༄༅།། རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་།

རྩོམ་སྒྲིག་པ།ཡོང་ཁུངས།ཡོངས་འཛིན། སྤེལ་དུས། 11-20




             1 ངོ་སྤྲོད།
             རྙེ་དགོན་པ་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ངམ་ཡོངས་གྲགས་སུ་རྙེ་དགོན་པའམ་ཀླུ་ཚང་དགོན་ཞེས་གྲགས་པ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ནས་ནུབ་བྱང་དུ་སྤྱི་ལེ་བཞི་ཙམ་གྱི་སར་ཆགས་ཡོད་ཅིང་། དགོན་པ་འདི་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ཞིག་མེད་ནའང་བསྟན་པ་ཡང་དར་གྱི་སྐབས་སུ་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་དར་བས་ད་ལྟ་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པ་ཤིན་ཏུ་ཆེ་བའི་དགེ་ལུགས་པའི་དགོན་པ་ཞིག་ཏུ་གྱུར་ཡོད།
             དགོན་པ་འདི་ནི་རྙེ་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་གང་དེའི་ཡང་སྤྲུལ་རྙེ་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་ཉི་མ་དང་། ཁོང་གི་ཕུ་བོ་ཀླུ་རྩེ་རིན་པོ་ཆེ་གཉིས་ཀྱིས་ཀླུ་ཚང་གིས་ལྷ་སྡེ་མི་སྡེ་ཀུན་གྱིས་འདོད་མོས་བཞིན་རབ་བྱུང་བཅོ་ལྔ་བའི་ས་མོ་གླང་སྟེ་སྤྱི་ལོ1889ལོར་ཕྱག་འདེབས་གནང་སྟེ་འདུ་ཁང་ཀ་རིང་བཞི་ཅན་གྱན་ཉེར་ལྔ་དྲི་གཙང་ཁང་དང་བཅས་པ་བཞེངས།དགའ་ལྡན་བཀྲ་ཤིས་འབྱུང་གནས་ཕྱག་ལེན་ཇི་ལྟ་བུར་རྒྱུན་ཇ་དང་གཞི་གསུམ་གྱི་ཉམས་ལེན་དང་། དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་རྒྱུད་པའི་ཕྱག་ལེན་ལྟར་དཔྱིད་སྟོན་གྱི་སྒྲུབ་མཆོད་དང་ལྕགས་མཁར་ཟུར་དགུ་བ་སོགས་བཙུགས།
             རྭ་རྒྱ་བཀྲ་ཤིས་འབྱུང་གནས་ནས་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་བྱམས་པ་བཟང་པོ་དང་ཁོང་གི་སྐུ་མཆེད་རྒྱུད་པའི་བྱིངས་འདྲེན་གཉིས་ཀ་གདན་དྲངས། མཁས་གྲུབ་བྱམས་པ་བཟང་པོས་མདོ་སྔགས་ཀྱི་ཆོས་བཀའ་མང་བོ་དང་། ཁྱད་པར་དུ་ལམ་ཁྲིད་བདེ་ལམ་ཚར་དྲུག་ཅུར་ཉེ་བ་གསུངས་ཏེ་རྩོད་གྲྭའི་དབུ་ཡང་འཛུགས་པར་མཛད། སྐུ་མཆེད་རྒྱུད་པའི་བྱིང་འདྲེན་གྱིས་དབྱངས་རྟ་ས་གསུམ་སོགས་ཕྱག་བཞེས་ཐམས་ཅད་གྲ་མ་ཉམས་པ་རྒྱུད་པ་ལྟར་བཙུགས། 
             རྙེ་དཔོན་སློབ་སྐུ་ཕྲེང་ལྔ་བ་མཁས་གྲུབ་བསྟན་འཛིན་གྱིས་དྷིཿ ཚའི་དགེ་བཤེས་ཆེན་པོ་ལྷ་སྡེ་ཡེ་ཤེས་རྒྱ་མཚོ་དང་། རྗེ་དེའི་ཐུགས་སྲས་སྟོང་ཆོས་གྲགས་པ་རྒྱ་མཚོ་ཚང་གདན་དྲངས་ནས་དབང་ལུང་རྗེས་གསུམ་མང་དུ་གནང་། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཡིག་ཆ་གཞིར་བཟུང་ནས་གཞུང་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་བཞིའི་འཆད་ཉན་བཙུགས་ཏེ་ཕྱོགས་འདིར་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། 
             དགེ་བཤེས་ཆེན་པོ་ལྷ་སྡེ་ཡེ་ཤེས་རྒྱ་མཚོ་དང་། དེའི་ཐུགས་སྲས་སྟོང་ཆོས་གྲགས་པ་རྒྱ་མཚོ་དང་ར་ཟའི་ཕུན་ཚོགས་སོགས་ཀྱིས་ཚུལ་བཞིན་དུ་སྐྱོང་བར་མཛད་པས་མཁས་གྲུབ་ཆེན་པོ་ཆོས་རྗེ་རིན་པོ་ཆེ་དང་། གྲུབ་པའི་དབང་ཕྱུག་བློ་བཟང་འོད་ཟེར། རྒྱལ་མཚན་འཛིན་པ་འཇམ་དབྱངས་འཕྲིན་ལས་སོགས་དང་། ལུང་རིགས་ཀྱིས་ཐུགས་རྒྱུད་ཕྱུག་པ་ཕྱུག་སྐོར་བསྟན་དར། མང་དུ་ཐོས་པ་ཁ་ཀྱའི་ཐབས་མཁས། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་ཆེན་པོ་ཆོས་རྗེ་རིན་པོ་ཆེ། རིགས་པའི་དབང་ཕྱུག་སུ་སྐོར་དགེ་འདུན་རྒྱ་མཚོ་སོགས་རིགས་ལུང་ལ་བྱང་ཆུབ་པའི་དགེ་བཤེས་མང་དུ་བྱུང་། ཆོས་རྗེ་རིན་པོ་ཆེ།འཇའ་མོ་རིན་པོ་ཆེ། སྐུ་འབུམ་དགེ་བཤེས་སོགས་ཁྲི་བ་བླ་མ་བཞིས་རྙེ་དཔོན་སློབ་རིན་པོ་ཆེར་རམ་འདེགས་ནས་ཚུལ་བཞིན་སྐྱོང་བར་མཛད་ཅིང་། ཆོས་སྡེ་འདིར་བདེ་འཇིགས་གཉིས་དང་། ཀུན་རིག་མི་འཁྲུགས་པ་གཉིས་ཏེ་བཞིའི་དཀྱིལ་འཁོར་སྒྲུབ་མཆོད་རྡུལ་མཚོན་དང་བཅས། སེམས་བསྐྱེད་མཆོད་པ་དང་། བཞི་བ་དང་དགུ་བའི་སྨྱུང་གནས། རྒྱལ་ལོའི་སྨོན་ལམ། བཀའ་འགྱུར་དང་། བཟང་སྤྱོད་ཆེན་མོ་བཅས་ཡོད། 
             2 རྟེན་གཙོ།
སྐུ་གསུམ་ཐུགས་རྟེན་གྱི་སྐོར་ལ། སྐྱབས་རྗེ་རྙེ་རིན་པོ་ཆེ་ནས། འདུ་ཁང་སྔ་མ་རྒྱ་བསྐྱེད་དེ་འདུ་ཁང་ཁྱ་ལྡང་མར་གྲགས་པ་དང་། དགེ་རྒན་བྱམས་པ་བཟང་པོས་བཞེངས་པའི་བདེ་མཆོག་སྤྲུལ་བའི་ལྷ་ཁང་དང་། ཆོས་རྗེ་རིན་པོ་ཆེས་བཞེངས་པའི་སྟོང་སྐུའི་ལྷ་ཁང་སོགས་རྙེ་བློ་བཟང་ཆོས་ཀྱི་ཉི་མའི་མ་ཡུམ་གྱི་རྙེད་པའི་དུང་དཀར་དང་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་ཅིང་། རྙེ་ཚང་བླ་བྲང་དུ། ཤིང་བཟའ་བློ་བཟང་ཚུལ་ཁྲིམས་ནས་ཤངས་ཁྲག་གིས་བཞེངས་པའི་མགོན་ཐང་བྱིན་ཅན་བཞུགས།
             3 ལོ་རྒྱུས་བྱུང་འཕེལ།
             སྤྱི་ལོ1959ལོར་དགོན་པ་འདི་ཉིད་ཀྱི་གྲྭ་བ་ལོ་བཅོ་བརྒྱད་ཡན་འཛིན་བཟུང་བྱས་ཤིང་ལོ་བཅོ་བརྒྱད་ལ་མ་ལོན་པ་དག་ལག་རྩལ་སློབ་གྲྭར་སྐྱེལ་ཏེ་ངལ་རྩོལ་བྱེད་དུ་བཅུག་སྟེ་དགོན་པ་གྲོང་བས་བཟུང་། སྤྱི་ལོ1961ཀོས་ནན་རྫོང་ནས་དགོན་པ་གཅིག་སླར་གསོ་བྱེད་དགོས་ཞེས་རྫོང་འདིའི་གྲྭ་བ་བཅུ་དྲུག་ཙམ་འདིར་བསྡུས་ནས་ཞེས་ཨ་ལགས་ཡར་ཁ་དབུ་ཁྲིད་དུ་བསྐོས་ནས་ཞིང་ལས་བྱེད་དུ་བཅུག སྤྱི་ལོ1966ལོར། རིག་གནས་གསར་བརྗེ་ལངས་ཏེ་གྲྭ་བ་དག་བསྐྲད་དེ། ལྷ་རྟེན་ཆོས་གསུམ་རྩ་མེད་དུ་བཏང་། 
             སྤྱི་ལོ1981ལོའི་ཟླ6ཚེས15ལ་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་གི་ཆོས་སྒོ་གསར་དུ་ཕྱེས་ཏེ། སྔོན་གྱི་དགེ་བཤེས་དང་དགེ་སློང་འདུལ་བ་འཛིན་པ་བཅུ་གཉིས་གཞི་བྱས་ནས་ཆོས་སྒོ་ཕྱེས་ཏེ་རྒྱུན་ཇ་མ་ཉམས་པར་བསྐྱངས། སྔོན་རྙེ་དཔོན་སློབ་མཁའ་གྲུབ་བསྟན་འཛིན་གྱི་ཞལ་ཆེམས་བཞིན་ཆོས་རྗེ་རིན་པོ་ཆེས་སྔོན་གྱི་གྲོང་ཆོག་གི་སྲོལ་རྒྱུན་བཅད་ཅིང་། སློབ་གཉེར་ལ་ཆིག་དྲིལ་བྱེད་པའི་ལམ་ལུགས་ཆ་ཚང་བ་ཞིག་བཙུགས། 
             མཁས་གྲུབ་ཆེན་པོ་ཆོས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་མཆོག་གིས་གཙོས་སྨྲ་བའི་དབང་ཕྱག་སུ་སྐོར་དགེ་འདུན་རྒྱ་མཚོ་སོགས་དང་། ཁྱད་པར་སྨྲ་བའི་དབང་ཕྱུག་སྨད་སོག་སྨོན་ལམ་རྒྱ་མཚོ་གདན་དྲངས་ཏེ་མདོ་སྔགས་གཞུང་ཆེན་དག་གི་མཛུབ་ཁྲིད་གནང་ཞིང་། དེ་དང་མཉམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨྲ་བའི་ཁྱུ་མཆོག་རྗེ་ཡེ་ཤེས་རྒྱ་མཚོ་དང་།རྗེ་ཚུལ་ཁྲིམས་འོད་ཟེར།རྗེ་དགེ་འདུན་རྒྱ་མཚོ། སྨྲ་བའི་དབང་ཕྱུག་དཔལ་ལྡན་རྒྱ་མཚོ། རྗེ་ཡོན་ཏན་རྒྱ་མཚོ་སོགས་གདན་དྲངས་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་ཀྱི་ཆོས་ཆར་ཕབ་པས་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུབ་པའི་ན་གཞོན་དགེ་བཤེས་མང་དུ་བྱུང་ཞིང་། འདི་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས་པ་ཐོན་པ་སྐོར་ཞིག་རང་རང་གི་ས་ཆར་སོང་ནས་འཆད་རྩོད་རྩོམ་པའི་ལས་ལ་གཞོལ་ཞིང་། འདིའི་དགེ་བའི་བཤེས་གཉེན་སྐོར་ཞིག་དགོན་པ་དང་སློབ་གྲྭ་སྐོར་ཞིག་ལ་ཆོས་དང་རིག་གནས་ཁྲིད་པའི་དགེ་རྒན་དུ་མངགས་ཤིང་ཕྱོགས་སོ་སོའི་སློབ་གཉེར་བ་དག་ལ་མཐུན་རྐྱེན་བླ་ན་མེད་པ་སྦྱར་བས་བསྟན་པ་འཛིན་ཞིང་སྐྱོང་བར་མཛད།
             ད་ལྟ་དགོན་འདིར་བོད་ཆོལ་ཁ་གསུམ་གྱི་ཕྱོགས་སོ་སོ་དང་། རྒྱ་ནག་སོག་པོ་སོགས་ནས་ཕེབས་པའི་བོད་རིགས་ཀྱི་སློབ་གཉེར་བ་གཙོས་ཧོར་དང་སོག་པོ་རྒྱ་ནག་བཅས་ཀྱི་སློབ་གཉེར་བ་བརྒྱ་ཕྲག་བཞི་ལ་ཉེ་བ་དག་གིས་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་གནང་དང་གནང་བཞིན་པས་རིགས་པ་སྨྲ་བའི་གཞོན་ནུ་མང་བོས་ལུང་རིགས་རོལ་རྩེད་ཅི་ཡང་རྩེན་ཞིང་། ཞོར་དུ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག རྩིས་ས་རིས་སོགས་ཐུན་མོང་རིག་གནས་སོགས་ཀྱང་འཛིན་སྐྱོང་གསུམ་བྱས་ནས་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེན་པོ་འཇོག་དང་འཇོག་བཞིན་པ་ཡོད་པས་དགོན་འདིའི་མཚན་སྙན་བོད་གངས་ཅན་གྱི་ཕྱོགས་སོ་སོར་ཁྱབ། དེ་བས་རྗེ་ཡེ་ཤེས་རྒྱ་མཚོས་ཆེད་དུ་བཤད་སྒྲུབ་དཔལ་ལྡན་མང་རའི་དགོན་ཆེན་ཞེས་བསྔགས་ཤིང་། ཡོངས་འཛིན་རྡོ་རྗེ་འཆང་མཁས་གྲུབ་རྒྱ་མཚོས་སྙིགས་མའི་དུས་འདིར་ཀླུ་ཚང་དགོན་པས་བསྟན་པ་འཛིན་སྐྱོང་བྱེད་པ་འདི་ལས་ལྷག་པའི་བསྟན་པ་འཛིན་ཚུལ་མེད་གསུངས།
             ད་ལྟ་དགོན་འདིར་ཐོས་བསམ་གླིང་དང་རྒྱུད་པ་གྲྭ་ཚང་གཉིས་ཡོད་ཅིང་། ཐོས་བསམ་གླིང་ལ་འཛིན་གྲྭ་བཅུ་གསུམ་དང་རྒྱུད་པ་ལ་སྔགས་ལ་སློབ་གཉེར་བྱེད་པའི་འཛིན་གྲྭ་གཅིག་བཅས་ཡོད་ཅིང་། ན་གཞོན་དགེ་བའི་བཤེས་གཉེན་ཡེ་ཤེས་ཟླ་བ་དང་། བརྩོན་འགྲུས་རྒྱ་མཚོ། ཤེས་རབ་དབང་བོ། ཤེས་རབ་བསྟན་དར། འཇམ་དབྱངས་ཐུབ་བསྟན། བསམ་གཏན་རྒྱ་མཚོ། བློ་བཟང་བསྟན་སོགས་དགེ་བཤེས་བཅུ་ཕྲག་གཉིས་ཙམ་གྱིས་མདོ་སྔགས་རིག་གནས་དང་བཅས་པར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་ཅིང་། ཁྱད་པར་རྙེ་སྐུ་ཕྲེང་དྲུག་པ་བློ་བཟང་ཕུན་ཚོགས་ཆོས་ཀྱི་ཉི་མས་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་ཡོངས་སུ་སྨིན་པ་ལས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཡར་ངོས་ཟླ་བཞིན་གོང་ནས་གོང་དུ་སྤེལ་བཞིན་ལྟ་སྤྱོད་གཙང་ཞིང་ཐུགས་མཐུན་གཙང་གི་ངོས་ནས་ཆོས་སྤྱོད་བཅུ་ཡི་དགའ་སྟོན་རྫོགས་ལྡན་དཔལ་ལ་རོལ་བའི་སྐབས་ལགས་སོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1