མཐའ་འཁོབ་གྲོང་སྡེ་ལ་ཕྱུར་འགྱུར་གྱི་མེ་ཏོག་བཞད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-20


མཐའ་འཁོབ་གྲོང་སྡེ་ལ་ཕྱུར་འགྱུར་གྱི་མེ་ཏོག་བཞད།

    ཉེ་ཆར། གསར་འགོད་པས་ཕྱག་ཕྲེང་རྫོང་དུ་བཅར་འདྲི་བྱེད་སྐབས།ལས་བྱེད་པ་དང་མང་ཚོགས་མི་ཉུང་བ་ཞིག་གི་གསར་བ་ཡུལ་ཤོག་ནགས་ནང་དགོན་གྲོང་སྡེ་རུ2017ལོར་འགྱིག་སྣུམ་གཞུང་ལམ་ཤར་གཏོང་ཐུབ་པ་ནས་བཟུང་གྲོང་སྡེ་དེར་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད།འདི་ནི་དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་འབྲས་བུ་རེད་ཅེས་པའི་སྐད་ཆ་དེ་རྣ་ལམ་དུ་ཐོས་པ་ཡིན།

    ལམ་ནི་ཀླད་པའི་ནང་ལ་ཡོད།དེས་འདས་ད་མ་འོང་གསུམ་ལ་འབྲེལ་མཐུད་བྱེད་ཐུབ།ལམ་ནི་རྐང་འོག་ཏུ་ཡོད།དེས་ཐོན་སྐྱེད་དང་འཚོ་བ།བསམ་བློ་བཅས་ལ་འགྱུར་ལྡོག་གཏོང་ཐུབ།འགྲིམ་འགྲུལ་ནི་དུས་རབས་འཕེལ་རྒྱས་ཀྱི་ཐོ་འགོད་ཡོ་བྱད་ཅིག་ཡིན་ལ་སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་ཡོ་བྱད་ཅིག་ཀྱང་ཡིན་པར་བརྟེན།གསར་འགོད་པས་ནགས་ནང་དགོན་གྲོང་སྡེས་གཞུང་ལམ་ལ་བརྟེན་ནས་འགྱུར་ལྡོག་བཏང་བའི་གཏམ་རྒྱུད་ལ་མི་རྣམས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱེད་དོན་གང་ཡིན་ནམ།སྡེ་བ་འདིར་དོན་དངོས་སུ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་ཡོད་པ་སོགས་དོགས་གཞི་བཅངས་ནས་ཡུལ་དངོས་སུ་བཅར་འདྲི་བྱེད་སར་སོང་བ་ཡིན།

 ཁམ་བུ་མེ་ཏོག་ལྡུམ་རའི་ནང་གི་མཐོས་ཐོས།

 ཕྱག་ཕྲེང་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་ཤོར་ཆུའི་ཆུ་བརྒྱུད་དེད་ནས་ཤར་དུ་བསྐྱོད་པའི་ལམ་བར་དུ་བོད་ཁང་དཀར་པོ་དང་སྔོ་ལྗང་ལོ་ཏོག་གི་མཛེས་སྡུག་རྣམ་པས་ཀུན་ནས་བཀྲ། སྤྱི་ལེ20ཙམ་ལ་བསྐྱོད་རྗེས་གསར་བ་ཡུལ་ཤོག་སྲིད་གཞུང་གནས་ཡུལ་དུ་སླེབས་ཤིང་། གསར་བ་ཡུལ་ཤོག་ནས་ནགས་ནང་དགོན་གྲོང་སྡེའི་བར་གྱི་ལམ་ཐག་སྤྱི་ལེ16གི་ཕྱེད་ཀ་ནི་ཆུ་བོ་འབབ་རྒྱུད་དང་གཤིབས་ཤིང་།ཕྱེད་ཀ་ནི་རི་ཁུག་གྲོག་རོང་བརྒྱུད་པས་གྲོང་སྡེ་དེར་འགྲོ་ས་ནི་འདི་འདྲའི་ལས་སླ་པོ་དང་སྟབས་བདེ་པོ་ཞིག་མ་རེད།

  ནགས་ནང་དགོན་ཞེས་པ་འདི་བོད་སྐད་དུ་ནགས་ཚལ་སྟུག་པོའི་ཁྲོད་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་གཅིག་བཞེངས་ཡོད་པའི་རྒྱུ་མཚན་དུ་བྱས་ནས་དེ་ལྟར་མིང་དུ་བཏགས་པ་ཡིན་ཞིང་། གྲོང་སྡེ་ཆགས་ཡུལ་དུ་མཚོ་འཕགས་སྨི3800ཙམ་ཡོད་པས་དགུན་ཁར་སད་དང་དབྱར་ཁར་ཚ་གདུག་ཧ་ཅང་ཆེ་བའི་ཞིང་མ་འབྲོག་གི་ས་ཁུལ་ཞིག་ཡིན་པ་རེད། ས་གནས་དེ་གར་ནས་དང་ཞོག་ཁོག ཡུང་མ་སོགས་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་དང་དབྱར་རྩྭ་དགུན་འབུ། བེ་ཤ། སྨན་རྩྭ་སོགས་རི་སྐྱེས་ཐོན་ཁུངས་མང་བས་མ་ཚད་བྱ་དང་ཕག་གསོ་བ་དང་།རྟ་ནོར་ལུག་གསུམ་འཚོ་བ་བཅས་ཀྱི་སྲོལ་རྒྱུན་ལས་རིགས་དར་ཡོད། ས་བབ་འོས་འཚམ་དང་སྐྱེ་ཁམས་བཟང་བའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ཏེ་ལོ་ཤས་གོང་ལ་པར་མཁས་ཞིག་གིས་ནགས་ནང་དགོན་གྲོང་སྡེར་འདྲ་བའི་རྒྱུ་མཚན་གྱི་ཆ་ནས་གནམ་གྲོང་ཞེས་མིང་བཏགས་པ་རེད།

  མཛེས་ལྗོངས་ལ་ལྟ་སའི་སྟེགས་བུ་ནས་གྲོང་སྡེའི་ཕྱོགས་སུ་སྐྱོད་སྐབས་གྲལ་སྟར་འགྲིག་པའི་བོད་ཁང་རེ་རེ་བཞིན་མིག་ལམ་དུ་འཆར་ཞིང་། བོད་ཁང་ཚང་མར་ཁེར་རྐྱང་གི་སྒོ་ར་ཡོད་པ་དང་། སྒོ་རའི་གྱང་ངོས་སུ་འབུད་ཤིང་གྲལ་འགྲིག་པོ་སྤུངས་ཡོད་པ་དང་གྱང་འགྲམ་དུ་མེ་ཏོག་གི་སྟེགས་བུ་བསྐྲུན་འདུག་པས་མ་ཚད་ལ་ལའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེངས་ཡོད་པར་མཐོང་བྱུང་། གྲོང་འདབས་སུ་སླེབས་སྐབས་འགྱིག་སྣུམ་གཞུང་ལམ་དུད་སྦྲེལ་ལམ་དུ་གྱུར་ནས་འགྲོ་ལམ་གཙང་ལ་གྲལ་འགྲིག་པ་དང་ལམ་འགྲམ་དུ་ཉི་ནུས་ལམ་སྒྲོན་དང་། གློག་མིག ཚོང་ཁང་། ཚལ་ཞིང་། མེ་ཏོག་དང་རྩི་ཤིང་། སྤྱི་པའི་གསང་སྤྱོད་ཁང་བཅས་ཡོད་འདུག གྲོང་སྡེ་དཀྱིལ་གྱི་ཐང་ཆེན་དུ་མི་མང་འཛོམས་ནས་ལ་ལ་ནི་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་ཡིན་པ་དང་ལ་ལ་ནི་ཡུལ་དེ་གའི་གྲོང་མི་ཡིན་པ། ལ་ལས་མཛེས་ལྗོངས་ཀྱི་འདྲ་པར་རྒྱག་བཞིན་པ་རེད།

གནས་ཚུལ་འདི་དག་མཐོང་རྗེས་གསར་འགོད་པས་མཉམ་དུ་འགྲོ་མཁན་གསར་བ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ནགས་ནང་དགོན་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེང་པའི་ཚེ་དབང་རིག་འཛིན་ལ་ཁྱོད་ཚོ་དེ་སྔར་དབུལ་ཕོངས་གྲོང་སྡེ་ཡིན་ནམ་ཞེས་འདྲི་དུས་ཁོང་གིས་ད་ལྟའི་ཁོར་ཡུག་ལེགས་པ་དང་རྨང་གཞི་ཡག་པ། དམངས་སྲོལ་ལེགས་པ་བཅས་ལ་ལྟ་མི་རུང་། ལམ་མ་བསྐྲུན་གོང་ནགས་ནང་དགོན་གྲོང་སྡེ་ནི་ཚོ་པ་ཆུང་ཆུང་ཞིག་ཡིན་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡག་པོ་མེད་སྟབས་ཐོན་སྐྱེད་དང་འཚོ་བ། དངོས་པོའི་ཆ་རྐྱེན། རིག་གནས་ཆ་རྐྱེན་སོགས་གང་ཅིའི་ཐད་ཧ་ཅང་ཞན་པོ་ཡིན་པ་རེད་ཅེས་བཤད།

    ལོ་ན76ལ་སོན་པའི་གཡང་སྒྲོན་ནི་མི་རབས་ནས་མི་རབས་བར་ནགས་ནང་དགོན་གྲོང་སྡེར་འཚོ་བ་རོལ་ནས་བསྡད་པ་རེད། ལོ16གི་སྔོན་དུ་ཁོ་མོས་གྲོང་སྡེ་ཕྱི་རོལ་གྱི་གནས་ཚུལ་གང་ཡང་ཤེས་ཀྱིན་མེད། ཁོ་མོས་གཞུང་ལམ་མ་བསྐྲུན་སྔོན་གྱི་ལམ་ནི་ར་རྒྱུ་འདྲ་བོ་ཕྲ་ཞིང་དོག་པས་འགྲོ་མི་བདེ་བ་ཞིག་ཡིན་ཞིང་། གྲོང་མི་ཚོས་གནད་དོན་གལ་ཆེན་མེད་ཚེ་ཕྱི་རོལ་ལ་ཕལ་ཆེར་འགྲོ་སྲོལ་ཡོད་ལེ་མ་རེད། དགོས་མཁོ་ཆེ་བའི་བཟའ་ཆས་དང་གྱོན་ཆས། སྤྱོད་ཆས་སོགས་ཕལ་ཆེར་གྲོང་སྡེ་ནས་ཐོན་སྐྱེད་བྱེད་ཀྱི་ཡོད། གྲོང་སྡེའི་ནང་ལོ་ལྟར་མི་སྣ་སྒྲིག་འཛུགས་བྱས་ནས་ཚྭ་དང་མངར་ཆ། རས་སོགས་ཀྱི་མཁོ་ཆས་གཅིག་བསྡུས་བྱས་ནས་ཉོ་དུས་ལམ་མི་བདེ་བའི་རྐྱེན་གྱིས་མིས་འཁུར་རྟར་བཀལ་ནས་རི་ཐོག་ལ་འདྲེན་དགོས་པ་རེད། སྐབས་འགར་ལམ་དུ་འགྱེལ་ནས་རྨས་སྐྱོན་ཕོག་པ་དང་སྐབས་འགར་རི་དྭགས་དྲེད་མོང་སོགས་དང་ཐུག་བའི་ཉེན་ཁ་ཡང་ཆེ། ང་ཐེངས་དང་པོ་ཡུལ་ཤོག་སྲིད་གཞུང་དུ་འགྲོ་དུས་ལོ16ཙམ་ལས་མེད་པས་སྐབས་དེར་ནགས་ཚལ་ནང་ཕར་འགྲོ་ཚུར་འོང་བྱས་ནས་ཉིན་ཕྱེད་ཙམ་སོང་རྗེས་གཞི་ནས་ཡུལ་ཤོག་སྲིད་གཞུང་དུ་སླེབས་ཐུབ་པ་རེད། སྐབས་དེར་མི་སུ་ཞིག་གིས་ཀྱང་འདི་ན་གཞུང་ལམ་འདི་འདྲ་ཞིག་བསྐྲུན་ཐུབ་པ་ནི་སེམས་ལའང་དྲན་མ་མྱོང་ཞེས་བཤད།

    འགྲིམ་འགྲུལ་མི་བདེ་བའི་དབང་གིས་ནགས་ནང་དགོན་གྲོང་སྡེའི་ཤ་མོ་དང་སྨན་རྩྭ། མར་སོགས་ཡུལ་ཐོན་ཁྱད་རྫས་འཚོང་ཐབས་བྲལ་བས་ཉལ་ཆས་དང་། ལྷམ་སོགས་ནང་མི་ཁ་ཤས་ལས་མེད་པས་མཉམ་སྤྱོད་བྱེད་དགོས་པ་དང་། ཁང་པ་ཉམས་གསོ་བྱེད་སྐབས་ཀྱང་ས་ཆ་དེ་གར་ཡོད་པའི་རྡོ་ནག་དང་ས་མྱགས་སྤྱོད་དགོས་པ་ལས་ཐབས་གཞན་མེད་ཅིང་། གྲོང་སྡེའི་ལོ་ན35ཡན་གྱི་མི་ཚང་མ་ཧ་ལམ་སློབ་གྲྭར་འགྲོ་མྱོང་མེད། གྲོང་མི་ལ་ནད་བྱུང་ན་རྩྭ་སྨན་སྐོལ་བ་དང་ནད་ཚབས་ཆེན་བྱུང་ན་ལས་དབང་ལ་ཆ་བཞག་ན་མ་གཏོགས་ཐབས་གཞན་ཡོད་པ་མ་རེད། འདི་ནའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པ། དུས་རྒྱུན་ཁྱིམ་མཚེས་བར་བྱ་བ་ཆུང་ཆུང་གི་དོན་དུ་རྩོད་པ་རྒྱག་པ་དང་ཆང་འཐུང་རྒྱན་འཇོག་པ། ཡར་རྒྱས་བརྩོན་ལེན་མེད་པ། ཟ་རྒྱུར་དགའ་ཞིང་སྒྱིད་ལུག་བྱེད་པ་སོགས་གནས་ཚུལ་ཧ་ཅང་མང་བ་རེད།

མཐའ་འཁོབ་གྲོང་སྡེ་ལ་ཕྱུར་འགྱུར་གྱི་མེ་ཏོག་བཞད།

བདེ་སྐྱིད་ཕུན་སུམ་ཚོགས་པའི་ཤམ་བྷ་ལ་ལྟ་བུར་གྱུར་པའི་ཡིད་སྨོན་བྱེད།

    རི་བོ་ཆེན་པོ་དེས་ནགས་ནང་དགོན་གྲོང་སྡེའི་འཕེལ་རྒྱས་ལ་བཀག་འགོག་བྱས་མོད། འོན་ཀྱང་གྲོང་སྡེ་དེར་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྤྲད་ཡོད་ཅིང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་རི་སྐྱེས་ཤ་མོའི་རིགས། གདོད་མའི་སྐྱེ་ཁམས་ཀྱི་ཞིང་འབྲོག་ཐོན་རྫས་སོགས་ས་བབ་ལེགས་ཆར་བརྟེན་ནས་གྲོང་སྡེ་དེའི་ཐོན་ཁུངས་དགེ་མཚན་དེ་ཐོན་ལས་དགེ་མཚན་ཅན་དུ་བསྒྱུར་བའི་གོ་སྐབས་ཡོད་པ་རེད།

   ཚེ་དབང་རིག་འཛིན་གྱིས་གསར་འགོད་པར་ཤམ་བྷ་ལའི་མཚེའུ་བདུན་གྱི་མཛེས་ལྗོངས་ཁུལ་ནི་རི་མཐོའི་འཁྱགས་ཀླུང་མཚེའུ་དང་རྦབ་ཆུའི་ཆུ་ཕྲན། གངས་རི་དང་སྤང་ལྗོངས། དགོན་སྡེའི་གྲོང་ཚོ། རྡོ་དང་ལྗོན་པ་མཚར་པོ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པ་སོགས་ལས་གྲུབ་ཡོད་ཅེས་བཤད།

   མཛེས་ལྗོངས་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་མཚེའུ་བདུན་ནི་སྐས་རིམ་བདུན་གྱི་གྲལ་སྟར་སྒྲིག་པའི་འཁྱགས་རོམ་གྱི་འབུར་ལེན་མཚེའུ་དང་སྲིད་པའི་འཁྱགས་ཀླུང་ཡིན་པ་དང་། དེའི་གྲུབ་རྐྱེན་དང་རྣམ་པ་ཧ་ཅང་མཐོང་དཀོན་པ་ཡིན་ཞིང་། དེ་ལ་ཚན་རིག་རྟོག་ཞིབ་ཀྱི་རིན་ཐང་ཅུང་ཆེན་པོ་ཡོད་པ་རེད། མཛེས་ལྗོངས་ཁུལ་ནས་སྤྱི་ལེ10ཙམ་ཡོད་པའི་ནགས་ནང་དགོན་གྲོང་སྡེ་ནི་ཤམ་བྷ་ལ་མཚེའུ་བདུན་མཛེས་ལྗོངས་ཁུལ་དུ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། 2007ལོར་ས་གནས་དེ་གའི་སྲིད་གཞུང་གིས་ཤམ་བྷ་ལ་མཛེས་ལྗོངས་ཁུལ་གསར་སྦོལ་བྱ་ཆེད། གཞུང་ལམ་ཐབས་ཆག་ཞིག་ནགས་ནང་དགོན་གྲོང་སྡེར་བསྐྲུན་ཡོད། གཞུང་ལམ་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར་གྲོང་སྡེར་སླར་ཡང་གློག་ཤར་གཏོང་ཐུབ་པ་དང་ལག་ཁྱེར་ཁ་པར་གྱི་བརྡ་རྟགས་མཐོ་ལྕོག་ཀྱང་བསྐྲུན་ཡོད། གྲོང་མི་ཚོས་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་དེ་བས་མང་བ་དང་བསམ་བློའི་ཐད་ལའང་འགྱུར་ལྡོག་བྱུང་ནས་གྲོང་མི་མི་ཉུང་བ་ཞིག་གིས་ལག་རྩལ་སྦྱོང་བ་དང་གླ་རྒྱག་སར་འགྲོ་བཞིན་ཡོད། འགྲིམ་འགྲུལ་ལེགས་སུ་ཕྱིན་རྗེས་ནང་སའི་ཤིང་འབྲས་དང་། སྔོ་ཚལ། རྒྱུན་མཁོའི་མཁོ་ཆས་སོགས་དང་དེ་བཞིན་གྱོན་ཆས་དང་། བརྙན་འཕྲིན། རླངས་འཁོར་སོགས་གཅིག་རྗེས་གཉིས་མཐུད་ངང་ནགས་ནང་དགོན་གྲོང་སྡེར་བསྐྱལ་ཡོད། གྲོང་སྡེའི་ནང་གི་ཤ་མོ་དང་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་ཟོག་ཀྱང་ས་ཁུག་ལུང་སྟོང་ནས་ཕྱི་རོལ་དུ་ཚོང་འདྲེན་ཐུབ་པ་རེད་ཅེས་བཤད་པ་རེད།

   2014ལོར་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ནགས་ནང་དགོན་གྲོང་སྡེ་ཡང་དབུལ་ཕོངས་གྲོང་སྡེར་བདམས་ཡོད་པས་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་བཞིན་པ་རེད།

   ཚེ་དབང་རིག་འཛིན་གྱིས་གསར་འགོད་པར་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སྲིད་གཞུང་གིས་ནགས་ནང་དགོན་གྲོང་སྡེའི་གྲོང་བགྲོད་གཞུང་ལམ་དེ་འགྱིག་སྣུམ་གཞུང་ལམ་དུ་བསྒྱུར་རྒྱུའི་འཆར་འགོད་བྱས་ཡོད། 2017ལོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་གྲོང་སྡེ་དེ་ནས་གསར་བ་ཡུལ་ཤོག་གི་བར་དུ་སྐར་མ20ལྷག་ཙམ་ལས་འགོར་མི་དགོས་པར་མ་ཟད་གཞུང་ལམ་གྱི་ལྗིད་ཐེབས་ནུས་པ་དང་བདེ་འཇགས་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད། གྲོང་བགྲོད་གཞུང་ལམ་བསྐྲུན་རྗེས་གྲོང་སྡེ་དེ་སླར་ཡང་དབུལ་སྐྱོར་ལས་གཞི་དང་དབུལ་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་པར་བརྒྱུད་ནས། ཡོད་པ་ལྔའི་དམིགས་ཚད་མགྱོགས་མྱུར་དུ་མངོན་འགྱུར་བྱུང་བ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས། གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་མགྱོགས་མྱུར་དུ་བཅིངས་འགྲོལ་བཏང་བ་དང་ཕྱུག་འགྱུར་གྱི་སྤྲོ་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཀྱང་སྐབས་དང་བསྟུན་ནས་གྲོང་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་བ་དང་། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དཔེ་སྟོན་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིགས་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་པས་གྲོང་སྡེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཕེལ་རྒྱས་གོམ་སྟབས་སྔར་བས་གཅིག་གྱུར་བྱུང་ཡོད། དབུལ་སྐྱོར་སྲིད་ཇུས་དང་རང་ངོས་འབད་བརྩོན་གྱི་ཐུན་མོང་གི་ནུས་པའི་འོག་གཞི་ནས་གསར་འགོད་པས་དུས་དང་རྣམ་པ་ཀུན་ཏུ་མཐོང་བའི་ལྷིང་འཇགས་འཆམ་མཐུན་དང་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་ཞིག་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཚེ་དབང་རིག་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནས་བཟུང་ལོ་ལྟར་ཡུལ་སྐོར་བ3000ཙམ་ནགས་ནང་དགོན་གྲོང་སྡེར་བརྒྱུད་ནས་ཤམ་བྷ་ལ་མཚེའུ་བདུན་གྱི་མཛེས་ལྗོངས་ཁུལ་དུ་སྐྱོད་ཀྱི་ཡོད། 2017ལོར་མཚེའུ་བདུན་ལ་ཡུལ་སྐོར་དུ་སྐྱོད་པ་དང་ནགས་ནང་གྲོང་དུ་སྡོད་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད། 2018ལོར་ཡུལ་སྐོར་མཛེས་ལྗོངས་བསྐྲུན་པ་དང་། མིག་སྔར་ཡུལ་སྐོར་སྣེ་ལེན་བྱེད་སའི་ཞིང་ཁྱིམ་མགྲོན་ཁང་གཏོད་རྒྱུར་བརྩོན་ལེན་བྱས་དང་བྱེད་བཞིན་པ་རེད།

རྨང་གཞིའི་ཆ་རྐྱེན་འཛོམས་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་ཡོད་ཅིང་། ནགས་ནང་དགོན་གྲོང་མི་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། “ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཡུན་རིང་མ་སོང་བར་ནགས་ནང་དགོན་གྲོང་སྡེ་དེ《ཤམ་བྷ་ལ་རྒྱང་ཐག་རིང་པོ་མེད་པ》ཞེས་པའི་གླུ་གཞས་ནང་བརྗོད་པ་ལྟར་བདེ་སྐྱིད་དང་འབྱོར་ཕྱུག་ལྡན་པའི་ཤམ་བྷ་ལའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1