རླངས་འཁོར་གྱི་སྣུམ་གྱི་རིན་གོང་ཇེ་མཐོར་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-20


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གྱི་རིན་གོང་འགྱུར་ལྡོག་གི་གནས་ཚུལ་ལ་གཞིགས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྱི་རིན་གོང་ལམ་སྲོལ་གཞིར་བཟུང་། 2019ལོའི་ཟླ11ཚེས18ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲེ་སྣུམ་ཏུན་རེ་རེར་སོ་སོར་རིན་གོང་སྒོར70 དང་65ཡི་མཐོ་རུ་འགྲོ་རྒྱུ་རེད།
        ད་ཐེངས་ཀྱི་སྣུམ་གྱི་རིན་གོང་སྙོམས་སྒྲིག་དེ་རླངས་སྣུམ་དང་ཁྲེ་སྣུམ་སོ་སོའི་རིན་གོང་སྤྱི་རྒྱ་རེར་སྐར་མ5ཙམ་འཕར་རྒྱུ་ཡིན་པ་རེད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོའི་རྡོ་སྣུམ་དང་། ཀྲུང་གོའི་རྫས་འགྱུར་རྡོ་སྣུམ། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས། ཁྲོམ་རར་མཁོ་སྤྲོད་བརྟན་འཇགས་ཡོང་བའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་རིན་གོང་སྲིས་ཇུས་ལག་བསྟར་མི་བྱེད་པ་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་རྒྱུན་ལྡན་གྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། དེར་མ་ཟད་འཛད་སྤྱོད་པས12315སྟེགས་བུའི་ཐོག་ནས་རིན་གོང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱས་ཆོག་ཞེས་བཤད།
        འགན་འཁུར་བ་དེས་རིན་གོང་གྲུབ་པའི་ལམ་སྲོལ་འཁོར་རྒྱུག་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་རྡོ་སྣུམ་ཁྲོམ་རའི་དུས་བབ་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་སྔར་བས་ཞིབ་འཇུག་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད། 
        རེས་སྐོར་འདིའི་སྣུམ་གྱི་རིན་གོང་སྙོམས་སྒྲིག་གི་དུས་འཁོར་ནང་རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་སྣུམ་གྱི་རིན་གོང་ཇེ་མཐོར་འཕར་རྒྱུ་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན་དུས་ཡུན་ཐུང་ངུའི་ནང་རྒྱལ་སྤྱིའི་སྣུམ་གྱི་རིན་གོང་ཇེ་མཐོར་འཕར་རྒྱུ་ཡིན་པར་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1