གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༩ཉིན།

༄༅།། མྱུར་སྐྱེལ་ཞབས་ཞུ་ཇི་ལྟར་ཚད་ལྡན་དུ་གཏང་དགོས་སམ།


སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་ཀྱིས་བསྒྱུར།
རྒྱབ་ལྗོངས།
        ཀྲུང་གོའི་གློག་རྡུལ་ཚོང་ལས་བྱ་ལྟར་འཕེལ་རྒྱས་སོང་བ་དང་ཆབས་ཅིག་དྲ་ཐོག་ཉོ་ཚོང་ཡང་འཕེལ་རྒྱས་ཆེན་པོ་ཕྱིན། གློག་རྡུལ་ཚོང་ལས་འཕེལ་རྒྱས་ཀྱི་གནད་འགག་གཅིག་ནི་མྱུར་སྐྱེལ་ལས་རིགས་རེད། མྱུར་སྐྱེལ་ལས་རིགས་མགྱོགས་པོར་འཕེལ་རྒྱས་སོང་བ་བརྒྱུད། མྱུར་སྐྱེལ་ཁེ་ལས་ཀྱི་ལས་མི་དགོས་མཁོའང་ཆེ་རུ་ཕྱིན། མི་བསྡུ་ཚད་ཆེ་བ་དང་མི་བསྡུ་བའི་ཆ་རྐྱེན་དམའ་བ། རིགས་མཐུན་ཁེ་ལས་བར་གྱི་འགྲན་རྩོད་ཛ་དྲག་ཆེ་བས། མྱུར་སྐྱེལ་ལས་མིའི་ཀུན་སྤྱོད་དང་སྤུས་ཚད་ཆ་མི་སྙོམས་པ་དང་། མྱུར་སྐྱེལ་དངོས་པོར་ཆག་སྐྱོན་བྱུང་བ། ལས་བྱེད་མི་སྣས་དངོས་རྫས་བརྗེ་ལེན་བྱེད་པ། རྐུ་འཁྱེར་བྱས་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད་པས། སྤྱི་གཉེར་ཀུང་སིའམ་དངོས་ཟོག་བསྐུར་མཁན་ལ་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བྱུང་ཡོད། དེ་བས། དྲ་མི་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཆེར་གཏང་དགོས།

དཔེ་མཚོན་དོན་རྐྱེན། གློག་ཀླད་5རྡོ་རུ་གྱུར་པ།
        གསར་འགོད་པས་བསྒྲགས་པ་ལྟར་ན། 2012ལོའི་ཟླ་9པའི་ཚེས་6ཉིན། ཟི་ལིང་གི་ཚོང་པ་བདེ་ལེགས་ཀྱིས་ཆོན་ཧྥུང་མྱུར་སྐྱེལ་ཀུང་སི་ནས་ཁྲེན་ཏུའུ་ལ་གློག་ཀླད་10བསྐུར། ཟླ་9པའི་ཚེས་8ཉིན། ཁྲེན་ཏུའུ་ཡི་མགྲོན་པོས་དངོས་ཟོག་ལེན་དུས། གློག་ཀླད་6གར་སོང་ཆ་མེད་དུ་གྱུར། སྒམ་གཅིག་གི་ནང་སྟོང་པ་ཡིན་པ་དང་། གཞན་སྒམ་5ཡི་ནང་རྡོ་བཞག་འདུག །ཁྲེན་ཏུའུ་ཡི་མགྲོན་པོས་འབྱོར་ཡིག་སྟེང་མིང་རྟགས་བཀོད་རྗེས་མྱུར་སྐྱེལ་བ་དང་མཉམ་དུ་དངོས་ཟོག་ལ་བལྟས་པ་ཡིན་པས། ཆོན་ཧྥུང་ཀུང་སིའི་མྱུར་སྐྱེལ་བས་དེ་ལ་བདེན་དཔང་ཡི་གེ་བྲིས། ཟླ་9པའི་ཚེས་8ཉིན། ཁྲེན་ཏུའུ་ཡི་མགྲོན་པོ་དང་ཟི་ལིང་གི་ཚོང་པ་བདེ་ལེགས་གཉིས་ཀྱིས་ཁྲེན་ཏུའུ་དང་ཟི་ལིང་གཉིས་ཀ་ནས་མངགས་གཏོང་ཁང་ལ་གཏུག་བཤེར་བྱས། འོན་ཀྱང་མངགས་གཏོང་ཁང་གིས་དོན་དག་འདི་ནི་དཔལ་འབྱོར་རྩོད་གླེང་ཡིན་པས་གྱོད་དོན་ཐོ་འགོད་བྱེད་མི་ཐུབ་ཟེར། གཏན་འབེབས་ལྟར་ན། མྱུར་སྐྱེལ་ཀུང་སིས་གྱོད་དོན་སྙན་ཞུ་བྱས་ཚེ་ད་གཟོད་གྱོད་དོན་ཐོ་འགོད་བྱ་ཐུབ་པ་རེད་ཟེར།
        བདེ་ལེགས་ཀྱིས་ལམ་སེང་ཆོན་ཧྥུང་ཀུང་སིའི་ཟི་ལིང་ཁག་གི་འགན་འཛིན་པ་ཀའོ་ལ་འབྲེལ་བ་བྱས་ནས། ཁོས་མྱུར་སྐྱེལ་ཀུང་སིའི་མིང་ཐོག་ནས་གྱོད་དོན་སྙན་ཞུ་བྱ་དགོས་པའི་རེ་བ་བཏོན། འོན་ཀྱང་བདག་གཉེར་བ་ཀའོ་ཡིས་ཁྲེན་ཏུའུ་ཡི་མགྲོན་པོས་འབྱོར་ཡིག་སྟེང་མིང་རྟགས་བཀོད་རྗེས་ད་གཟོད་གློག་ཀླད་མེད་པ་ཡིན་པས། གནད་དོན་གང་ནས་བྱུང་པ་གསལ་པོ་བཤད་དཀའ། ཀུང་སིའི་མིང་ཐོག་ནས་གྱོད་དོན་སྙན་ཞུ་བྱས་ཚེ་ཀུང་སིའི་མཚན་སྙན་ལ་གནོད་པ་ཐེབས་རྒྱུ་རེད་ཟེར། ཚོང་པ་བདེ་ལེགས་ཀྱིས་དྲ་ཐོག་ནས་དངོས་ཟོག་སྐྱེལ་ལམ་གྱི་ཟིན་ཐོར་ལྟ་དུས། གློག་ཀླད་10དང་དེ་དག་གི་ཕྱི་སྣོད་བཅས་ཀྱི་ལྗིད་ཚད་ནི་སྤྱི་རྒྱ་40ཡིན་འདུག འོན་ཀྱང་ལན་ཀྲུའོ་རུ་ཐོན་དུས། ལྗིད་ཚད་སྤྱི་རྒྱ་42དང་ཚེག་85གྱུར་འདུག །ཁྲེན་ཏུའུ་རུ་སླེབས་དུས་ལྗིད་ཚད་སྤྱི་རྒྱ་41.85ལ་གྱུར་བ་རེད། ས་ཚིགས་སོ་སོ་ནས་གློག་ཀླད་ཀྱི་ལྗིད་ཚད་མི་འདྲ་བས་གནད་དོན་ཡོད་པ་གསལ་པོ་མཐོང་ཐུབ།
        ཚོང་པ་བདེ་ལེགས་ཀྱིས་མྱུར་སྐྱེལ་ཀུང་སིར་གློག་ཀླད་དྲུག་གི་རིན་གོང་ཁྱོན་སྒོར་26700སྐྱིན་ཚབ་ཏུ་སྤྲོད་དགོས་པའི་རེ་བ་བཏོན། མྱུར་སྐྱེལ་ཀུང་སིས་ཚོང་པ་བདེ་ལེགས་ཀྱིས་དངོས་ཟོག་བསྐུར་པའི་སྐབས་སུ་དངོས་ཟོག་ལ་འགན་སྲུང་དངུལ་སྤྲད་མེད་པས་སྐྱེལ་གླའི་ལྡབ་ལྔ་མ་གཏོགས་སྤྲོད་རྒྱུ་མིན་ཟེར། གཞན་ཚོང་པ་བདེ་ལེགས་ལ་གྱོང་གུད་ཚབས་ཆེན་ཐེབས་པས། ཀུང་སིས་དམིགས་གསལ་གྱིས་ཚོང་པ་བདེ་ལེགས་ལ་སྐྱེལ་གླའི་ལྡབ་10ཡི་སྐྱིན་ཚབ་སྤྲོད་རྒྱུ་ཡིན་ཟེར། མདོར་དེད་ན་སྒོར་1000རེད། དེ་ཡིས་ཚོང་པ་བདེ་ལེགས་ཀྱི་ཡིད་མི་ཚིམ་མི་སྲིད།
        ཕྱོགས་གཉིས་ཀྱིས་ཟླ་གསུམ་ཙམ་ལ་ཁ་བརྡ་བྱས་པ་བརྒྱུད། ཟླ་11པའི་ཚེས་30ཉིན། ཆོན་ཧྥུང་མྱུར་སྐྱེལ་ཀུང་སིའི་བདག་གཉེར་བ་ཀའོ་གྲོས་འཐད་ཡོང་པ་བརྒྱུད་མངགས་གཏོང་ཁང་ལ་གྱོད་དོན་ཡར་ཞུ་བྱས། ཟི་ལང་ཉེན་རྟོག་པས་མྱུར་དུ་ཆེད་དོན་ཚན་ཆུང་བཙུགས། ཟི་ལིང་དང་ཁྲེན་ཏུའུ་ཕྱོགས་གཉིས་ནས་བརྟག་དཔྱད་བྱས་པ་ན། ཉེན་རྟོག་པས་དོན་དག་དེ་ནི་རྐུ་ཁྱེར་དོན་རྐྱེན་ཞིག་ཡིན་པ་རྩད་ཆོད། མྱུར་སྐྱེལ་ཀུང་སི་གཞན་པ་ཞིག་གི་ལས་བཟོ་བ་གསུམ་གྱིས་རྐུ་ཁྱེར་བྱས་པ་ཡིན་འདུག དམིགས་སྔར། དོག་གཞི་ཉེས་ཅན་གསུམ་པོ་བདག་གཉེར་བྱས་ཡོད་པ་དང་། གློག་ཀླད་དྲུག་པོའང་ཕྱིར་ལེན་ཐུབ་པ་བྱུང་ཡོད་པས། ཚོང་པ་བདེ་ལེགས་ཀྱི་གྱོང་གུད་སེལ་ཐུབ་པ་བྱུང་སོང་།

ཁྲིམས་རྩོད་པའི་དཔྱད་གཏམ།
        (སྦྲག་སྲིད་བཅའ་ཁྲིམས)ཀྱི་ནང་དུ། སྲུང་དངུལ་སྤྲད་མེད་པའི་ཅ་ལག་བོར་བརླག་བྱུང་པའམ་ཆག་གྲུམ་བྱུང་པ། ཆད་ལྷག་བྱུང་ཚེ། སྐྱིན་དངུལ་ནི་བསྐུར་གླའི་ལྡབ་གསུམ་ལས་བརྒལ་མི་ཆོག འོན་ཀྱང་ཁྲིམས་འདི་ནི་མྱུར་སྐྱེལ་ཁེ་ལས་ཀྱིས་བེད་སྤྱད་མི་ཆོག བཅའ་ཁྲིམས་ལྟར་ན། མྱུར་སྐྱེལ་ཀུང་སི་དང་མགྲོན་པོ་གཉིས་ནི་གན་རྒྱའི་འབྲེལ་བ་ཡིན་པས། མྱུར་སྐུལ་ཀུང་སིས་དངོས་ཟོག་བདེ་འཇགས་ལ་འགན་འཁུར་དགོས་པའི་འོས་འགན་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་པའི་གོ་རིམ་ཁྲོད། དངོས་ཟོག་ལ་ཆག་སྐྱོན་སོགས་བྱུང་ཚེ། མྱུར་སྐྱེལ་ཀུང་སིས་སྐྱིན་ཚབ་སྤྲོད་དགོས། འཛད་སྤྱོད་པས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད། གཤམ་གྱི་གནས་ཚུལ་དག་ལ་མཉམ་འཇོག་བྱ་དགོས།
1.ཅ་ལག་བསྐུར་པའི་སྐབས་སུ་མྱུར་སྐྱེལ་ཀུང་སི་ཆེན་པོ་དང་མིང་གྲགས་ཡོད་པ་བདམས་ན་བཟང་། དེང་སང་མྱུར་སྐྱེལ་ཀུང་སི་འདྲ་མིན་སྣ་ཚོགས་ཡོད་པས། ཀུང་སི་ཆུང་ཆུང་ལ་ཡིད་ཆེས་ཆེན་པོ་བྱེད་མི་རུང་ལ་རང་གི་བདག་དབང་ཡང་སྲུང་དཀའ།
2.འཛིན་ཤོག་འབྲི་བའི་སྐབས་དངོས་ཟོག་གལ་ཆེན་ལ་སྲུང་དངུལ་སྤྲད་ན་འགྲིག སྒོར་མོ་གྲོན་ཆུང་བྱ་ཆེད་དངོས་ཟོག་གི་གྲངས་ཀ་ཉུང་འབྲི་མི་བྱེད་པར། རིན་གོང་དང་སྲུང་དངུལ་གྱི་ཁ་གྲངས་སོགས་གསལ་པོ་འབྲི་དགོས། ད་དུང་འཛིན་ཤོག་གི་དོན་ཚན་རེ་རེར་ཞིབ་ལྟ་བྱ་དགོས།
3.དངོས་ཟོག་ལེན་པའི་སྐབས། ཐོག་མར་ཅ་ལག་ལ་ལྟ་ཞིབ་བྱེད་ཅི་ཐུབ་བྱ་དགོས། ལྷག་པར་དངོས་ཟོག་རྩ་ཆེན་ཡིན་ཚེ། ངེས་པར་ཏུ་སྔོན་ལ་ལྟ་ཞིབ་བྱ་དགོས། གལ་ཏེ་ཐོག་མར་ལྟ་ཞིབ་བྱེད་མ་ཐུབ་ཚེ། ངེས་པར་མྱུར་སྐྱེལ་མཁན་དང་མཉམ་པོར་བལྟ་དགོས། མིང་རྟགས་འགོད་པའི་ངོས་འཛིན་གྱི་སྤྱོད་པ་དེ་ལ་ཁྲིམས་ལུགས་ཀྱི་ནུས་པ་ཡོད་པས་གཟབ་ནན་བྱ་དགོས།
4.འཛིན་ཤོག་ལ་བདག་གཉེར་ཡག་པོ་བྱ་དགོས། མྱུར་སྐྱེལ་ཀུང་སི་དང་འབྲེལ་བ་ཡོད་པའི་དངོས་ཟོག་བསྐུར་ཐབས་དང་ས་ཆ། དུས་ཚོད་སོགས་ཀྱི་བདེན་དཔང་། གལ་ཏེ་དངོས་ཟོག་སྐྱེལ་ཡུན་འགོར་བའམ་དངོས་ཟོག་ལ་ཆག་སྐྱོན་སོགས་བྱུང་ཚེ། རང་གི་ལག་ན་ཡོད་པའི་དཔང་ཡིག་ལ་བརྟེན་ནས་མྱུར་སྐྱེལ་ཀུང་སིར་སྐྱིན་ཚབ་འཇལ་དུ་བཅུག་ཆོག དེ་མིན་མི་དམངས་ཁྲིམས་ཁང་སོགས་ལ་གཏུག་བཤེར་བྱས་ནས་རང་གི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆོག
5.དུས་ཚོད་ཐུང་ངའི་ནང་རང་ཉིད་ཀྱི་ཁེ་དབང་སྲུང་དགོས། གལ་ཏེ་དངོས་ཟོག་ལ་ཆག་སྐྱོན་སོགས་བྱུང་ཚེ། དེ་མ་ཐག་བཟོ་ཚོང་སྡེ་ཁག་གམ་ཉེན་རྟོག་ཁང་ལ་གཏུག་དགོས། ནུས་པ་ཡོད་དགུས་རང་གི་གྱོང་གུད་ཇེ་ཆུང་དུ་གཏང་དགོས།

ཁྲིམས་ཀྱི་འབྲེལ་ཐག
(སྦྲག་སྲིད་ཀྱི་ཁྲིམས་ལུགས)
དོན་ཚན་ཞེ་དྲུག་པ། སྦྲག་སྲིད་ཁེ་ལས་ཀྱི་གནད་དོན་ཡིན་པ་ཕུད། སྦྲག་སྲིད་ཁེ་ལས་ཀྱིས་སྤྱིར་བཏང་གི་དངོས་ཟོག་ཆག་སྐྱོན་ཤོར་བར་འགན་ཅི་ཡང་མི་འཁུར།
དོན་ཚན་ཞེ་བདུན་པ། སྦྲག་སྲིད་ཁེ་ལས་ཀྱིས་སྦྲག་རྫས་ལ་སྐྱིན་ཚབ་སྤྲོད་པའི་ཆེད་དོན།
(1)སྲུང་དངུལ་སྤྲད་ཡོད་པའི་དངོས་རྫས་བོར་བརླག་བྱུང་པའམ་ཆག་སྐྱོན་ཤོར་ཡོད་ཚེ། སྲུང་དངུལ་དང་དངོས་ཟོག་གི་རིན་གོང་བསྡུར་ཚད་ལྟར་དངོས་སྐྱིན་ཚབ་སྤྲོད་དགོས།

(2)སྲུང་དངུལ་སྤྲད་མེད་པའི་དངོས་རྫས་བོར་བརླག་བྱུང་པའམ་ཆག་སྐྱོན་ཤོར་ཡོད་ཚེ། སྐྱིན་ཚབ་ཀྱི་རིན་གོང་ནི་དངོས་ཟོག་བསྐུར་གླ་ཡི་ལྡབ་གསུམ་ལས་བརྒལ་མི་རུང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1