད་ཆོས་དང་། བོད་ཀྱི་སྐད་ལ་ཡང་འགྲོ་བ་མིའི་རིགས་ཀྱི་སྐད་སྤྱི་ལ་ཡོད་པའི་ཁྱད་ཆོས་ལྡན་ངེས་པ་བཅས་ཀྱིས། བོད་སྐད་ཀྱི་འདྲི་ཚིག་ལ་སྤྱོད་སྒོ་ལྟར་དབྱེ་ན་དམིགས་ཀྱིས་འདྲི་བའི་འདྲི་ཚིག་དང་། ཡིན་མིན་འདྲི་བའི་འདྲི་ཚིག གདམ་ང་འདྲི་བའི་འདྲི་ཚིག དྲང་ལྡོག་འདྲི་བའི་འདྲི་ཚིག་བཅས་བཞིར་དབྱེ་ན་བོད་སྐད་ཀྱི་ཚིག་གི་ཁྱད་ཆོས་གསེད་བཀྲོལ་གཏོང་བ་ལ་ཕན་ཐོགས་ཆེ་བར་སྙམ་མོ། དེ་ཡང་གང་སྒྲ་དང་སུ་སྒྲ་སོགས་ཐད་ཀར་སྦྱར་ན་དོན་གང་ཞིག་དམིགས་སུ་འདྲི་བའི་འདྲི་ཚིག་དང་། ཡང་དོན་གང་ཞིག་གང་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་ཕ་རོལ་བ་ལ་དེ་ལྟ་བུ་ཡིན་མིན་ལན་འདེབས་དགོས་པའི་འདྲི་ཚིག དོན་མང་པོ་ཞིག་བཀོད་དེ་དེའི་ནང་གི་དོན་གང་ཞིག་འདེམ་རྒྱུ་འདྲི་བའི་འདྲི་ཚིག ཡང་དོན་གང་ཞིག་དེ་ལྟ་དེ་ལྟར་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་རང་གིས་རང་ལ་དྲིས་ནས་ལན་འདེབས་པའི་འདྲི་ཚིག་བཅས་ཡིན། དཔེར་ན། དེ་ཅི་ཞིག་ཡིན། ཁོ་སུ་རེད་ལྟ་བུ་ནི་ཁྱད་པར་དུ་འདྲི་བའི་འདྲི་ཚིག་དང་། ཁོ་བཀྲ་ཤིས་ཡིན་ནམ། ཁོས་བོད་ཡིག་མི་ཤེས་སམ་ལྟ་བུ་ནི་ཡིན་མིན་འདྲི་བའི་འདྲི་ཚིག འདི་བཀྲ་ཤིས་ཀྱི་ཡིན་ནམ་སྒྲོལ་མའི་ཡིན་ལྟ་བུ་ནི་གདམ་ང་འདྲི་བའི་འདྲི་ཚིག ཁོ་བཀྲ་ཤིས་ཅིའི་ཕྱིར་མིན། ཡི་གེ་ཤེས་ཤེ་ན་ཤེས་ཞེས་པ་ལྟ་བུ་ནི་དྲང་བ་ལས་ལྡོག་སྟེ་འདྲི་བའི་འདྲི་ཚིག་ཡིན་པ་ལྟ་བུའོ། དེས་ན་《རྒྱན་ཕྲེང་》ལས། “འདི་ལ་དྲི་བ་འདོན་ལུགས་ཀྱི་ཆ་ནས་དབྱེ་ན་ནང་གསེས་འགའ་ཡོད་པ་ལས། མ་ཤེས་པ་འདྲི་བའི་ཚིག་་་་་་”⑧ཅེས་འདྲི་ཚིག་གི་ནང་གསེས་ལ་མ་ཤེས་པ་འདྲི་བའི་ཚིག་དང་ཐེ་ཚོམ་གྱིས་འདྲི་བའི་ཚིག ཤེས་ཟིན་ནན་གྱིས་འདྲི་བའི་ཚིག གླེང་སློང་དུ་འདྲི་བའི་ཚིག་བཅས་རིགས་བཞིར་བཀར་ཡོད་པ་ཡང་མིང་གི་འདོགས་སྟངས་ཀྱི་ཆ་ནས་ཅུང་ཙམ་མི་འདྲ་བ་ཙམ་ལས་དོན་གྱི་ཆ་ནས་སམ་གང་ཞིག་འདྲི་བའི་འདྲི་ཚུལ་གྱི་རྣམ་པའི་ཆ་ནས་གོང་ཞུས་དང་གཅིག་ཏུ་མཐོང་ངོ་།   
        དེ་ལྟར་བོད་སྐད་ཀྱི་འདྲི་ཚིག་ལ་དམིགས་ཀྱིས་འདྲི་བའི་འདྲི་ཚིག་དང་། ཡིན་མིན་འདྲི་བའི་འདྲི་ཚིག གདམ་ང་འདྲི་བའི་འདྲི་ཚིག དྲང་ལྡོག་འདྲི་བའི་འདྲི་ཚིག་བཅས་ནང་གསེས་རིགས་མི་འདྲ་བ་བཞི་ཡོད་པ་དེ་ཡང་ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལ་ལྡན་པའི་འདྲི་ཚིག་གི་རིགས་དང་ཁྱད་ཆོས་གཙོ་བོ་ཞིག་ཏུའང་གྲུབ་འདུག་པའི་སྐོར་གཤམ་དུ་ཞིབ་པར་གླེང་བར་བྱའོ།
        གཉིས་པ།  ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལས་དམིགས་ཀྱིས་འདྲི་བའི་འདྲི་ཚིག
        གཅིག ཏུན་ཧོང་གཏེར་ཡིག་གི་དམིགས་ཀྱིས་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཏུན་ཧོང་གཏེར་ཡིག་ཏུ་དམིགས་ཀྱིས་འདྲི་བའི་འདྲི་ཚིག་ལ་གང་སྒྲ་དང་ཇི་སྒྲ་དང་སུ་སྒྲ། ཇི་འདྲ་དང་ཇི་ཞིག་སོགས་སྣང་ཞིང་། ད་དུང་ཇི་དང་ཅི་གཉིས་ཁྱད་མེད་དུ་བྱུང་ལ། ཚིག་ཏུ་སྦྱོར་བའི་ཚེ་ཡང་འདྲི་བར་བྱ་ཡུལ་གྱི་མིང་གི་མཇུག་ཏུ་སྦྱར་ནས་དམིགས་ཀྱིས་འདྲི་བར་བྱེད་པ་ཡིན་ཏེ། དཔེར་ན། P.T.1287ལས། “དྲྀ་གུམ་བཙན་པོ་སྐུ་ཆུང་བའྀ་ཚེ་མཚན་ཇིར་གདགས་ཤེས། མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་”ཞེས་དང་།  “མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ང་འི་རྗེ་བོ་གར་རེ། མྱྀ་གང་བྱ་གང་ལ། ཕ་ཡོད་ན་ང་འི་ཕག་རེ་ཞེས་ཟེར་ཏོ་”ཞེས་དང་། “དགས་པོ་ལྷ་དེ་དགུག་པ་འྀ་བཀའ་གྲོས་མཛད་ནས། དམག་པོན་སུས་བྱ་ཞེས་བློད་ན་”ཞེས་དང་། དེ་བཞིན P.T. 1283ལས། “ནུ་ན་རེ། ། ཆོས་ལུགས་བྱ་བ་གང་ཡིན། ། ནུས་པའྀ་ཚད་ཆིས་གཟུང་”ཞེས་པ་ལྟ་བུ་བཅས་ནི་དྲི་བ་སྟོན་པའི་སྒྲ་ཡིན་པ་གང་ཞིག་ལ་དམིགས་ཀྱིས་དྲིས་པའི་འདྲི་ཚིག་ཡིན་ནོ།
        གང་སྒྲའི་འཇུག་ཚུལ།
        ཏུན་ཧོང་གཏེར་ཡིག་ཏུ་གང་སྒྲ་ཚིག་གི་མགོ་མཇུག་བར་གསུམ་གང་རུང་དུ་སྦྱར་ནས་བྱུང་ལ། གང་སྒྲ་ནི་དེང་སང་གི་བོད་སྐད་དུ་སུ་ཞེས་པའི་དོན་སྟོན་ཚུལ་དང་ཕལ་ཆེར་འདྲ་བས། ཏུན་ཧོང་གཏེར་ཡིག་ཏུ་གང་སྒྲ་ལ་བརྡ་སྤྲོད་པའི་ནུས་པ་གསུམ་ལྡན་པ་སྟེ། དོན་དག་ཅིག་ངེས་མ་བཟུང་བར་སྤྱི་ཞིག་འདྲི་བའི་དོན་དང་། དོན་དག་ཅིག་ངེས་བཟུང་ནས་བྱེ་བྲག་པ་ཞིག་འདྲི་བའི་དོན། གང་ཟག་བྱེ་བྲག་པ་ཞིག་འདྲི་བའི་དོན་བཅས་གསུམ་ཡིན། དཔེར་ན། P.T.1283ལས།  “ཕུ་ན་རེ། གཞན་གྱི་ཚིག་བཟང་ངན་ཆི་བྱུང་ཡང་། ། སུན་དབྱུང་བ་དང་། ལྟག་ཆོད་བགབ་བཟུང་མྱི་བ་བར། ། ཡངས་ཞིང་ཤོང་བར་བྱས་སྟེ། མདོ་གང་གིས་གཟུང་བ་ཉིད་མ་ནོར་བསྡུའ་”ཞེས་པའི་གང་སྒྲ་ནི་དོན་དག་ཅིག་ངེས་བཟུང་ནས་འདྲི་བའི་དོན་ཏེ། མདོ་ལ་མང་དུ་ཡོད་པ་ལས་མདོ་གང་ཞིག་གིས་ཞེས་པའི་དོན་ཡིན་པ་ལྟ་བུ་དང་། དེ་བཞིན་“ནུ་ན་རེ། མྱིའི་ཆོས་ནི་གང། ། མྱི་ཆོས་མ་ཡིན་བ་ནི་གང། ། ཕུ་ན་རེ། མྱིའྀ་ཆོས་ནི། ། དྲང་ཞིང་སྲི་ཞུ་དང། དེས་ཤིང་མཉེན་བ་། སྙིང་རྗེ་ཆེ་ཞིང་། ......སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ་”ཞེས་པའི་གང་སྒྲ་ནི་དོན་དག་ཅིག་ངེས་བཟུང་ནས་བྱེ་བྲག་པ་ཞིག་འདྲི་བའི་དོན་ཡིན་པས། འདིའི་གང་སྒྲ་ནི་ཅི་ཞིག་ཅེས་པའི་སྒྲ་དང་བརྗེས་ནས་བརྗོད་ན་ཡང་ཆོག་པ་ཡིན། ཡང་དཔེར་ན། P.T.1283ལས། “ནུ་ན་རེ། དེ་ལྟར་རུང་ན། ། རབ་དུའང་ལེགས། ། དེ་ལྟར་མ་རུང་ན་། གང་གི་ཡིད་དང་འཐུན་བར་བྱ། ། ཕུ་ན་རེ། ། བུ་ལ་ཕ་དབང་ཆེས། ། ཕའི་ཡིད་དང་འཐུན་བར་བྱོས་ཤིག །”ཅེས་པའི་གང་སྒྲ་ནི་གང་ཟག་བྱེ་བྲག་པ་ཞིག་འདྲི་བའི་དོན་ཏེ། སྐབས་འདིའི་གང་སྒྲ་ནི་དེང་རབས་བོད་སྐད་དུ་སུ་ཞེས་པའི་དོན་དང་གཅིག་མཚུངས་ཡིན་ཏེ། “གང་གི་ཡིད་དང་འཐུན་བར་བྱ་”ཞེས་པ་སུའི་ཡིད་དང་མཐུན་པར་བྱ་ཞེས་པའི་དོན་ཡིན་པའི་ཕྱིར།
        ཡང་། ཏུན་ཧོང་གཏེར་ཡིག་ཏུ་སྐབས་འགར་གང་ལ་གག་གིས་ཚབ་བྱས་ནས་སྦྱོར་བ་ཡང་ཡོད་དེ། P.T.1283ལས། “གསོད་ན། ། དེ་མྱྀ་མ་བསད་པ་གག་ཡིན། ། དེ་ལ་བལྟས་ན། ། མྱི་མ་ཡིན་ཏེ་འབྱེ་བར་མངོནོ། ། ”ཞེས་དང་། “རྗོ་བོ་དང་དཔོན་པོ་ཞིག་བྱམསྣ། ། གག་ན་ཡང་། དྲོད་མྱྀ་ཐུབ་པ་དང་། ། གཞན་ན་ནམ་ཞིག་ན། །   བུ་ཚའི་གནོད་པའི་ཚུལ་དུ་མ་བྱེད་ཆིག་”ཅེས་དང་། “ནུ་ན་རེ། ། བརྩོན་འགྲུསུ་བྱ་བ་ག། ཕུ་ན་རེ། ། ཡེ་ནི། ལེགས་སོ་ཆོག་ལ། ། བརྩོན་འགྲུས་མྱི་བྱ་བ་གཆིག་གྱང་མྱེདེ། །”ཅེས། དེ་མ་བསད་པ་གང་ཡིན་དང་། གང་ན་ཡང་། བརྩོན་འགྲུས་སུ་བྱ་བ་གང་ཡིན་ཞེས་པ་ལ་དེ་མ་བསད་པ་གག་ཡིན་ཞེས་དང་། གག་ན་ཡང་ཞེས་པ། བརྩོན་འགྲུས་སུ་བྱ་བ་གག་ཡིན་ཞེས་བྱུང་བ་ལྟར་རོ།
        སུ་སྒྲའི་འཇུག་ཚུལ།
        ཏུན་ཧོང་གཏེར་ཡིག་ཏུ་སུ་སྒྲ་ནི་གང་ཟག་འདྲི་བའི་དོན་སྟོན་པ་ལ་འཇུག་སྟེ།  དཔེར་ན། P.T.1283ལས།“ནན་ཐུར་བྱས་པ་ལ། མྱི་དགའ་བར་བྱེད་པ་སུ་ཞིག་ཡོད་”ཅེས་དང་། “དྲང་པོ་ལེགས་པའི་ཆོས་བྱེད་ན། དེ་ལ་མྱི་སྨོན་མྱི་འདུལ་བའྀ་མྱི་སུ་ཞིག་ཡོད་”ཅེས་དང་། “སུས་དྲིན་འདགས་གྱང་། བརྗེད་གྱང་། བྱར་མྱི་རུངོ་”ཞེས་དང་།“སུ་དང་འཐབས་གྱང་། རུང་། ། རུང་བའི་མདོ་ལ་འཐབས་དང་། དེ་ལ་མ་བསྒྱུར་དེ་ལས་གླེས་ལ་མངོན་ཆིག་”ཅེས་པ་ལྟ་བུ་རྣམས་ནི་གང་ཟག་འདྲི་བའི་ཚིག་སྟེ། དེ་ཡང་གང་ཟག་དམིགས་སུ་བཟུང་ནས་འདྲི་བ་དང་། དམིགས་སུ་མ་བཟུང་བར་སྤྱི་འདྲི་བའི་རིགས་གཉིས་མཐོང་ངོ་།
        ཇི་ལྟར་གྱི་སྒྲའི་འཇུག་ཚུལ།
        ཇི་ལྟར་ནི་བྱ་བ་སྒྲུབ་ཚུལ་འདྲི་བའི་ཚིག་སྟེ། ཏུན་ཧོང་གཏེར་ཡིག་ཏུ་ཇི་ལྟར་དང་ཆི་ལྟར། ཅི་ལྟར་བཅས་གང་རུང་སྦྱར་ནས་བྱུང་བ་《ཕུ་བོས་ནུ་བོར་བཏམས་པའི་མདོ་》ཞེས་པ་ལས་མང་དུ་སྣང་བ་དཔེར་ན། P.T.1283ལས། “བྲན་གཡོག་རྒོད་བག་ཆན་དང་། བླུན་པོ་ངན་པ། བཀོལ་ན་ཆི་ལྟར་བྱ་”ཞེས་དང་། “བྲུ་དྲགས་ན་ནི། ཡི་ཆད་ན་ཆི་ལྟར་བྱའ། ། ཕུ་ན་རེ་ཆད་པ་ནི། ཉེས་པ་མྱེད་དུ་མྱི་གཞུག་པའི་སྡིགས་སོ་”ཞེས་དང་། “ཆུང་མ་ཆི་ལྟར་སྡུག་གྱང་ཉོར་རྙེད་གྱིས། ། ཕ་མ་དང་ཕུ་ནུ་བོ་ཆི་ལྟར་མྱི་སྡུག་གྱང། ། གུད་ནས་བཚལ་དུ་མྱི་རྙེད་དོ་”ཞེས་པ། “ནུ་ན་རེ། བྱམས་པ་ཞིག་ཡོད་ན་ཆི་ལྟར་བྱ། ། ཕུ་ན་རེ། ། ལེགས་པ་ལ་དེའི་སྙིང་དང་མཚུངས་པར། ། རྗོ་བོ་དང་དཔོན་པོ་ཞིག་བྱམསྣ། ། གག་ན་ཡང་། དྲོད་མྱྀ་ཐུབ་པ་དང་། ། གཞན་ན་ནམ་ཞིག་ན། ། བུ་ཚའི་གནོད་པའི་ཚུལ་དུ་མ་བྱེད་ཆིག་”ཅེས་བྱུང་བ་ལྟ་བུའོ།
        ཇི་ཙམ་གྱི་སྒྲའི་འཇུག་ཚུལ།
        ཇི་ཙམ་གྱི་སྒྲ་ནི་གྲངས་ཀྱི་མང་ཉུང་དང་ཡུལ་གྱི་རིང་ཐུང་དང་མཐོ་དམའ། གཤིས་ལུགས་ཀྱི་བཟང་ངན་གྱི་ཚད་འདྲི་བའི་ཚིག་སྟེ། ཏུན་ཧོང་གཏེར་ཡིག་ཏུ་ཇི་ཙམ་དང་ཆི་ཙམ་གང་རུང་དུ་སྦྱོར་བའི་ཚུལ་སྣང་བ་དཔེར་ན། P.T.1283ལས། “ནུ་ན་རེ། ། མཛའ་བོ་མཉེས་ཤིག་བྱུང་ན། ། ཕྲོགས་དང་ཆུ་གང་ཆི་ཙམ་དུ་བྱའ། ། ཕུ་ན་རེ། ། རྔོན་འཐོན་གྱི་ཐབས་གྱིས་བར་རུང་ན་། བྱོས་ཤིག་”ཅེས་དང་། “དྲིན་ཡང་མེད་པའི་སྟེང་དུ། ། ཇི་ཙམ་ན། ། བདགིས་མྱི་བཟོད་མ་སྦྱིན། མཁོན་དུ་འོང་ངོ་”ཞེས་དང་། “ནུ་ན་རེ། ། ཆི་ཙམ་ན་ཆོག ། ཕུ་ན་རེ། ལྟོ་མ་བཀྲེས་རྒྱབ་མ་གྲང། ། ཆུ་ཤིང་ལ་མ་བབ། ། རྐང་མ་ཆད་ན་ཆོག་ཤེས་སྟེ། འདི་རྣམས་འབྱོར་ན་ཕྱུག་ལ་བདེ་བ་ཡིན་ནོ་”ཞེས་བྱུང་བ་ལྟ་བུ་ཡིན། ཆི་ཙམ་ཞེས་པའི་སྒྲ་ནི་ཇི་ཙམ་ཞེས་པའི་སྒྲ་དང་སྒྲ་དོན་གཉིས་ཀའི་ཆ་ནས་མཚུངས་པ་ཡིན་པས། ཕན་ཚུན་བརྗེས་ཀྱང་དོན་ལ་འགྱུར་བ་འབྱུང་མི་སྲིད་པ་ཡིན།
        ཅི་དང་ཇི་སྒྲའི་འཇུག་ཚུལ།
        དེང་སང་ཡིག་སྐད་དུ་ཅི་དང་ཆི་དང་ཇི་ལ་ཁྱད་པར་འབྱེད་ཀྱང་ཏུན་ཧོང་གཏེར་ཡིག་ཏུ་ཁྱད་པར་མེད་པར་བྱུང་ཡོད་པ་དཔེར་ན། P.T.1067ལས། “ཀྱེ་དེང་གྀ་ཁྲྀ་གདུགས་ལ་ཇི་དང་ཇི་ལ་བདལ་ལོ་། གཏང་ཞེས་བགྱིསན་གར་བཟང་བ་ཞིག་ལས་བདལ་ལོ་”ཞེས་དང་། P.T.1283ལས། “སྲི་ཞུ་བྱ་ན་ཆི་བཟང་། ཕུ་ན་རེ། །བ་ཆས་ནི་ཕ་མ་དང་། གཉེན་བཤེས་མྱི་འགྱོད་པར་ནུས་ན། །སྲི་ཞུའོ། །ཞུའི་མཆོགོ་”ཞེས་པ། “ནུ་ན་རེ། ། བྱམས་པས་བྱིན་ན་ཆེ། ། ཕུ་ན་རེ། ། རྗོ་བོ་བྱམསྣ། སྲིད་བྱིན་བ་ལས། བྱིན་བ་ཆེ་བ་མྱེདོ་”ཞེས་པ། “ནུ་ན་རེ། །སྟེན་དུ་ཆི་བཟང་ཆི་ངན། ཕུ་ན་རེ། །ཉིན་པར་གྱི་སྟེན་དུ་། རྗོ་བོ་དང་དཔོན་པོ་དང་འཛངས་ཤིང་དྲང་བ་དང་། མཁས་ཤིང་དཔའ་བ་དང་། བཟོ་ཞིང་རྩལ་ཆེ་བ་དང་། སྙན་ངག་དང་བཀའ་གྲིམས་བཟངོ་”ཞེས་པ། “འཛངས་པས་ནི། །ཇི་བྱས་གྱང་། །ཐོག་དུ་བསླབ་ཆིང་ཕེབས་ལ། བུ་ཉིད་གྱང་དེའི་ཚུལ་བསླབ་པའི་ཕྱིར་རོ་”ཞེས་པ་སོགས། ཅི་དང་ཇི། ཆི་ཞེས་གང་རུང་བཀོལ་ཡོད་པ་བཞིན་ནོ། དེས་ན་འཛམ་གླིང་གི་སྐད་རིགས་སྤྱིའི་ལོ་རྒྱུས་ལྟར་ན། སྐད་གདངས་ལ་ཡུལ་དང་དུས་ཀྱི་དབང་གིས་འགྱུར་བ་འབྱུང་ངེས་པ་མ་ཟད། འགྱུར་ཚུལ་དང་འགྱུར་ཚད་ཀྱང་དོ་མཉམ་པ་ཞིག་མིན། བོད་སྐད་ཀྱང་ཆོས་ཉིད་འདི་ཉིད་ལས་མ་འདས་ན། འདི་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས།“དེའི་རྒྱུ་མཚན་ནི་སྐབས་དེར་བོད་དུ་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་བཤད་ཁྲིད་ཁྱབ་གདལ་དེ་ཙམ་མེད་པར་བརྟེན་ཡིག་མཁན་སོ་སོའི་ཡུལ་སྐད་མི་འདྲ་བའི་ཤན་ཞུགས་པ་གསལ་པོར་མཐོང་ཐུབ་སྟེ། དཔེར་ན་མདོ་ཁམས་དང་བྱང་འབྲོག་ཕྱོགས་ཀྱི་ཡུལ་སྐད་ལ་ཅི་ཡིན་དང་ཅི་ཟེར་ཞེས་པ་ལ་ད་ལྟའང་ཆི་ཡིན་དང་ཆི་ཟེར་ཞེས་དངོས་སུ་བརྗོད་བཞིན་པ་ལས་ཀྱང་གསལ་པོར་རྟོགས་ཐུབ་བོ་”⑨ཞེས་ཏུན་ཧོང་གཏེར་ཡིག་ཏུ་ཇི་དང་ཅི་དང་ཆི་བརྗེས་ནས་བྱུང་བ་ནི་ཡུལ་སྐད་ཀྱི་དབང་གིས་བྱུང་བར་གསུངས་པ་དང་། ཡང་། “མི་ལ་མྱི་དང་མེས་པོ་ལ་མྱེས་པོ། འབར་བའི་མེ་ལ་མྱེ། དགག་སྒྲ་མི་མེད་མིན་ལ་མྱི་མྱེད་མྱིན་སོགས་གསལ་བ་འདི་དག་《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》ནང་‘མྱེད་མྱིན་སོགས་ཡ་བཏགས་པ་་་་་་་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་’ཞེས་གསལ་ཡང་། རྡོ་རིང་གི་ཡི་གེ་སོགས་གནའ་ཡིག་ཕལ་མོ་ཆེར་དེ་ལྟར་གསལ་བས་ཁོ་བོ་ནི་བརྡ་རྙིང་དུ་འདོད་ཀྱང་དཔྱད་པར་འཚལ་ལོ་”⑩ཞེས་མྱི་དང་མྱེད་སོགས་ནི་ཡུལ་སྐད་ཤོར་བ་མ་ཡིན་པར་བརྡ་རྙིང་ཡིན་པའི་སྐོར་ལམ་ཙམ་བསྟན་གནང་ཡོད། གོང་གསལ་གནད་དོན་དེ་རིགས་ལ་དེང་རབས་ལོ་རྒྱུས་སྐད་བརྡ་རིག་པའི་གཞུང་དང་འབྲེལ་ནས་བལྟས་ན།འགྲོ་བ་མིའི་རིགས་ཀྱི་སྐད་ཀྱི་གདངས་ལ་ཡུལ་དང་དུས་ཀྱི་དབང་གིས་འགྱུར་བ་འབྱུང་བའི་ཆོས་ཉིད་ལས་མ་འདས་སོ།
        ཇི་ཞིག་དང་ཅི་ཞིག་གི་སྒྲའི་འཇུག་ཚུལ།
        ཇི་ཞིག་དང་ཅི་ཞིག་གི་སྒྲ་ནི་བྱ་བ་དང་བེམ་པོ་དང་དངོས་པོ་སོགས་ལ་འདྲི་བའི་ཚིག་སྟེ། ཏུན་ཧོང་གཏེར་ཡིག་ཏུ་ཇི་ཞིག་དང་ཅི་ཞིག་གང་རུང་སྦྱར་ནས་བྱུང་བ་དཔེར་ན། P.T1287ལས། “འུང་ནས་ཇྀ་ཞིག་བྱེད་བྱེད་ནས། ཁྱོ་མོ་དང་གཉྀས་ཀ་འཐབསོ་”ཞེས་དང་། P.T1289ལས། “དྲྀ་མ་ངད་དེ་དྲོན་ཆབ་ཀྱི་ཡ་མགོ་ཡ་བྱི་ན་ཇི་ཞྀག་ཆོ་རེ་འཕྲུལ་ཇི་ཞིག་འབྲང་རེ་རྫུས་”ཞེས་དང་། “ཇོ་བོ་མ་བགྱིས་རེ་ཡས་སུ་ཇྀ་ཞྀག་འཚལ་སེས་ན་མདང་ཀླུ་ཆུ་གྱ་གྱུ་དང་གཉན་བོར་བ་དང་”ཞེས་བྱུང་བ་ལྟར་རོ།
        གཉིས། ཨ་མདོའི་ཡུལ་སྐད་ཀྱི་དམིགས་ཀྱིས་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཨ་མདོའི་ཡུལ་སྐད་དུ་དམིགས་ཀྱིས་འདྲི་བའི་འདྲི་ཚིག་ནི་ཏུན་ཧོང་གཏེར་ཡིག་ནང་ཡོད་པའི་འདྲི་ཚིག་ལྟར་ཡོད་པ་མ་ཟད། ཡུལ་སྐད་ཁོ་ནའི་ཁྲོད་བེད་སྤྱོད་པའི་འདྲི་ཚིག་ཀྱང་མང་དུ་སྣང་ཞིང་། དེ་དག་ལས་ལ་ལ་ནི་སྐད་གདངས་ཀྱི་ལོ་རྒྱུས་འཕེལ་རིམ་ལས་བྱུང་ལ། ལ་ལ་ནི་གང་ནས་འོངས་མིན་ལྐོག་འགྱུར་ལྟ་བུ་ཡིན་པས། མུ་མཐུད་ནས་བརྟག་པར་བྱ་བའི་གནས་སུ་གྱུར་ཡོད། དཔེར་ན། དེ་རིང་ཉི་མ་དུ་རེད། ཅེས་པའི་དུ་སྒྲ་ནི་ལོ་ཟླ་གཟའ་སྐར་གྱི་དུས་འདྲི་བའི་འདྲི་ཚིག་ཡིན་ཡང་དུ་སྒྲའི་ཡོང་ཁུངས་གང་ཡིན་གསལ་ཁ་མེད་ཅིང་། ཡིན་ན་ཡང་། དཔེ་ཆ་འདི་སུ་གི་རེད། ཅེས་པའི་སུ་ནི་ཏུན་ཧོང་གཏེར་ཡིག་གི་སུ་སྒྲ་དང་མཚུངས་པར་གང་ཟག་འདྲི་བའི་འདྲི་ཚིག་ཡིན་པ་ལྟ་བུའོ། འདྲི་བའི་དམིགས་ས་མི་འདྲ་བའི་དབང་གིས་རེད་སྒྲ་དང་ཡིན་སྒྲ་གཉིས་བྱུང་ཡོད་དེ། སུ་ཡིན་དང་སུ་རེད་ཅེས་པ་ལྟར་རོ། གང་ལྟར་ཨ་མདོའི་ཡུལ་སྐད་དུ། དེ་རིང་ཉི་མ་དུ་རེད། དཔེ་ཆ་འདི་སུ་གི་རེད། ཁྱོད་ཚོ་གང་གི་ཡིན། ཁྱོད་ཆི་ཟིག་དགོ་ནེ། དཔེ་ཆ་གང་ན་ཡོད་གི ཡི་གེ་འདི་སུ་ལ་སྟེར་དགོ་ནེ། ཁྲོན་པ་འདི་གཏིང་ནོ་ཆི་མོ་ཟིག་རེད། ཁྱོད་ཆི་ཟིག་ག་ཡོང་ནེ་ཞེས་པ་སོགས་ལས། ཨ་མདོའི་ཡུལ་སྐད་ཀྱི་དམིགས་ཀྱིས་འདྲི་བའི་འདྲི་ཚིག་ལ་སུ་དང་དུ། གང་དང་ཆི་ཟིག ག་དང་ཆི་མོ་ཟིག་ཅེས་པ་ལ་སོགས་ཡོད་པ་ཤིན་ཏུ་གསལ།
        དེས་ན་སྐད་གདངས་ཀྱི་ཀློག་སྟངས་མི་འདྲ་བའི་དབང་གིས་ཨ་མདོའི་ཡུལ་སྐད་དུ་ཇི་ལྟར་ལ་ཆི་མོ་ཟིག་དང་ཅི་ཞིག་ལ་ཆི་ཟིག ཅིའི་ཕྱིར་ལ་ཆི་ཟིག་ག་ཞེས་ཀློག་པ་ཙམ་དུ་ཟད་ཅིང་། ནེ་དང་པ་ནི་གམ་ངམ་སོགས་འབྱེད་སྡུད་ཀྱི་སྒྲའི་རྗེས་འཇུག་མ་སྒྲའི་ཟུར་ཆག་པས། དེའི་དོད་དུ་ནེ་དང་པ་སོགས་བྱུང་བ་ཡིན། དམིགས་ཀྱིས་འདྲི་བའི་འདྲི་ཚིག་ཁ་ཤས་ཤིག་ལ་འདྲི་ཚིག་གི་སྒྲ་རྐྱང་པ་ཆི་ཟིག་དང་སུ་ཚིག་སོགས་ཡོད་པ་ཙམ་གྱིས་མི་ཆོག་པར། ཚིག་གི་མཇུག་ཏུ་ནེ་དང་པ་སོགས་ཀྱི་སྒྲ་ཡང་སྦྱོར་བ་ཡིན་ཏེ། དཔེར་ན། ཁྱོད་ཆི་ཟིག་དགོ་ནེ། ཡི་གེ་འདི་སུ་ལ་སྟེར་དགོ་ནེ། ཞེས་པ་གཉིས་ལ་མཚོན་ན། ཆི་ཟིག་དང་ཆི་མོ་ཟིག སུ་ཞེས་སྦྱར་བ་ཙམ་གྱིས་མི་ཆོག་པར་ཚིག་གི་མཇུག་ཏུ་ནེ་སྒྲ་སྦྱར་ཡོད་པ་ལྟར་རོ། དོན་གྱི་གནད་འདིའི་དབང་གིས་ཡིག་སྐད་དུ་ཡང་ཁྱོད་སུ་ཡིན་ནམ། དཔེ་ཆའི་རིན་གོང་སྒོར་ཅི་ཙམ་ཡིན་ནམ། ཞེས་སུ་སྒྲ་དང་ནམ་སྒྲ། ཅི་ཙམ་དང་ནམ་སྒྲ་གཉིས་མཉམ་དུ་སྦྱར་ནས་དྲི་བ་འདྲི་བཞིན་ཡོད། ཡིན་ན་ཡང་། དྲི་བ་འདི་ལ་སུ་སྒྲ་གཅིག་པུ་ལས་ནམ་སྒྲ་མ་སྦྱར་ན་ལེགས་པར་འདོད་མཁན་ཡང་ཡོད་དེ། 《ཁྲིད་རྒྱུན་རབ་གསལ་མེ་ལོང་》ལས། “སྤྱི་སྒྲ་དྲི་བ་བཏོན་ཟིན་པའི་མོད་ལ་ད་དུང་ཨུ་ཚུགས་ཀྱིས་གསལ་བྱེད་ཀྱི་འབྱེད་སྡུད་ཀྱི་སྒྲ་སྦྱར་བ་འདི་ནི་ཡིག་སྐད་དང་ཁ་སྐད་གང་དུའང་མི་འགྲོ་བའི་ཟློས་སྐྱོན་ཡིན་འདུག་པས་སྤང་ཐབས་བྱེད་དགོས་ཚོད་འདུག དཔེར་ན། ཡི་གེ་འདི་སུས་བྲིས་པ་རེད་ཟེར་བ་ལས། ཡི་གེ་འདི་སུས་བྲིས་པ་རེད་དམ་ཟེར་མི་རུང་བ་ལྟ་བུ་རེད་”⑾ཅེས་བསྟན་ཡོད་པ་ལྟ་བུ་ཡིན། དེ་ནི་ལེགས་པར་བཤད་པའི་གཏམ་ཏུ་འཁུམས་ཀྱང་། ཡུལ་སྐད་ཀྱི་དབང་གིས་ཡིན་པས་ནོར་འཁྲུལ་དུ་བརྩིས་པའམ་ཡང་ན་ཡུལ་སྐད་གང་དུའང་མི་འགྲོ་ཞེས་མཐའ་གཅིག་ཏུ་ཐག་གཅོད་པར་མི་རིགས་སོ། དེང་སང་སྐད་འཕྲིན་ནམ་འཕྲིན་ཕྲན་དུ་ཁ་བརྡ་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་མུས་ཡིན་ཞིང་། སྐད་འཕྲིན་བེད་སྤྱོད་མཁན་རྣམས་ཀྱིས་ཐད་ཀར་ཡུལ་སྐད་ཀྱི་ལམ་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ་ནི་དེའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་ཞིང་། འདིར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་གི་དགེ་སློབ་གླིང་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་ལས་བྱུང་བའི་དྲི་ཚིག་འགའ་དཔེ་རུ་བཀོད་ན་འདི་ལྟམ “དེ་དག་གིས་ཅི་ཟེར་གི་ཡོད་ག་”⑿ཞེས་ཨ་མདོའི་ཡུལ་སྐད་ཀྱིས་ཁ་བརྡ་ཐུང་ཐུང་བྱས་ཡོད་པ་དང་། དེ་ལ་མུ་མཐུད་ནས།  “སང་ཉིན། དངོས་པོ་འདྲ་འཁྱེར་ཡོང་རྒྱུ་ཡོད་ནི་མིན་ནམ། སྟག་ལྷ། གང་ན་ཡོད། ལཱོ་པན་གཉིས་ཕག་ན་བཞའ་ཡོད་ཀ་”⒀ཞེས་པ་ལ་སོགས་པའི་ཚིག་དེ་དག་ནི་དམིགས་ཀྱིས་འདྲི་བའི་འདྲི་ཚིག་ཡིན་ལ། འདྲི་ཚིག་དང་པོ་སྟེ། “དེ་དག་གིས་ཅི་ཟེར་གི་ཡོད་ག་”ཞེས་པར་ཅི་སྒྲ་དང་ག་སྒྲ་གཉིས་ཀ་མཉམ་དུ་འདྲི་ཚིག་ཏུ་བེད་སྤྱོད་བཏང་ཡོད་ཀྱང་ཨ་མདོའི་ཡུལ་སྐད་དུ་ཟློས་པའི་སྐྱོན་མེད་པ་བཞིན་ནོ།
        གསུམ་པ།  ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལས་བྱུང་བའི་ཡིན་མིན་འདྲི་བའི་འདྲི་ཚིག
        གཅིག ཏུན་ཧོང་གཏེར་ཡིག་གི་ཡིན་མིན་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        གམ་སོགས་འབྱེད་སྡུད་ཀྱི་སྒྲ་མཇུག་ཏུ་སྦྱར་ནས་ཐེ་ཚོམ་གྱི་ནང་ནས་མཐའ་གཉིས་པོ་ཆ་མཉམ་དུ་དོགས་པ་ལ། མཐའ་གཉིས་ཀ་བཀོད་ནས་རུང་ངམ་མི་རུང་ཞེས་འདྲི་བ་བཏོན་པ་ཡིན་ཞིང་། ཡིན་པ་ལ་མངོན་དུ་ཕྱོགས་པའམ། མིན་པ་ལ་ཤས་ཆེར་ཕྱོགས་པ་ལ་ནི་མཐའ་རེ་རེ་བ་རྐྱང་པར་ཏམ་དང་སམ་ལ་སོགས་སྦྱོར་བ་དཔེར་ན། P.T.1283ལས།  “ནུ་ན་རེ། བྲན་དུ་ཕ་གོལ་པོ་ལས་ལྷགས་པ་པ་ཡོད་ཏཾ”ཞེས་དང་། “མ་ཉེས་པར། སྟམས་ལས་བཆད་། དུ་རུང་ངམ”ཞེས་པ།“མཛའ་བོ་ལ་ལ་དང་། གཆིག་གི་གཡོ་གཆིགིས་བཟུང་བར་བྱ་ན་རུང་ངམ་མྱི་རུང་”ཞེས་པ། “ནུ་ན་རེ། ། རྗོ་བོ་དང་དཔོན་པོ་གཉེན་བ་ལ། ཕན་ཏུ་རེ་བ་ཞིག་ཡོད་ན། མྱུར་ཏུ་བྱ་བའྀ་རྀགསཾ་མྱི་རིགས”ཞེས་པ་ལྟ་བུའོ།
        གོང་གསལ་གྱི་ཚིག་རྣམས་ནི་བྲན་གྱི་ནང་ན་ཕ་ལས་ལྷག་པའི་བྲན་ཡོད་མེད་དང་། མི་ཞིག་གིས་ནག་ཉེས་ཀྱི་བྱ་བ་མ་བསྒྲུབས་པ་ལ་རྡུང་རྡེག་དང་བཟུང་བཅུག་བྱ་རུང་ངམ་མི་རུང་། མཛའ་གྲོགས་སུ་གྱུར་བའི་མཛའ་བོ་ཡིན་ན་ཕན་ཚུན་གྱི་གཡོ་ཕན་ཚུན་གྱིས་གསང་ནས་བཟུང་ན་རུང་ངམ་མི་རུང་། རྗོ་བོ་དང་དཔོན་པོ་རང་ལ་ཕན་པའི་རེ་བ་ཞིག་ཡོད་ན་དེ་ལ་གཉེན་པའི་བྱ་བ་མྱུར་དུ་བསྒྲུབས་ན་རིགས་སམ་མི་རིགས་ཞེས་ཐེ་ཚོམ་ཟ་ནས་དྲིས་པའི་འདྲི་ཚིག་ཡིན་པས། དེ་དག་ནི་ཡིན་མིན་འདྲི་བའི་འདྲི་ཚིག་ཡིན།  གཞན་ཡང་དཔེར་ན། P.T.992ལས། “བདག་ཤིང་རྟ་འདི་འྀ་ནང་ན་དམྱིག་མངས་ཀྱང་ཡོད། སྟེན་ཅིང་འགྲོགས་པར་ཡང་དགའ་ན་དེ་ལྟར་རུང་ངམ་མྱི་རུང་ཞེས་བྱས་པ་དང་”ཞེས་པ་ལ་སོགས་པ་ཡིན་མིན་འདྲི་བའི་འདྲི་ཚིག་གི་སྐོར་ཏུན་ཧོང་གཏེར་ཡིག་ནང་ཤིན་ཏུ་མང་།
        གཉིས། ཨ་མདོའི་ཡུལ་སྐད་ཀྱི་ཡིན་མིན་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཨ་མདོའི་ཡུལ་སྐད་དུ་ཡིན་ནི་ར་མིན་ནི་ར་དང་། ཆོག་ག་མི་ཆོག་གི ཤེས་ག་མི་ཤེས། འཐུང་ག་མི་འཐུང་གི་ཞེས་པ་ལྟ་བུ་ཚིག་གི་མཇུག་ཏུ་སྦྱར་ནས་ཐེ་ཚོམ་གྱི་ནང་ནས་མཐའ་གཉིས་པོ་ཆ་མཉམ་དུ་དོགས་པ་ལ། མཐའ་གཉིས་ཀ་བཀོད་ནས་ཡིན་ནི་ར་མིན་ནི་ར་ཞེས་སོགས་སྦྱོར་བ་དཔེར་ན། ཁོ་བོད་རིགས་ཡིན་ནི་ར་མིན་ནི་ར།(ཁོ་བོད་རིགས་ཡིན་ནམ་མིན་ཞེས་པའི་དོན།) ང་ནང་ང་སོང་ན་ཆོག་ག་མི་ཆོག་གི (ང་ནང་དུ་སོང་ན་ཆོག་གམ་མི་ཆོག་ཅེས་པའི་དོན།) ཁུར་གིས་བོད་ཡིག་ཤེས་ག་མི་ཤེས།(ཁོས་བོད་ཡིག་ཤེས་སམ་མི་ཤེས་ཞེས་པའི་དོན།) བཀྲ་ཤིས་གིས་ཆང་འཐུང་ག་མི་འཐུང་གི་(བཀྲ་ཤིས་ཀྱིས་ཆང་འཐུང་ངམ་མི་འཐུང་ཞེས་པའི་དོན།)ཞེས་པ་ལྟ་བུ་ཡིན། དེ་དག་ནི་ཡིན་མིན་མ་ཤེས་པར་ཐེ་ཚོམ་སྐྱེས་ནས་དྲི་བ་བཏོན་པ་ཞིག་ཡིན། ཨ་མདོའི་ཡུལ་སྐད་དུ་ཡིན་མིན་གྱི་མཐའ་གཉིས་ལས་ཡིན་པ་ལ་ཤས་ཆེར་ཕྱོགས་པ་ལ་ནི་དང་ནེ་དང་གི་པ། རེད་པ་སོགས་ཚིག་གི་མཇུག་ཏུ་སྦྱོར་བ་ཡིན་ཏེ། དཔེར་ན། ཁྱོའི་བྱ་ཡེ་ལོ་ལྔ་བུད་དང་ནེ། ཁུར་གིས་ཁྱོད་ཤེས་གི་པ། ཁུར་གིས་ཁྱོད་མི་ཤེས་གི་པ། བཀྲ་ཤིས་མ་རེད་པ། ཞེས་པ་བཞིན་ནོ། གཞན་ཡང་། ཚིག་གི་མཇུག་ཏུ་ཨེ་སྒྲ་སྦྱར་ནས་ཡིན་མིན་འདྲི་བ་ཡང་ཡོད་དེ། དཔེར་ན། འདི་བླ་བྲང་དགོན་པའི་གྲྭ་བ་ཨེ་རེད། ཁྱོད་ལྷ་སར་འགྲོ་རྒྱུ་ཨེ་ཡིན་ཞེས་པ་ལྟ་བུའོ།
        བཞི་པ། ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལས་གདམ་ང་འདྲི་བའི་འདྲི་ཚིག
        དོན་གང་ཞིག་གང་ཡིན་མིན་རང་གིས་ཤེས་ཟིན་པ་དེ་ཕ་རོལ་པོ་ལ་གདམ་ང་བྱེད་པར་འདྲི་བའི་ཚིག་ལ་གདམ་ང་འདྲི་བའི་འདྲི་ཚིག་ཅེས་བརྗོད་པ་ཡིན། དཔེར་ན། བཀྲ་ཤིས་སློབ་མ་ཡིན་ནམ་དགེ་རྒན་ཡིན། དུང་དཀར་པོ་ཁ་དོག་ཡིན་ནམ་ཡང་ན་དབྱིབས་ཡིན། སྒོ་སྟེང་གི་ནག་ཡོར་ཡོར་དེ་མི་ཡིན་ནམ་ཡང་ན་གང་ཞིག་ཡིན། བདུད་རྩི་ཡིན་ནམ་ཡང་ན་དུག་ཡིན། ཞེས་པ་ལྟ་བུ་དོན་ནམ་གང་ཟག་གང་ཡང་རུང་བ་གཉིས་དང་གཉིས་ཡན་ཆད་ལས་གང་ཞིག་གང་ཡིན་དགོས་པར་ཕ་རོལ་པོ་ལ་འདེམས་ཀ་བྱེད་པར་དྲིས་པའི་ཚིག་ཡིན་པ་བཞིན་ནོ། གདམ་ང་དང་ཡིན་མིན་འདྲི་བའི་འདྲི་ཚིག་གཉིས་ཀྱི་ཁྱད་པར་ནི། གདམ་ང་འདྲི་བའི་འདྲི་ཚིག་ནི་དྲི་བ་འདྲི་མཁན་གྱིས་རང་གིས་ཤེས་ཟིན་པའི་དོན་དག་དེ་ཕ་རོལ་པོ་ལ་གདམ་ང་བྱེད་པར་དྲིས་པའི་འདྲི་ཚུལ་ཞིག་དང་། ཡིན་མིན་འདྲི་བའི་འདྲི་ཚིག་ནི་འདྲི་མཁན་རང་ཉིད་ཀྱིས་དྲི་བྱའི་དོན་གང་ཞིག་ཡིན་མིན་དང་བདེན་རྫུན་དང་འགྲིག་མིན་མ་ཤེས་པའམ་ཐེ་ཚོམ་ཟ་ནས་ཕ་རོལ་པོ་ལ་དྲིས་པའི་འདྲི་ཚུལ་ཞིག་ཡིན།
        གཅིག ཏུན་ཧོང་གཏེར་ཡིག་གི་གདམ་ང་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        གདམ་ང་བྱེད་དུ་བཅུག་ནས་དྲི་བ་ནི་གདམ་ང་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས་གཙོ་བོ་ཡིན་ཞིང་། ཏུན་ཧོང་གཏེར་ཡིག་ཏུ་གདམ་ང་འདྲི་བའི་འདྲི་ཚིག་ཀྱང་མང་དུ་སྣང་བ་དཔེར་ན། P.T.1283ལས།  “ཕ་རོལ་པོ་ལ་།  བློན་གདབ་དུ་རུང་ཡང་དག་འམ། ། ཉེས་ཡང་དག་པར་རྟོགས་ན། ། གདབ་བོ་ ”ཞེས་དང་། “ནུ་ན་རེ། ། འོག་མ་ལ་ཡིད་བརྟན་ཏཾ་མྱི་བརྟན། ། ཕུ་ན་རེ། བརྟན་དུ་རུང་བ་རྣམས་ལ་རྟོན་ཆིག ། མྱི་རུང་བ་རྣམས་ལ་མ་བརྟན་ཆིག་”ཅེས་པ། “ནུ་ན་རེ།  མྱི་ཆིག་གིས་ཉེ་བྱས་ན། ། བྱེ་བྲག་གི་དབྱེ་ར་ཡོད་དམ་མེད། །ཕུ་ན་རེ ། ། བྱེ་བྲག་དབྱེ་བ་ཡོད་དེ། །”ཞེས་པ།  “ནུ་ན་རེ། མཁོན་བྱུང་ན། ཤ་གཉེར་རམ་མི་གཉེར། ། ཕུ་ན་རེ། ། ཤ་ཁྲིམས་གྱིས་གཉེར་པས་ཆོགོ་”ཞེས་བྱུང་བ་ལྟ་བུ་ཡིན། དེ་དག་ལས་ཕ་རོལ་པོ་ངོ་མི་ཤེས་པ་ཞིག་ལ་སེམས་གཏམ་བཤད་ནས་གྲོས་བཏབ་ན་ཆོག་གམ་མི་ཆོག་ཅེས་བདམས་ང་བྱེད་པར་དྲིས་ན། ཐོག་མར་ཕ་རོལ་པོ་ལ་གྲོས་བྱེད་ཆོག་མི་ཆོག་གི་སྐྱོན་དང་ཡོན་ཏན་ལེགས་པར་རྟོགས་དགོས་པ་སྔོན་དུ་འགྲོ་དགོས་ཤིང་། རྟོགས་ན་གྲོས་འདེབས་ཆོག་ཅེས་གྲོས་འདེབས་ཆོག་མི་ཆོག་ལས་གྲོས་འདེབས་ཆོག་པ་འདེམས་པ་ཡིན་པས། དེ་ཉིད་གདམ་ང་འདྲི་བའི་འདྲི་ཚིག་ཏུ་འཇོག་ཆོག དེ་བཞིན་དུ་ཡིད་བརྟན་ཏི་མྱི་བརྟན། དབྱེ་ར་ཡོད་དམ་མེད། ཤ་གཉེར་རམ་མི་གཉེར་སོགས་ལྟ་བུར་ཡང་གདམ་ང་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས་ལྡན་པས། གདམ་ང་འདྲི་བའི་འདྲི་ཚིག་ཏུ་བརྩི་རིགས་སོ། གཞན་ཡང་། ཏུན་ཧོང་གཏེར་ཡིག་ཏུ་རིགས་སམ་མི་རིགས། མཉན་ཏམ་མི་མཉན། བྱ་འམ་མི་བྱ་ཞེས་པ་ལ་སོགས་པའི་གདམ་ང་འདྲི་བའི་འདྲི་ཚིག་ཀྱང་མང་དུ་སྣང་ངོ་།
        གཉིས། ཨ་མདོའི་ཡུལ་སྐད་ཀྱི་གདམ་ང་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཨ་མདོའི་ཡུལ་སྐད་དུ་གདམ་ངའི་དོན་ཅན་གྱི་འདྲི་ཚིག་གི་སྒྲ་རེད་ནང་མ་རེད་ལྟ་བུ་རང་སྦྱོར་ཡུལ་གྱི་མིང་གི་རྗེས་འཇུག་གི་སྒྲ་དང་བརྗོད་བདེའི་དབང་གིས་བྱུང་བའི་སྒྲ་དམིགས་བསལ་ཅན་འགའ་རེ་ཡོད་པ་ཕུད། གཞན་རྣམས་བོད་སྐད་སྤྱིའི་གདམ་ང་འདྲི་བའི་འདྲི་ཚིག་གི་ལུགས་དང་མཐུན་པ་དཔེར་ན། དབུས་གཙང་སྐད་དུ། ཁོང་བོད་རིགས་རེད། རྒྱ་རིགས་རེད་ཅེས་པ་ལྟ་བུ་ལ་ཨ་མདོའི་སྐད་དུ། ཁུར་གི་བོད་རིགས་རེད་ནང་། རྒྱ་རིགས་རེད་ཅེས་དང་། ཡང་ལྕགས་སྨྱུག་འདི་ཁོང་གི་རེད། རང་གི་རེད་ཅེས་པ་ལ་ལྕགས་སྨྱུག་འདི་ཁུར་གི་རེད་ནང་། ཁྱོའི་རེད་ཅེས་པ་ལྟ་བུ་ནང་སྒྲ་ཞིག་ཐོན་ཡོད་པ་ཙམ་ལས་གཞན་དབུས་གཙང་སྐད་ཀྱི་གདམ་ང་འདྲི་བའི་འདྲི་ཚིག་དང་མི་མཐུན་པ་ཆེར་མེད་པ་ལྟ་བུའོ།
        ལྔ་པ། ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ལས་དྲང་ལྡོག་འདྲི་བའི་འདྲི་ཚིག
        དོན་གང་ཞིག་དེ་ལྟ་དེ་ལྟར་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་རང་གིས་རང་ལ་དྲིས་ནས་ལན་འདེབས་པའི་འདྲི་ཚིག་ལ་དྲང་ལྡོག་འདྲི་བའི་འདྲི་ཚིག་ཅེས་བརྗོད། དཔེར་ན། ཉེ་ལམ་ནང་ཆོས་ཞིབ་འཇུག་( BuddhistS-tudies)ཅེས་པའི་སྐད་འཕྲིན་ལས། “བཟང་སྤྱོད་སྨོན་ལམ་དུ་ཅི་ཞིག་གསུང་གི་ཡོད་པ་རེད་”ཅེས་པའི་དྲི་བར། “རྗེ་བཙུན་མི་ཕམ་མགོན་པོའི་གདམས་པར་སྟོབས་ལྔ་ཡིན་ཕྱིར་སྤྱོད་ལམ་གཅེས་གསུངས་པ་ལྟར། ཇི་ལྟར་སྨོན་ལམ་གྱི་སྟོབས་ལས་སྤྱོད་ལམ་བཟང་པོ་ཡོང་རེ་བསྟན་ཡོད། མ་རེད་པས་”⒁ ཞེས་ལན་བཏབ་ཡོད་པ་ལྟ་བུ་ཡིན། དེ་ཡང་ལན་འདེབས་མཁན་གྱིས་རང་གིས་བཏབ་པའི་ལན་དེ་བདེན་པ་ཡིན་པར་རྟིང་སྣོན་གྱི་ཚུལ་དུ་སླར་ཡང་“མ་རེད་པས་”ཞེས་ལྡོག་པའི་ཚུལ་གྱིས་དྲི་བ་འཕངས་པའི་ཚུལ་འདི་ལྟ་བུ་ལ་དྲང་ལྡོག་འདྲི་བའི་འདྲི་ཚིག་ཅེས་བཤད་པ་ཡིན། རང་རེའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་བྱུང་བའི་ཚིག་ཕྲད་ཞིང་སོགས་ལས་ཤེ་ནའོ་དང་ཞེ་ནའོ། ཅེ་ནའོ་ཞེས་པ་དག་ནི་དོན་དུ་འདིར་བསྟན་གྱི་དྲང་ལྡོག་འདྲི་ཚིག་གི་དོན་དང་ལྡན་པའི་འདྲི་ཚིག་གི་སྒྲ་ཡིན་ཞེས་བརྗོད་ན་མི་ཆོག་པ་མེད་པར་སྙམ་ཡང་དཔྱད་པར་འཚལ།
        གཅིག ཏུན་ཧོང་གཏེར་ཡིག་གི་དྲང་ལྡོག་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཏུན་ཧོང་གཏེར་ཡིག་ཏུ། ཇིས་མི་ཆོག་དང་ཆིས་མི་ཆོག་ག་ལ་ཡིན་ཞེས་པ་ལ་སོགས་པའི་དྲང་ལྡོག་དོན་ཅན་གྱི་འདྲི་ཚིག་མཇུག་ཏུ་སྦྱར་ནས་དྲི་བ་བཏོན་པ་དཔེར་ན། P.T.1283ལས། “ཕུ་ན་རེ།  ཡོང་དཔག་པ་ཡང་འོག་མ་ལ་བལྟས་དང་།  བདག་བས་དབུལ་བས་གྱང་ནུས་ན།  ། བདག་ཇིས་མྱི་ཆོག”ཅེས་དང་། “གོས་ཟས་ནི། དྲོས་པ་དང་འདྲངས་པ་གཉིསུ་དགོས་པར་ཟདེ། ། བ་མལ་པས། དྲོས། ཤིང་འདྲངས་པས་ཆིས་མ་ཆོག”ཅེས་པ། “ཕ་མས་ཡོན་པོ་ལོག་པ་འྀ་ཚིག་བཏམསུ་ཟིན་ན། ། ཕ་མའི་ཚིག་ཆེས་སྟེ། ། ལོག་པར་ཚོར་བཞིན་དུ། མ་བཏང་ན། རུ་བ་ག་ལ་ཡིན”ཞེས་བྱུང་བ་ལྟ་བུ་ལ་མཚོན་ན། དོན་གང་ཞིག་དེ་ལྟར་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་རང་གིས་རང་ལ་དྲིས་ནས་ལན་བཏབ་པ་ལྟ་བུའོ།
        གཉིས། ཨ་མདོའི་ཡུལ་སྐད་ཀྱི་དྲང་ལྡོག་འདྲི་བའི་འདྲི་ཚིག་གི་ཁྱད་ཆོས།
        ཨ་མདོའི་ཡུལ་སྐད་དུ། དྲང་ལྡོག་འདྲི་བའི་འདྲི་ཚིག་ཆིས་མི་ཆོག་དང་ཆིས་མི་ཤེས་ལ་སོགས་པ་དྲང་ལྡོག་དོན་ཅན་གྱི་འདྲི་ཚིག་མཇུག་ཏུ་སྦྱར་ནས་དོན་དེ་ཉིད་དེ་ལྟར་དུ་ཡིན་པའི་གདེངས་ཚོད་ཡོད་པར་བསྟན་པ་དཔེར་ན། ཡི་གེ་འདི་འབྲི་མི་ཤེས་རྒྱུ་ཆི་ཟིག་ཡོད་རྒྱུ། ལུག་ཆིས་བཤའ་མི་ཐུབ་ཅེས་པ་ལྟ་བུ་ལ་མཚོན་ན། ཆི་ཟིག་ཡོད་རྒྱུ་ཞེས་པ་དང་ཆིས་བཤའ་མི་ཐུབ་ཅེས་པའི་ཚིག་གི་ཐོག་ནས་དྲི་བ་འཕངས་པས། རང་གིས་དོན་དེ་ལ་གདེངས་ཚོད་ཡོད་པར་བསྟན་པ་ལྟར་དང་། དེ་བཞིན། འདི་ལྟར་འདུག་ཉན་རྒྱུ་མ་རེད་པཱ། ཆང་འཐུང་ན་ཆོག་རྒྱུ་རེད་པཱ། ཞེས་མ་རེད་པཱ་དང་རེད་པཱ་ལྟ་བུའི་དྲང་ལྡོག་འདྲི་བའི་དོན་ཅན་གྱི་ཚིག་མཇུག་ཏུ་སྦྱར་བས་ཀྱང་དོན་དེ་ལྟར་སྟོན་པ་ཡིན། གཞན་ཡང་དཔེར་ན། ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་དགེ་སློབ་གླིང་གི་སྐད་འཕྲིན་ལས།“མོའོ་ཡི་སྙན་ངག་བོད་འགྱུར་མ་དེ་དག་ནམ་བརྩམས་ཀྱི་ལོ་ཚིགས་ལ་གཟིགས་དང་། དོན་དམ་དུ་......(རིག་གསར་)ནི་༡༩༦༦ནས་༡༩༦༧ལོའི་དབར་ཡིན་པའང་ཤེས་ཀྱིན་མེད་ཚོད་གདའ། གཞན་རིག་གསར་ཞེས་པ་དེ་(རིག་གསར་ལས་འགུལ་)དེ་ལ་མི་གོ་བར་མི་རིགས་གཞན་ནས་དར་བའི་རིག་གནས་ཡོད་ཚད་ལ་གོ་དགོས་ཟེར་ན། བོད་ལ་བཙན་པོའི་དུས་སྐབས་ནས་བཟུང་རིག་གསར་རབ་དང་རིམ་པར་བྱུང་ཡོད་པ་མ་ཡིན་ནམ་”⒂ཞེས་ཚིག་གི་མཇུག་ཏུ་མ་ཡིན་ནམ་ཞེས་པའི་དྲང་ལྡོག་དོན་ཅན་གྱི་ཚིག་བཀོད་ནས་རང་གི་ཞེ་འདོད་དེ་གཏན་ཚིགས་དང་ལྡན་པའི་སྒོ་ནས་ཡང་དག་པ་ཡིན་པར་བསྒྲུབས་ཡོད་པ་བཞིན་ནོ།
        མཇུག་བསྡུའི་གཏམ།
        དེ་ལྟར་གོང་དུ་ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་ཀྱི་འདྲི་ཚིག་གི་རིགས་དང་ཁྱད་ཆོས་དམིགས་བསལ་ཅན་འགའ་ལ་བརྟག་ཅིང་དཔྱད་པ་ལས་གཤམ་གསལ་གྱི་སྡོམ་ཚིག་དེ་དག་འབྱུང་བ་སྟེ།
        གཅིག་ནི་ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་གཉིས་སུ་གང་སྒྲ་དང་སུ་སྒྲ་སོགས་ཐད་ཀར་སྦྱར་ནས་དོན་གང་ཞིག་དམིགས་ཀྱིས་འདྲི་བའི་འདྲི་ཚིག་དང་། དོན་གང་ཞིག་གང་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་ཕ་རོལ་པོ་ལ་དེ་ལྟ་བུ་ཡིན་མིན་ལན་འདེབས་སུ་བཅུག་པའི་ཡིན་མིན་འདྲི་བའི་འདྲི་ཚིག དོན་མང་པོ་ཞིག་བཀོད་དེ་དེའི་ནང་གི་དོན་གང་ཞིག་འདེམ་རྒྱུར་འདྲི་བའི་གདམ་ང་ཅན་གྱི་འདྲི་ཚིག་དང་། ཡང་དོན་གང་ཞིག་དེ་ལྟ་དེ་ལྟར་ཡིན་པར་ཐག་བཅད་ནས་སྨྲས་པ་དང་མཉམ་དུ་རང་གིས་རང་ལ་དྲིས་ནས་ལན་འདེབས་པའི་དྲང་ལྡོག་འདྲི་བའི་འདྲི་ཚིག་བཅས་ནང་གསེས་རིགས་མི་འདྲ་བ་བཞི་ཡོད་ལ། དེ་དག་ཀྱང་བོད་རྒྱ་སྐད་ཁོངས་སྤྱི་ལ་ཡོད་པའི་འདྲི་ཚིག་གི་ཁྱད་ཆོས་དང་གཞི་གཅིག་ཏུ་འབྲེལ་ཡོད་པ་རྟོགས་ཐུབ།
        གཉིས་ནི་སྐད་ཆའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ། བོད་སྐད་ཀྱི་འདྲི་ཚིག་ནི། “ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །”ཞེས་གསུངས་པ་བཞིན་མཐའ་གཅིག་ཏུ་གཏན་འཇགས་སུ་གནས་ཡོད་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ། སྤྱི་སྒྲའི་ཀློག་སྟངས་དང་ཐོབ་ཐང་ལ་དུས་དང་ཡུལ་གྱི་ཆ་ནས་འགྱུར་ལྡོག་ཅུང་ཟད་བྱུང་ཡོད་པ་ཤེས་ཐུབ།
        གསུམ་ནི་ཏུན་ཧོང་གཏེར་ཡིག་གི་འདྲི་ཚིག་དང་ཨ་མདོའི་ཡུལ་སྐད་ཀྱི་འདྲི་ཚིག་དབར་ཁྱད་པར་བྱུང་ཡོད་པ་དེས་བོད་སྐད་འདྲི་ཚིག་གི་སྒྲ་གདངས་དང་དོན་གྱི་སྟོན་ཚུལ་ལ་འགྱུར་བ་བྱུང་ཡོད་པ་མཚོན་པ་མ་ཟད། བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་ལུགས་དང་བརྡའི་སྤྲོད་ལུགས་སུ་མངོན་པའི་བོད་སྐད་སྨྲ་བ་རྣམས་ཀྱི་བསམ་གཞིག་བྱེད་སྟངས་ལ་ཡང་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད་པ་མཚོན་ཐུབ།
        བཞི་ནི་བོད་ཀྱི་སྐད་ལ་ཡུལ་སྐད་མང་དུ་སྣང་ཞིང་། ཡུལ་སྐད་མི་འདྲ་བ་ལས་འདྲི་སྟངས་དང་དྲི་བ་སྟོན་པའི་སྒྲ་སོགས་ཀྱང་གཅིག་མཚུངས་སུ་མི་སྣང་ན། བོད་ཀྱི་ཡུལ་སྐད་ཐམས་ཅད་ལ་རྒྱུས་ལོན་མ་བྱུང་གི་བར་དུ་དྲི་བ་འདྲེན་པའི་སྒྲ་འདི་དག་གི་ཁྱད་ཆོས་དང་ཁོངས་གང་ཡིན་ཇི་བཞིན་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རྟོགས་ཐུབ།  །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①པྲ་ཏི་རིན་ཆེན་དོན་གྲུབ། 《བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ལོ། ཤ་༥༠ན་གསལ།
②③⑾སྐལ་བཟང་འགྱུར་མེད། 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོ། ཤ་༢༣༣ ཤ་༢༣༥ ཤ་༢༣༥ན་གསལ།
④⑤⑧ལྕགས་ཐར་རྒྱལ། 《བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༡༩༦ ཤ་༡༩༩ ཤ་༡༩༨ན་གསལ།
⑥⑦⑧ཧུ་ཐེན་དང་བསོད་ནམས་སྒྲོལ་མས་བསྒྲིགས། 《ལྷ་སའི་ཁ་སྐད་》 མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོ། ཤ་༢༣ ཤ་༢༤ ཤ་༢༥ན་གསལ།
⑨⑩ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། 《ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་རྩ་འགྲེལ་》 མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ་༡༡༦ ཤ་༡༡༥ན་གསལ།
⑿⒀⒂ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་དགེ་སློབ་གླིང་སྐད་འཕྲིན་ལས་དྲངས།
⒁བོད་བརྒྱུད་ནང་བསྟན་གཙོ་བོར་བརྗོད་པའི་སྐད་འཕྲིན་ནང་ཆོས་ཞིབ་འཇུག་( BuddhihstStudies)ཅེས་པ་ལས་དྲངས།
        [གསལ་བཤད།]དཔྱད་རྩོམ་འདི་ནི་༢༠༡༢ལོའི་རྒྱལ་ཁབ་རིམ་པའི་ལས་གཞི་《ཏུན་ཧོང་གཏེར་ཡིག་དང་ཨ་མདོའི་ཡུལ་སྐད་ཀྱི་བརྡ་སྤྲོད་གཤིབ་བསྡུར་》ཞེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཤིག་དང་། རྣམ་གྲངས་ཀྱི་ཆོག་མཆན་ཨང་རྟགས་ནི་10XYYD23ཡིན། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1