༄༅།། ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-21



གངས་དབང་།    


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག


ཤར་རྫ་ཁོག་ལུང་པ།

    མི་རིགས་ཤིག་དམངས་གཙོ་དང་དཔལ་ཡོན། འབྱོར་ཕྱུག་ལྡན་པའི་མ་འོངས་པར་འགྲོ་བར་རིག་གནས་ནི་ལམ་ཡིག་ཡིན་པས། རིག་གནས་གང་འདྲ་ཞིག་ཡོད་ན་འགྲོ་ལམ་དེ་འདྲ་ཞིག་ཡོད་ལ། འགྲོ་ལམ་གྱི་རྒྱ་ཆེ་ཆུང་དང་ཐག་རིང་ཐུང་ནི་རིག་གནས་ཀྱི་བདག་པོའི་ཁོག་རྒྱ་ཆེ་ཆུང་དང་མིག་རྒྱང་རིང་ཐུང་ལ་རག་ལས། རེད་དེ། ངས་ཕྱི་རབས་པ་རྣམས་ཀྱང་མེས་པོ་ཚོ་ལྟར་རི་ཁྲོད་དུ་བྱ་བྲལ་བཏང་སྙོམས་སུ་ཞུགས་དགོས་ཞེས་ནན་གྱིས་བསྐུལ་བ་མིན་པར། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཤི་གསོན་བར་གྱི་ས་མཚམས་སུ་རང་རྐང་ཚུགས་པའི་གཞི་རུ་གཞན་ལ་བསྟུན་ལུགས་མཁས་པ་དང་། བསྟུན་ནས་མཐུན་པའི་ལམ་ཞིག་རྙེད་པ་ལྟར། སྔོན་བྱོན་དམ་པ་རྣམས་ཀྱིས་དཀྱེལ་ཡངས་དང་གུ་ཡངས་ཀྱིས་རིག་གནས་ལ་རྟོན་པའི་སྙིང་སྟོབས་དེ་མིག་དཔེར་བཟུང་ནས། ལོ་རྒྱུས་ཡུན་རིང་ལྡན་ཡང་བཟང་ངན་གཉིས་ཀ་བསྲེས་ནས་ཡོད་པའི་སྲོལ་རྒྱུན་ལས་ཤེས་རབ་བསླངས་ཏེ། གཞུ་གྲིམ་པོ་ལ་མདའ་རྣོན་པོ་སྤྲོད་པ་ལྟ་བུའི་ཐབས་དང་ཤེས་རབ་ནི་ཅིས་ཀྱང་དགོས་སོ་ཞེས་རེ་འབོད་བྱེད་པ་ཡིན་ལགས།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

  ན་ནིང་དཔེ་མཛོད་ཁང་ཞིག་ནང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ཞེས་པ་ཞིག་མཇལ་བྱུང་། ཁ་ཕྱེ་ནས་དཀར་ཆག་ཀློག་དུས་རྫ་དཔལ་སྤྲུལ་རིན་པོ་ཆེས་བརྩམས་པའི《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》དང་ཆ་འདྲ་བ་མང་པོ་འདུག་པས་ལམ་སང་དཔེ་ཆ་དེ་བླུས་ཏེ་ལྟ་ཀློག་བྱས་པ་ན། དཔེ་ཆ་དེ་གཉིས་ཀྱི་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་ཀའི་ཐད་ལ་འདྲ་ས་འདུག་ལ་སོ་སོའི་ཁྱད་ཆོས་ཀྱང་མངོན་པར་དོད་པ་ཞིག་རེད། དཔེར་ན། དལ་འབྱོར་རྙེད་པར་དཀའ་བའི་སྐོར《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》ནང་ཁྱད་པར་གྱི་ཆོས་འབྱོར་བ་ལ་བསམ་པ་ཞེས་པ་ལ《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ནང་ཁྱད་པར་གྱི་བོན་འབྱོར་པ་ལ་བསམ་པ་ཞེས་ཆོས་དང་བོན་ཞེས་ཐ་སྙད་མི་འདྲ་བ་ཙམ་དང་། འཁོར་བའི་ཉེས་དམིགས་བཤད་སྐབས་ས་བཅད་ཀྱི་རིམ་པ་དང་ཐ་ན་རྗོད་བྱེད་ཀྱི་ཚིག་འགའ་ཡང་འདྲ་མོ་འདུག རེད་དེ། བཤེས་གཉེན་བསྟེན་པའི་སྐོར་ལས་བསྟེན་ཚུལ་རྣམས་དཔེ་ཡི་སྒོ་ནས་བཤད་པའི་སྐབས《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ནང་ཚིག་རྩུབ་དང་ཁྲོ་གཏུམ་སོགས་བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་འགྲིས་པ་ཁྱི་ཡི་སྲོལ་ལྟ་བུ། ཡུན་རིང་ཅི་ཙམ་བསྟེན་ཀྱང་མི་དད་པ་དང་མི་མོས་པའི་སེམས་མེད་པ་མའི་ཕྱིན་བུ་འབྲངས་པའི་སྲོལ་ལྟ་བུ། དུས་དང་གནས་སྐབས་ཐམས་ཅད་དུ་བྱ་བ་སྤྱོད་ལམ་གང་ཡང་བླ་མའི་ཐུགས་དང་བསྟུན་ནས་བསྒྲུབ་ཅིང་ཐུགས་དང་འགལ་བའི་རིགས་ཐམས་ཅད་སྤང་ཤེས་པ། འབངས་དང་རྒྱལ་པོའི་སྲོལ་གྱིས་བླ་མ་བསྟེན་པའོ།། ཞེས་པ་ལྟར《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》དང་མ་འདྲ་བའི་གསོན་ཉམས་ལྡན་པའི་དཔེ་བཞག་ཡོད་པ་དང་། དེ་མིན《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ནང་གོང་མ་ལ་མོས་པའི་དད་པ།འོག་མ་ལ་བརྩེ་བའི་སྙིང་རྗེ། ཐད་ཀར་དགོས་པའི་ཤེས་རབ་ཅེས་པ་དང་། དོན་གཉེར་ཕ་ལ་ཡོད་ན་ཕ་སངས་རྒྱས། བུ་ལ་ཡོད་ན་བུ་སངས་རྒྱས། རང་ཐག་རང་གིས་བཅད། རང་དབང་རང་གིས་བསྒྱུར། རྟོགས་པ་ཁོང་ནས་ཤར་ན་སྙིང་རྗེ་ཤུགས་ལས་སྐྱེས། འགྲོ་དོན་མ་སྔ་བདག་དོན་འགྲུབ་པར་གྱིས། དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། རང་མིན་པ་ཐམས་ཅད་གོང་དུ་ཁུར་ཏེ་རང་རྒྱུད་འདུལ་ཞིང་གཞན་གྱིས་གནོད་པ་མེད་པ་ལ་བཟོད་བསྲན་བྱེད་པ་གལ་ཆེ། ཤེས་རབ་རབ་གཅིག་ཡོད་ཀྱང་བརྩོན་འགྲུས་ཐ་མ་ཞིག་ལས་མེད་ན། དགེ་བྱེད་ཐ་མ་ཞིག་ལས་མི་འོང་། ཤེས་རབ་ཐ་མ་ཞིག་ལས་མེད་ཀྱང་བརྩོན་འགྲུས་རབ་གཅིག་ཡོད་ན་དགེ་བྱེད་ཀྱང་རབ་གཅིག་ཏུ་འགྲོ། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་དཀྱིལ་སྨད་ཙམ་ན། བོན་ཆོས་གཉིས་དར་ནུབ་ཅུང་ཟད་རེ་བྱུང་ནའང་སྐུ་ཚེའི་སྨད་ནས་བོན་ཆོས་གཉིས་མཉམ་དུ་སྤྱོད་དེ། གནམ་ལ་ཉི་ཟླ་ཕྲུག་གཅིག་ས་ལ་བན་བོན་སྡེབ་གཅིག་ཟེར་བ་བྱུང་ཞེས་ཕྱི་རབས་པ་ཚོས་བཟང་ངན་བླངས་དོར་བྱ་རྒྱུའི་གནད་ལ་སྨིན་པའི་གདམས་ངག་དང་། ལོ་རྒྱུས་ཀྱི་ལྟ་བ་ཡོ་བསྲང་བྱེད་པའི་ལེགས་བཤད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་དུ་སྣང་།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

    བརྩམས་ཆོས་ཤིག་ལྟ་ཀློག་བྱེད་དུས། རྩོམ་པ་པོ་འཁྲུངས་པའི་དུས་རབས་དང་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་ལ་རྒྱུས་ལོན་བྱ་རྒྱུ་ནི་སྔོན་དུ་འགྲོ་དགོས་པའི་ལས་ཀ་ཞིག་ཡིན་པས།《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》གི་རྩོམ་པ་པོ་རྫ་དཔལ་སྤྲུལ་རིན་པོ་ཆེ་ནི་སྤྱི་ལོ1808ལོར་ཁམས་རྫ་ཆུ་ཁར་འཁྲུངས་ཤིང་སྤྱི་ལོ1887ལོར་འདས་པ་དང་།《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ཡི་རྩོམ་པ་པོ་ཤར་བཀྲ་ཤིས་རྒྱལ་མཚན་ནི་སྤྱི་ལོ1858ལོར་དེང་སང་ཁམས་སྡེ་དགེའི་ཆར་གཏོགས་རྫ་ཁོག་གི་ཡུལ་དུ་འཁྲུངས་ཤིང་སྤྱི་ལོ1934ལོར་འདས་པ་ཞིག་ལགས་པས་རྫ་དཔལ་སྤྲུལ་དགུང་ལོ་ལྔ་བཅུ་ལ་སོན་དུས་ད་གཟོད་ཤར་བཀྲ་ཤིས་རྒྱལ་མཚན་འཁྲུངས་པ་ལ་བལྟས་ན།《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང》ལེགས་གྲུབ་བྱུང་རྗེས་ད་གཟོད《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》བརྩམས་པ་རྗེས་སུ་དཔག་པས་ཤེས་ཐུབ། མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་ཤར་བཀྲ་ཤིས་རྒྱལ་མཚན་གྱིས་བོན་བསྟན་གྱི་གཞུང་ལུགས་ལ་གསར་གཏོད་དང་སྒོམ་སྒྲུབ་ཐད་ཀྱི་ལག་ལེན་དང་ར་སྤྲོད། བོན་ཆོས་གཉིས་གཞུང་ལུགས་ཀྱི་ཐོག་ནས་ཟུང་འབྲེལ་བྱས་པ་སོགས་ཀྱིས་བོད་མི་རིགས་ཀྱི་ཆོས་ལུགས་གཉིས་བར་གྱི་མཉམ་བསྲེས་དང་ཞི་མཐུན་མཉམ་གནས་ཐད་ལ་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཞེས་གསུངས་པ་ལྟར། ཁོང་ནི་གྲུབ་མཐའ་ཡི་ཆགས་སྡང་དང་རང་ལྟ་མཆོག་འཛིན་གྱི་མཁས་མིང་འཛིན་པ་ཞིག་མ་ཡིན་པར་ལྟ་དགོངས་ཡངས་ཤིང་སྤྱན་རྒྱ་ཆེ་བ་ནི། གོང་གི་བརྩམས་ཆོས་གཉིས་ཀྱི་ནང་དོན་གཤིབ་བསྡུར་བྱས་པ་ཙམ་གྱིས་ཟུར་བསྟན་ལེབ་མཐོང་རེད།


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

   ཤར་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ལས་གངས་ཅན་བོད་ཡུལ་གྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ཡུལ་ལྗོངས་ཆེན་པོ། དངུལ་རྫ་ཟལ་མོའི་སྒང་གི་ཤར་ཕྱོགས་ཟླ་སྒང་རིང་མོའི་རིའི་རྒྱུད། མཁས་པ་དང་གྲུབ་པའི་སྐྱེས་བུ་རབ་ཏུ་མང་པོ་བྱོན་ཅིང་བྱིན་གྱིས་བརླབས་པའི་ཡུལ་གྲུ་རྫ་ཁོག་ཅེས་འབོད་པ་རྫ་ཆུ་དང་ཟླ་ཆུ་གྱ་གྱུར་འབབ་པའི་བར་མཚམས་སུ་ཤར་རྫ་གཡུང་དྲུང་ལྷུན་པོ་ཞེས་གྲུབ་པའི་གནས་ཆེན་གྱེར་ཟ་མཆེད་གསུམ་གྱིས་སྐྱོང་བའི་ཉེ་འདབས་སྤྱོད་ཡུལ་གྱི་གྲོང་ཁྱེར་བརྡ་ཞེས་འབོད་པའི་རི་རྒྱུད་ཀྱི་འདབས་ཞེས་བསྟན་པ་ལྟར། ཁོང་གི་འཁྲུངས་ཡུལ་ནི་དེང་སང་ཁམས་སྡེ་དགེ་རྫོང་གི་ཆར་གཏོགས་རྫ་ཁོག་བར་མ་ཡིན་པ་དང་། དེ་ན་ཤར་རྫ་རི་ཁྲོད་ཀྱང་ཡོད་ཚུལ་གོ་བས་ཡུལ་དེ་ཐེངས་གཅིག་མཇལ་ཐུབ་ན་ཅི་མ་རུང་སྙམ།

    ད་སྔོན་བར་རང་ཡུལ་རང་གིས་བསྐོར་བའི་རིང་ལ་གནས་གང་དག་མཇལ་བ་དང་ཡུལ་གང་འདྲ་ལ་སྡོད་པ་ནི་ལས་འབྲས་ཀྱིས་སྔར་ནས་བཀོད་སྒྲིག་བྱས་ཟིན་པ་ལྟར། བྱིན་གྱིས་བརླབས་པའི་གནས་མཆོག་ཏུ་ལྷག་བསམ་ཅན་གྱི་བོད་མི་ཚོ་དང་འཕྲད་དེ་ཡིད་སྨོན་ཤོར་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་ངག་རྒྱུན་མང་པོ་རྙེད་པས། དུས་ནམ་ཡང་རང་དང་གྲིབ་མ་བཞིན་དུ་འགྲོགས་པའི་ལས་འབྲས་ཞེས་པ་སེམས་ཀྱིས་བསྲུངས་ཏེ་སྐྱབས་སུ་མཆི་བཞིན་ཡོད།

   ད་ལོའི་དབྱར་ཟླ་དྲུག་པའི་གཟའ་མཇུག་ཅིག་ལ། རྩོམ་རིག་དུས་དེབ《གངས་དཀར་རི་བོ》དཀར་མཛེས་རྫོང་ལ་སྐྱེལ་བའི་བྱེད་སྒོ་སྤེལ་ཚར་རྗེས་ང་ཚོ་རྩོམ་སྒྲིག་པ་འགའ་ཤར་རྫ་རི་ཁྲོད་མཇལ་དུ་སོང་བ་ཡིན། དཀར་མཛེས་ནས་རྫ་ཁོག་ཏུ་སོང་བའི་ལམ་ནི་སྔོན་མ་ལས་བདེ་ཞིང་ཁོད་སྙོམས་པ་ཞིག་རེད། སྟོད་ནས་བཞུར་བའི་རྫ་ཆུ་སྔོན་མོ་དལ་འགྲོ་མ་ནི་འཆིང་བ་ལས་གྲོལ་ཏེ་སྒེག་ཉམས་ཀྱིས་མདུན་དུ་རྒྱུགས་པ་དང་། འགྲམ་དུ་བཞད་པའི་མེ་ཏོག་སྣ་ཚོགས་ཀྱིས་ཟུར་བརྒྱན་བྱེད་པ་ནི་སྒེག་བག་སྟོང་དང་ལྡན་པའི་བུད་མེད་ཅིག་དང་མཚུངས། དེ་སྔོན་ལམ་འདི་ལ་ཐེངས་གཉིས་ཙམ་སོང་མྱོང་མོད། ཚང་མ་དགུན་དུས་དང་འཁེལ་བས་སྐབས་དེ་དུས་རྫ་ཆུར་དར་དཀར་པོ་ཆགས་པ་དང་། ལུང་པར་ཐལ་རྡུལ་འཁྲིགས་པས་རྫ་ཁོག་ལུང་པ་ནི་རང་ཚུགས་ཀྱིས་བཞུགས་པའི་དཔའ་བོ་ཞིག་དང་འདྲ་བྱུང་།  མཐོ་སྒང་གི་དབྱར་དུས་ནི་འཇམ་གཤིས་ཅན་གྱི་བུད་མེད་ཀྱི་དུས་དང་། དགུན་དུས་ནི་རྒོད་ཚུགས་ཅན་གྱི་སྐྱེས་པའི་དུས་ཤིག་རེད།


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་ཁོག་ལུང་པ།

   རྫ་ཁོག་བར་མ་ཤང་གི་འབུར་འགོ་གྲོང་པ་ཡོད་སར་སླེབས་དུས། གྲོང་པའི་སྟོད་ལ་གཟི་བྱིན་ལྷུན་གྱིས་ཆགས་པའི་དགོན་པ་ཞིག་མཐོང་བ་དེ་ནི་རྫ་སྟེང་ཆེན་དགོན་པ་རེད་ཟེར། དེ་སྔོན་ས་ཕྱོགས་འདི་ནས་ཐེངས་གསུམ་སོང་མྱོང་མོད། རྫ་སྟེང་ཆེན་དགོན་དང་ཤར་རྫ་རི་ཁྲོད་ཡོད་ས་འདི་ན་ཡིན་པ་མ་ཤེས་པས་མཇལ་མ་མྱོང་། ཐོས་བསམ་གྱིས་མི་ཚེ་སྐྱེལ་བའི་མི་ཞིག་ཡིན་ན། དཔེ་ཀློག་ལས་ཡུལ་སྐོར་མེད་ན་མུན་པ་ནང་མདའ་འཕངས་པ་དང་འདྲ་ལ། ཡུལ་སྐོར་ལས་དཔེ་ཀློག་མ་བྱས་ན་ལོང་བས་ལག་སྙོབ་བྱེད་པ་དང་མཚུངས་པས་དེ་གཉིས་ཟུང་དུ་འབྲེལ་ན་ཆར་པ་ཆུ་གྲོགས་ལྟར་ཐོས་དོན་བསམ་པས་ཟིན་ཞིང་། བསམ་དོན་རྒྱུད་ལ་འབྱར་བ་ཞིག་རེད།

   ང་ཚོ་གྲོང་པའི་སྟོད་ཀྱི་དགོན་པ་ཆགས་སར་སོང་དུས། དགོན་པ་འདི་ནི་གསར་དུ་བཞེངས་པ་ཞིག་རེད་འདུག  དགོན་པའི་ཨ་ཁུ་གཡུང་དྲུང་བཀྲ་ཤིས་ཀྱིས་རྫ་སྟེང་ཆེན་དགོན་པ་ཐོག་མར་ཆགས་ས་འདི་ན་ཡིན་ཡང་རྗེས་སུ་གཏོར་བཤིག་ཐེབས་ཏེ་རྨེག་མེད་དུ་གྱུར་བས་ལོ་ངོ་དགུ་ཙམ་གྱི་སྔོན་ལ་གསར་དུ་བཞེངས་པ་རེད་ཟེར།


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

སྟེང་ཆེན་དགོན་པ་གསར་པ།

   དེ་ཡང་བོད་ཡུལ་ན་སྟེང་ཆེན་དགོན་ཞེས་པའི་བོན་པོའི་དགོན་པ་གཉིས་ཡོད་པ་ལས་གཅིག་ནི་ཆབ་མདོ་སྟེང་ཆེན་རྫོང་དུ་ཡོད་པའི་ཁྱུང་ལུང་སྟེང་ཆེན་དགོན་དང་གཅིག་ནི་ཁམས་སྡེ་དགེའི་རྫ་ཁོག་ཏུ་ཆགས་པའི་རྫ་སྟེང་ཆེན་དགོན་འདི་རེད་འདུག  ལོ་རྒྱུས་ཀྱི་ཡིག་ཆ་འགའ་ལས་རྫ་སྟེང་ཆེན་དགོན་ནི་རྨེའུ་ཨ་ཡུ་དང་ར་ཞེས་པས་ཐོག་མར་ཕྱག་བཏབ་པ་ཡིན་ལ་ཁོང་གིས་དབུས་གཙང་ནས་དྲེལ་ཞིག་ལ་གསུང་རབ་བཀལ་ཏེ་ཁམས་ཕྱོགས་ཀྱི་རྫ་ཁོག་ལུང་པར་སླེབས་དུས། དྲེལ་དེ་ས་ལ་ཉལ་བ་ན་རྨེའུ་ཨ་ཡུ་དང་ར་ཡིས་ས་དེ་ནི་དགོན་སར་རུང་བ་མཁྱེན་ཏེ་དགོན་པ་ཕྱག་བཏབ་པ་རེད་ཅེས་པ་དང་། ལ་ལ་ཡིས་རྨེའུ་ནམ་མཁའ་གཡུང་དྲུང་ཞེས་པའི་མཁས་པ་ཞིག་གིས་ཕྱག་བཏབ་པ་རེད་ཅེས་ཀྱང་བཤད་སྲོལ་འདུག་པ་ལ་བལྟས་ན། གང་ལྟར་རུས་རྒྱུད་རྨེའུ་ཅན་གྱི་བོན་བསྟན་གྱི་བླ་རབས་ཤིག་ཡིན་ངེས་རེད། རྫ་སྟེང་ཆེན་དགོན་པ་ཕྱག་བཏབ་པ་ནས་བཟུང་རྫ་ཁོག་ལུང་པར་བོན་བསྟན་གྱི་འཕྲིན་ལས་རྒྱས་ཡོད་མོད། སྤྱི་ལོ1903ལོར་ཉེ་སར་ཆགས་པའི་དགེ་ལུགས་པའི་དགོན་པའི་གྲྭ་པ་རྣམས་ཀྱིས་མེ་ལ་བསྲེགས་པས་ཤར་བཀྲ་ཤིས་རྒྱལ་མཚན་གྱིས་དགོན་པ་ཆེས་ཐོག་མར་ཆགས་སའི་འོག་ལ་རྫ་སྟེང་ཆེན་དགོན་པ་བསྐྱར་བཞེངས་བྱས་པ་རེད་ཟེར། རྫ་སྟེང་ཆེན་དགོན་པ་ཐོག་མར་ཆགས་ས་དེ་ནས་བལྟས་ན་གཞི་བདག་སྨོན་ལམ་བྲག་དཀར་དང་གྱེར་ཟ་སྤུན་གསུམ་བཅས་གསལ་པོར་མཐོང་ཐུབ་པ་དང་། དེའི་འདབས་ལ་ཤར་རྫ་རི་ཁྲོད་ཆགས་ཡོད་ཚུལ་གོ་མ་ཐག  ང་ཚོ་ལམ་སང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བཞེངས་པའི་རྫ་སྟེང་ཆེན་དགོན་པ་རྙིང་པ་དེ་མཇལ་དུ་སོང་།


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

སྟེང་ཆེན་དགོན་པ་རྙིང་པ།

   རྫ་སྟེང་ཆེན་དགོན་པ་རྒྱ་མི་ཆེ་ཡང་། རིག་གསར་དུས་སུ་དགོན་པའི་སྤྱི་ཁོག་ལ་བར་ཆད་ཕོག་མེད་པས་སྔར་ལྟར་ཆགས་འདུག་མོད། དགོན་པའི་མདུན་གྱི་གྲྭ་ཤག་རྣམས་བཤིག་སྟེ་ཤུལ་ཙམ་ལས་ལྷག་མི་འདུག  དགོན་པའི་འདུ་ཁང་གི་སྒོ་ཀླད་ལ་སངས་རྒྱས་གཡུང་དྲུང་བོན་བསྟན་རིན་པོ་ཆེ།། བཤད་དང་སྒྲུབ་པའི་ཉི་ཟླ་ཟུང་འབྲེལ་གྱིས།། ལུང་རྟོགས་བསྟན་པའི་པད་ཚལ་རབ་བཞད་པའི།། མདོ་སྔགས་བསྟན་རྒྱས་གླིང་པའི་གཙུག་ལག་ཁང་།། ཞེས་བྲིས་འདུག་པ་ལ་བལྟས་ན། རྫ་སྟེང་ཆེན་དགོན་པར་ཆེས་ཐོག་མར་བསྟན་པ་འགྱུར་མེད་སྟེང་ཆེན་རྣམ་རྒྱལ་གླིང་ཞེས་བརྗོད་ཀྱང་། རྗེས་སུ་བསྐྱར་བཞེངས་བྱེད་སྐབས་དཔལ་གཤེན་བསྟན་མདོ་སྔགས་གཡུང་དྲུང་དར་རྒྱས་གླིང་ཞེས་གསར་དུ་བཏགས་པ་རེད་ཅེས་པ་བདེན་དུ་གྲུབ། འདུ་ཁང་གི་སྒོ་ཆེན་གཡས་གཡོན་གྱི་ལྡེབས་རིས་ནང་གཉའ་ཁྲི་བཙན་པོ་དང་བོན་བསྟན་གྱི་སྲུང་མ་སྲིད་པ་རྒྱལ་མོ་སོགས་ཀྱི་རི་མོ་རྙིང་པ་མང་པོ་ཡོད་ལ། འདུ་ཁང་ནང་ལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་འདྲ་སྐུ་དང་ཁོང་གིས་བདག་རྐྱེན་གནང་སྟེ་བཞེངས་པའི་སྐུ་གསུང་ཐུགས་རྟེན་རིན་ཐང་ལྡན་པ་མང་པོ་མཇལ་རྒྱུ་འདུག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་འདྲ་སྐུ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

དགོན་པ་ནང་གི་ལྡེབས་རིས་རྙིང་པ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

མདུན་ཅོག་ངོས་ཀྱི་རི་མོ་རྙིང་པ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

དགོན་པ་ནང་གི་ལྡེབས་རིས་རྙིང་པ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

བོན་གྱི་སྲུང་མ་སྲིད་པ་རྒྱལ་མོའི་ལྡེབས་རིས།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

བྱ་རྒྱལ་ཁྱུང་གི་འདྲ་སྐུ།

   ང་ཚོས་དགོན་པའི་ཕྱི་ནང་དང་བཅས་པ་རེ་རེ་བཞིན་མཇལ་ཚར་རྗེས་གྱེར་ཟ་གཡུང་དྲུང་ལྷུན་པོར་ཆགས་པའི་ཤར་རྗ་རི་ཁྲོད་མཇལ་དུ་སོང་། རི་བོ་གྱེར་ཟ་མཆེད་གསུམ་གྱི་གཡས་ནས་བཞུར་བའི་རྫ་ཆུ་དང་གཡོན་ནས་བཞུར་བའི་སེར་ཆུ་གཉིས་ཀྱི་བར་ལ་ཆགས་པའི་གཡུང་དྲུང་ལྷུན་པོའི་འདབས་ལ་སླེབས་དུས། སྒོ་ཆེན་ཞིག་གི་ཐོག་ལ་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་ཞེས་བྲིས་ཡོད་པ་མཐོང་། སྒོ་ཆེན་ནང་འཛུལ་ཏེ་ཅུང་ཙམ་སོང་རྗེས་གསར་དུ་བཞེངས་པའི་བཤད་གྲྭ་དང་གྲྭ་ཤག་མང་པོ་མཇལ་བྱུང་། དེ་ནི་རི་ཁྲོད་བར་མ་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་ཞེས་བོན་བསྟན་གྱི་རྒྱུན་སྐྱོང་བའི་བཤད་སྒྲུབ་ཀྱི་སྡེ་འཛུགས་ས་རེད་འདུག  གནས་དེར་དེ་སྔོན་གྲྭ་བཙུན་རེ་ཆུད་པ་ཙམ་གྱི་ས་ཁུང་ལས་མེད་ཟེར་ཡང་། དེང་སང་འཆད་ཉན་བྱེད་སའི་ཐོག་ཁང་དང་བང་ཁང་གྲལ་བསྟར་བསྒྲིགས་པ་མང་པོ་འདུག


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་བར་མ་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ།

    རི་ཁྲོད་བར་མའི་འགྲམ་གྱི་ལུང་པའི་ཕ་རོལ་གྱི་འདབས་ནི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དགུང་ལོ་དོན་དྲུག་ལ་སོན་དུས་སྐུ་ཟག་མེད་འཇའ་ལུས་སུ་གཤེགས་ས་ལགས་པས། དེ་ལ་རི་ཁྲོད་འོག་མ་རབ་ཞི་འོད་གསལ་ཐང་ཞེས་འབོད་པ་དང་། ཁོང་འཇའ་ལུས་སུ་གཤེགས་རྗེས་དྲན་རྟེན་དུ་བཞེངས་པའི་མཆོད་རྟེན་ལ་ཁང་བརྩེགས་མཆོད་རྟེན་ཞེས་འབོད་ཅིང་། རྗེས་སུ་བླ་མ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བསྐྱར་གསོ་བྱེད་པར་གྲགས། དེའི་འགྲམ་དུ་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱི་གདུང་རྟེན་དང་ཉག་བླ་གཡུང་དྲུང་བསྟན་འཛིན་གྱི་ཚ་ཁང་དང་གདུང་ཚའི་རྟེན་མཆོག་བཅས་སྣང་། རི་ཁྲོད་བར་མ་དང་འོག་མའི་བར་གྱི་ལུང་པའི་ཐོག་ལ་རི་ཁྲོད་ཅིག་ཡོད་པ་དེ་ནི་རི་ཁྲོད་གོང་མ་བདེ་ཆེན་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ་ཞེས་ཟེར། འབྲེལ་ཡོད་རྣམ་ཐར་ནང་བཀོད་པ་ལྟར་ན། ཤར་བཀྲ་ཤིས་རྒྱལ་མཚན་དགུང་ལོ་སུམ་ཅུ་སོ་གསུམ་ལ་སོན་དུས། ཉིན་ཞིག་ལ་མཆེད་གྲོགས་དམ་པ་ཚུལ་ཁྲིམས་དབང་ཕྱུག་དང་ལྷན་དུ་གནས་ཆེན་གྱེར་ཟ་ལ་ཁམས་གསེང་དུ་ཕེབས་སྐབས། གྱེར་ཟ་རི་བོར་འཇའ་ཚོན་ཤར་ཞིང་འཇའ་སྣེ་ཞིག་ཁོང་གཉིས་ཡོད་སའི་རྡོ་ཕ་བོང་ཞིག་གི་ཐོག་ལ་ཟུག་པ་དང་། ས་འདི་ལ་སྔར་ནས་བཀྲ་ཤིས་ཁྱུང་ལུང་ཞེས་འབོད་སྲོལ་ཡོད་པས་རྟེན་འབྲེལ་ཡག་པོར་བརྩིས་ནས་མ་འོངས་པར་བཤད་སྒྲུབ་ཟུང་འབྲེལ་གྱིས་བོན་བསྟན་གྱི་རྒྱུན་སྐྱོང་བའི་བསྟི་གནས་སུ་འགྱུར་བའི་སྨོན་ལམ་བཏབ། དགུང་ལོ་སོ་བཞིར་སོན་དུས་འཇིག་རྟེན་ཆོས་བརྒྱད་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་གནས་འདིར་ཕེབས་ནས་དེ་སྔོན་འཇའ་སྣེ་ཟུག་པའི་རྡོ་ཕ་བོང་གི་འགྲམ་ལ་གུར་ཆུང་ཞིག་ཕུབ་ནས་བཞུགས་པ་དང་། ཕྱིས་སུ་བྱ་བྲལ་བའི་བསམ་གཏན་ཁང་གི་ཁང་ཆུང་ཞིག་བཞེངས་ཏེ་བཞུགས་ནས་རྫ་ཁོག་ལུང་པར་ཞྭ་དཀར་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་གཞི་ཚུགས། བཤད་སྲོལ་དུ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་འཕྲུལ་ངག་གཡུང་དྲུང་བོན་གྱི་བཀའ་བསྟན་རྣམས་ཀྱི་ཡང་ཞུན་སྙིང་པོར་དྲིལ་པ་མཛོད་ཆེན་རྣམ་ལྔ་གནས་འདི་ན་གཏན་ལ་ཕབ་པར་གྲགས།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་འོག་མ་རབ་ཞི་འོད་གསལ་ཐང་

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་འོག་མ་རབ་ཞི་འོད་གསལ་ཐང་

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་དྲན་རྟེན་དུ་བཞེངས་པའི་ཁང་བརྩེགས་མཆོད་རྟེན།

    རི་ཁྲོད་འོག་མ་མཇལ་ཚར་རྗེས་ལུང་པ་ནང་བཞུར་བའི་གངས་ཆུ་བསིལ་མ་ཡིད་ཚིམ་པ་ཞིག་འཐུངས་པ་དང་། དེ་ནས་རི་ཁྲོད་གོང་མ་མཇལ་དུ་སོང་། རི་ཁྲོད་གོང་འོག་བར་ལ་རྒྱང་མི་རིང་ཡང་གྱེན་ལ་འཛེགས་དགོས་པས་ཅུང་དཀའ་མོ་རེད། ལམ་བར་གྱི་ཤུག་པ་དང་མིང་ཤེས་ལ་མ་ཤེས་པའི་མེ་ཏོག་དཀར་སེར་དམར་གསུམ་གྱི་དྲི་མ་ཞིམ་པོ་སྣོམ་བཞིན་བྱིའུ་རྣམས་ཀྱི་གྲེ་འགྱུར་སྙན་པོ་ཉན་གྱིན་སོང་བས་དཀའ་སྣང་མ་ཚོར་བར་རི་ཁྲོད་གོང་མ་དྲང་སྲོང་དགྱེས་པའི་སྐྱེད་ཚལ་ཡོད་སར་སླེབས། དེ་ན་ཤར་བཀྲ་ཤིས་རྒྱལ་མཚན་གྱིས་ཐོག་མར་བཞེངས་པའི་བསམ་གཏན་ཁང་གི་ཤུལ་དུ་བང་ཁང་ཞིག་དང་དེ་མིན་ས་ན་བང་ཁང་བདུན་ཙམ་གསར་དུ་བཞེངས་འདུག  རི་ཁྲོད་འདི་ཆགས་ས་ནི་རི་མཐོ་ཞིང་ས་གཙང་བ་དང་། གཡས་ཕྱོགས་ཀྱི་རི་སྒང་ཐོག་ལ་ལ་བཙས་ཤིག་བཞེངས་འདུག་པ་དེ་ན་ནས་རི་འདབས་ཀྱི་རྫ་ཆུ་དང་རྫ་ཁོག་ལུང་པ་ལག་མཐིལ་ནང་བླངས་པ་ལྟར་གསལ་གྱི་ལིར་མཐོང་ཐུབ་ཅིང་། གཡོན་གྱི་ལུང་པ་དང་རི་མགོར་ནགས་ཚལ་སྟུག་པོར་འཁྲིགས་ཏེ་ངང་ངམ་ཤུགས་ཀྱིས་བདེ་ཉམས་སྐྱེས་པ་ཞིག་རེད། སྔོན་བྱོན་དམ་པ་རྣམས་ཀྱིས་རྒྱལ་བས་བསྔགས་པའི་རི་ཁྲོད་འདི།། དགེ་སྦྱོར་ངང་གིས་འཕེལ་བ་གཅིག ། སྐྱེ་བོ་འདུ་འཛིས་རབ་དབེན་ཞིང་། སྡིག་སྡུག་གཏམ་ངན་མི་ཐོས་པ།། ཞེས་དབེན་པའི་གནས་ལ་ཆེ་བརྗོད་གནང་བ་ལྟར་དང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཀྱང་དབེན་པའི་གནས་སུ་ཆེད་དུ་བརྩོན་འགྲུས་བརྩམས་ནས་དགེ་བ་མ་བསྒྲུབས་ཀྱང་། སྐྱོ་ཤས་དང་ངེས་འབྱུང་། དད་པ་དང་དག་སྣང་། བྱམས་དང་སྙིང་རྗེ་ལ་སོགས་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་ཀྱིས་སྐྱེས་པས་སྤྱོད་ལམ་ཐམས་ཆད་རང་བཞིན་གྱིས་དགེ་བ་འབའ་ཞིག་ཏུ་འགྱུར་ཞེས་པ་དང་། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་པང་དུ་ལེན། གནས་བྲག་ཕུག་བྱེད། ནོར་དུ་ཐོད་ཕོར་བཟུང་། གྲོགས་རི་དྭགས་དང་འགྲོགས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་དམ་པ་གོང་མ་རྣམས་ཀྱི་གཤེགས་ཤུལ་ཟིན་པ་ཞིག་དགོས་ཞེས་གསུངས་ལ། དོན་དངོས་སུ་ཁ་ཞེ་གཉིས་མེད་ཀྱིས་དེ་ལྟར་ལག་ལེན་མཛད་དེ་ངེས་པ་དོན་གྱི་བྱ་བྲལ་བ་ཞིག་གི་རྣམ་ཐར་བསྐྱངས། དམ་པ་ཁོང་ལ་མཚོན་ན་སྤྱི་དོན་ཁ་ལ་ཁྱེར། རང་དོན་ཁོག་ཏུ་བཅུག་པའི་གྲུབ་མཐའི་ཕྱོགས་རིས་ཅན་ཚོས་ཇི་ལྟར་སྡང་ཡང་རང་སེམས་ཀྱི་སྤོབས་པ་མ་ཞུམ་ན། སྔར་ཡོད་ཀྱི་དགོན་པ་མེ་ལ་བསྲེགས་ཀྱང་ས་ཡི་སྙིང་པོར་ཟུག་པའི་ས་བོན་ལས་སླར་ཡང་ཤིང་སྡོང་ཞིག་འཁྲུངས་ཏེ་གྲིབ་བསིལ་གདུགས་སུ་ཕུབ་ཡོད། སྐྱེ་བོ་ཕལ་པའི་སྣང་ངོར་ཤར་རྫ་རི་ཁྲོད་ནི་ཁོང་གི་གབ་བྱོལ་བྱེད་ས་དང་སེམས་པ་བཞག་སའི་དབེན་གནས་ཙམ་དུ་མཐོང་སྲིད་མོད། ཡར་འགྲོ་མར་འགྲོའི་ས་མཚམས་སུ་སླེབས་པའི་དུས་དེར། དེ་འདྲའི་དབེན་གནས་ཤིག་མེད་ན་ཐོས་དོན་རྒྱུད་ལ་སྦྱར་ཏེ་གྲུབ་མཐའ་རིས་མེད་ཀྱི་དགོངས་དོན་ཕྱག་ཏུ་བསྟར་ཐབས་མེད་ལ་བོན་བན་བར་དུ་སུས་ཀྱང་སྣོམ་ཆོག་ཆོག་གི་དྲི་ཞིམ་མེ་ཏོག་དེ་བཞད་པར་དཀའ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་གོང་མ་བདེ་ཆེན་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་གོང་མ་བདེ་ཆེན་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་གོང་མ་ན་ཡོད་པའི་ལ་བཙས།

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

རི་ཁྲོད་གོང་མ་ནས་མཐོང་བའི་རྫ་ཆུ།

   རི་ཁྲོད་གོང་མ་མཇལ་ཚར་རྗེས་ཕྱིར་རི་ཁྲོད་བར་མ་ལ་ལོག་སྟེ་ས་དེ་གར་བཞུགས་པའི་མཁན་པོ་རིག་འཛིན་དབང་རྒྱལ་ལ་བཀའ་འདྲི་ཞུས་པ་ལས་གོ་བ་ལྟར་ན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་འདས་རྗེས་རྗེ་དབོན་བློ་གྲོས་རྒྱ་མཚོ་མཆོག་རྒྱབ་ཚབ་ཏུ་བསྐོས། ཁོང་གིས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་རྒྱུན་སྤྱི་དང་། ཤར་རྫ་པའི་མཛོད་ཆེན་རྣམས་སྔར་མུས་བཞིན་ཟབ་ཁྲིད་གནང་བས་མ་ཚད། རི་ཁྲོད་གོང་མར་སྒོམ་གྲྭ་དང་བར་མར་འཆད་ཉན་གྱི་སྦྱོང་གྲྭ་དང་སྒྲུབ་གྲྭ་བཅས་གསར་དུ་བཙུགས་ཏེ་བོན་བསྟན་གྱི་རྒྱུན་སྐྱོང་བ་ལ་བྱས་རྗེས་ཆེན་པོ་བཞག  སྤྱི་ལོ1953ལོར་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དགོངས་པ་ཞི་དབྱིངས་སུ་གཤེགས་རྗེས་རྫ་བླ་ཚུལ་ཁྲིམས་དབང་རྒྱལ་མཆོག་གིས་ལོ་ཁ་ཤས་རིང་ལ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། དེ་ནས་རིག་གསར་གྱི་སྐབས་སུ་གཏོར་བཤིག་ཐེབས་ཀྱང་ཆོས་ལུགས་སྲིད་ཇུས་ཀྱི་ཉི་མ་ཤར་བ་ནས་བཟུང་ཉག་རོང་མཆོག་སྤྲུལ་ཨ་གཡུང་རི་ཁྲོད་འདིར་བྱོན་ཏེ་སྒྲུབ་སྡེའི་ལྷ་ཁང་ཉམས་གསོ་མཛད། སྤྱི་ལོ1984ལོར་སྐྱེས་མཆོག་དམ་པ་མཐུ་སྟོབས་རྣམ་རྒྱལ་རྒྱལ་ཚབ་ཀྱི་ཁྲི་ལ་བསྐོས་པ་དང་། ཁོང་གིས་སྔར་སྲོལ་བཞིན་བཤད་སྒྲུབ་ཟུང་འབྲེལ་གྱིས་སྒྲུབ་སྡེ་བསྐྱངས་པའི་ཞོར་དུ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་གཙོ་བོར་བྱས་པའི་བླ་མ་སོ་སོའི་གསུང་རབ་རྣམས་ཤིང་པར་དུ་བརྐོས་སུ་བཅུག  དེ་ནས་རིམ་བཞིན་དུ་མཁན་ཚུལ་ཁྲིམས་བསྟན་འཛིན་དང་། མཁན་པོ་ཨ་འཇིགས། མཁན་པོ་རིག་འཛིན་དབང་རྒྱལ་སོགས་ཀྱིས་འཆད་ཁྲིད་ཀྱི་མཛད་པ་ལྷུར་བཞེས་བྱས་པས་བོན་བསྟན་གྱི་རྗེས་འཛིན་པ་མང་པོ་གསོ་སྐྱོང་བྱས་སོ།། ད་ལྟའི་རྒྱལ་ཚབ་ནི་འཇིགས་མེད་དབང་ཕྱུག་ཞུས་པ་རེད་འདུག  གཞན་བཤད་གྲྭ་བ་དང་སྒྲུབ་གྲྭ་བ། སྒོམ་གྲྭ་བ་རྣམས་ཀྱིས་སྦྱང་བྱ་དང་སྦྱོང་ཡུན་ནི་གོ་རིམ་ལྡན་ལ་སོ་སོའི་ཁམས་དང་མོས་པ། སྐབས་བབ་ཀྱི་གནས་དང་མཐུན་པར་འཆར་འགོད་བྱེད་ཚུལ་ནི་རྗེ་ཤར་རྫ་རིན་པི་ཆེའི་རྣམ་ཐར་ནང་གསལ་བས་མང་དུ་མ་བཀོད།    

    ཤར་རྫ་རི་ཁྲོད་ཀྱི་མཁན་པོ་རིག་འཛིན་དབང་རྒྱལ་གྱིས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་འཁྲུངས་ཡུལ་ནི་ཤོག་འཐོར་གྲོང་ནང་ཡོད་ཅེས་གསུངས་པ་ལྟར། ང་ཚོ་ཤར་རྫ་རི་ཁྲོད་དང་བྲལ་ཏེ་དམ་པ་ཁོང་གི་འཁྲུངས་གཞིས་མཇལ་དུ་སོང་། ཤོག་འཐོར་གྲོང་པའི་སྤང་རིའི་སྐེད་ལ་ཤར་རྫ་པ་མཁྱེན་ནོ་ཞེས་ཡིག་འབྲུ་ཆེན་པོ་ལྔ་བརྐོས་འདུག  དེའི་ཞབས་ཀྱི་གྲོང་པའི་འགྲམ་ལ་གྱང་ཁང་རྙིང་པའི་ཤུལ་ཞིག་ཡོད་པ་དེ་ནི་ཤར་བཀྲ་ཤིས་རྒྱལ་མཚན་གྱི་དབོན་ཚ་བློ་གྲོས་རྒྱ་མཚོའི་འཁྲུངས་གཞིས་རེད་ཟེར། དེའི་གཡས་ཕྱོགས་ཀྱི་སྤང་གཞོང་ཁོད་སྙོམས་པ་དེ་ནི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་འཁྲུངས་གཞིས་རེད་ཟེར་ཡང་། ད་ལྟར་དུང་འཁོར་ཁང་པ་ཞིག་ལས་དེ་མིན་གྱི་རྗེས་ཤུལ་ཅི་ཡང་མི་སྣང་།ཤར་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐརནང་དམ་པ་ཁོང་གི་འཁྲུངས་ཡུལ་ནི་གངས་ཅན་བོད་ཡུལ་གྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ཡུལ་ལྗོངས་ཆེན་པོ། དངུལ་རྫ་ཟལ་མོའི་སྒང་གི་ཤར་ཕྱོགས་ཟླ་སྒང་རིང་མོའི་རིའི་རྒྱུད། མཁས་པ་དང་གྲུབ་པའི་སྐྱེས་བུ་རབ་ཏུ་མང་པོ་བྱོན་ཅིང་བྱིན་གྱིས་བརླབས་པའི་ཡུལ་གྲུ་རྫ་ཁོག་ཅེས་འབོད་པ་རྫ་ཆུ་དང་ཟླ་ཆུ་གྱ་གྱུར་འབབ་པའི་བར་མཚམས་སུ་ཤར་རྫ་གཡུང་དྲུང་ལྷུན་པོ་ཞེས་གྲུབ་པའི་གནས་ཆེན་གྱེར་ཟ་མཆེད་གསུམ་གྱིས་སྐྱོང་བའི་ཉེ་འདབས་སྤྱོད་ཡུལ་གྱི་གྲོང་ཁྱེར་བརྡ་ཞེས་འབོད་པའི་རི་རྒྱུད་ཀྱི་འདབས་ཞེས་བསྟན་པ་ལྟར་ན། ས་ཆ་འདི་ལ་སྔོན་མར་བརྡ་ཞེས་འབོད་པ་དང་གཡུང་དྲུང་ལྷུན་པོའི་གཡོན་ནས་འབབ་པའི་ཆུ་དེ་ལ་གནའ་སྔོན་མར་ཟླ་ཆུ་ཟེར་བ་འདྲ་ཡང་དེང་སང་མི་རྣམས་ཀྱིས་སེར་ཆུ་ཞེས་འབོད་ཀྱིན་འདུག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དབོན་ཚ་བློ་གྲོས་རྒྱ་མཚོའི་འཁྲུངས་གཞིས

ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་འཁྲུངས་གཞིས

    དེ་ཡང་ཤར་བཀྲ་ཤིས་རྒྱལ་མཚན་ནི་ཡབ་དགེ་བསྙེན་བཀྲ་ཤིས་དགའ་དང་ཡུམ་རིགས་བཟང་བོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས་པ་ནས་བཟུང་། དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱི་དྲུང་ནས་ཐུན་མོང་སྐྱབས་འགྲོའི་སྡོམ་པ་བླངས་ཏེ་མཚན་ལ་བཀྲ་ཤིས་རྒྱལ་མཚན་ཞེས་གསོལ། དེ་ནས་དཔལ་སྟེང་ཆེན་གཡུང་དྲུང་བསྟན་གླིང་གི་ཚོགས་གྲལ་ལ་ཞུགས་ཏེ་དབྲ་སྤྲུལ་གཙོས་བྱས་པའི་མཁས་པ་རྣམས་ཀྱི་དྲུང་ནས་བོན་བསྟན་གྱི་གསུང་རབ་དང་བཀའ་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གསུམ་ལེགས་པར་གསན་རྗེས་ཐོས་དོན་རྒྱུད་ལ་སྦྱོར་བ་དང་། སྐབས་དེ་དུས་ཀྱི་གྲུབ་མཐའི་ཆགས་སྡང་དང་འཇིག་རྟེན་པའི་འཁྲུག་རྩོད་ལ་ཐུགས་སུན་ནས་གྱེར་ཟ་གཡུང་དྲུང་ལྷུན་པོར་བདེ་ཆེན་རི་ཁྲོད་བཏབ་སྟེ། རྣམ་ཐར་ནང་བཀོད་པ་ལྟར་འདུ་འཛིའི་འབྲེལ་ཐག་བཅད་པ་དང་། ཆགས་སྡང་ཚོགས་མང་གི་འགོ་འཛིན་མི་བྱེད་པ། བོན་སྤྱོད་ཀྱི་བྱ་བར་མ་གཏོགས་པའི་ལག་ཤེས་ཀྱི་བྱ་བ་མི་སྐྱོང་བ། འཚོ་བ་གང་བྱུང་བ་ཙམ་ལས་དཀོར་ཟས་བྱུང་རྒྱལ་དུ་མི་སྤྱོད་པ། ཕྱི་མའི་སྒྲུབ་བརྒྱུད་ཀྱི་རིང་ལུགས་ཁོ་ན་སྐྱོང་བ་ལས་འཕྲིན་ལས་སྣ་ཚོགས་ཀྱིས་ཡོན་ཏན་ཟོང་དུ་མི་ཚོང་བ་བཅས་དམ་བཅའ་ཅེན་པོ་ལྔ་ཕུལ་ནས་སྒྲུབ་པ་ཉམས་སུ་བླངས་ཏེ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པ་དང་། འཕྲུལ་ངག་གཡུང་དྲུང་དོན་གྱི་རྒྱུན་སྐྱོང་བར་མཛོད་ཆེན་ལྔ་སོགས་བྱས་རྗེས་ཆེན་པོ་བཞག་རྗེས་སྤྱི་ལོ1934ལོའི་ཧོར་ཟླ4པའི་ཚེས13ཉིན་སྐུ་འཇའ་ལུས་སུ་གཤེགས་པ་རེད།

    དེ་ལྟར་ཤར་བཀྲ་ཤིས་རྒྱལ་མཚན་ནི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ལ་འཁྲུངས་པ་ལས། བོད་ཀྱི་རིག་གནས་ལོ་རྒྱུས་ནང་སྐད་གྲགས་ཡོད་པའི་སྐྱེ་བོ་དམ་པ་ཕལ་ཆེར་ནི་ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་ལ་ངོས་འཛིན་བྱས་པ་ལྟར་མ་ཡིན་པར། ཆུང་དུས་ནས་སྐྱེས་བུ་ཕལ་པ་ཞིག་གི་ཚུལ་གྱིས་རིག་པ་དོན་དུ་གཉེར་ནས་མཁས་པའི་གོ་འཕང་ཐོབ་པ་ཞིག་ཡིན་པས། སོ་སོ་སྐྱེ་བོ་རྣམས་ཀྱི་བློ་ངོར་དེ་ལས་མིག་དཔེར་འོས་པ་ཞིག་ཡིན་ཏེ། དམ་པ་ཁོང་གིས《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ》ནང་ཤེས་རབ་རབ་གཅིག་ཡོད་ཀྱང་བརྩོན་འགྲུས་ཐ་མ་ཞིག་ལས་མེད་ན། དགེ་བྱེད་ཐ་མ་ཞིག་ལས་མི་འོང་། ཤེས་རབ་ཐ་མ་ཞིག་ལས་མེད་ཀྱང་བརྩོན་འགྲུས་རབ་གཅིག་ཡོད་ན། དགེ་བྱེད་ཀྱང་རབ་གཅིག་ཏུ་འགྲོ་བ་ཡིན་ཞེས་གསུངས་པ་ལྟར་ཚེ་གཅིག་ལ་གཡུང་དྲུང་བོན་གྱི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་གནང་བ་གཞིར་བྱས། ཐུབ་བསྟན་གྱི་རླུང་རྟ་གང་སར་གཡོ་བའི་དུས་སུ་གྲུབ་མཐའ་ཡི་གུ་དོགས་པའི་ལ་རྒྱ་མི་བཟུང་བར་མཐོ་ས་འདོད་ན་དམན་ས་བཟུང་ཞེས་པ་ལྟར། སྤྱན་རྒྱང་རིང་པོས་ཐུབ་པའི་བསྟན་པ་ལ་སློབ་སྦྱོང་དང་ལད་མོ་གང་མཁས་བྱས་ཏེ་བོན་བན་གྱི་ལྟ་སྒོམ་སྤྱོད་གསུམ་མཐུན་སྦྱོར་དང་མཉམ་བསྲེས་ཀྱིས་འོ་ཆུ་འདྲེས་པ་ལྟར་བྱས་ཏེ་བོན་གྱི་གཞུང་ལུགས་མ་ལག་ཕུན་སུམ་ཚོགས་པར་བཏང་བས། ཤར་རྫ་རི་ཁྲོད་ཅེས་དེ་སྔོན་གོ་ཐོས་ཉུང་བའི་ལུང་པ་དང་རི་ཁྲོད་དེ་ཕྱོགས་བཞིར་གྲགས་པ་འབར་བ་ནས་བཟུང་། གྲུབ་མཐའ་རིས་མེད་ཀྱི་སྐྱེ་བོ་མང་པོ་ཁོང་གི་དྲུང་དུ་བཅར་ཏེ་ཐོས་བསམ་དོན་དུ་གཉེར་བས་འཕྲུལ་ངག་གཡུང་དྲུང་བོན་གྱི་གཞུང་རྟ་རྒྱས་ལ་འབྲས་བུ་གཡུར་དུ་ཟ་བར་སྨིན།

    ཆུ་འགོ་མ་མཐོང་བའི་མི་རིགས་ཤིག་ཇི་ལྟར་འགྲོ་ཡང་ཐར་ལམ་རྙེད་དཀའ་བས་དེང་སང་བོད་ཀྱི་མཁས་པ་མང་པོས་སྲིད་པའི་བོན་དང་གཡུང་དྲུང་བོན་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱང་རང་མཚན་ལྡན་པ་ཞིག་ཏུ་འགྱུར་བཞིན་ཡོད་ལ། བོད་ཀྱི་སྔར་ཡོད་གཡུང་དྲུང་བོན་བསྟན་དང་ཕྱིས་བྱུང་ཐུབ་པའི་བསྟན་པ་གཉིས་ལས་ད་གཟོད་བོད་བརྒྱུད་ནང་བསྟན་ཞེས་ང་ཚོའི་འགྲོ་འདུག་ལངས་གསུམ་དང་ལྟོ་གོས་གཏམ་གསུམ་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འདྲེས་ཡོད་པས། ཕྱི་དང་ནང་ཞེས་དབྱེ་འབྱེད་བྱེད་རུང་བ་ཞིག་མ་ཡིན་ཏེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་ཀྱང་འདྲེས།། བོན་ལ་སྨད་ཀྱང་གལ་ལ་ཐུག་པའི་དུས།། བོན་པོ་ཇུ་ཐིག་ཅན་ལ་བླངས་དོར་འདྲི།། བོན་ལྟར་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས།། བོན་གྱི་བཅོས་ཀས་ཕན་པར་ཀུན་གྱིས་རེ།། ཞེས་གསུངས་པའི་རྨ་མེད་པའི་ལེགས་བཤད་དེ་ནི་རང་ཉིད་ཀྱི་མངའ་སྡེ་རྒྱ་རུ་བསྐྱེད་པར་རང་ལྟ་མཆོག་འཛིན་བྱེད་པའི་བླ་སྤྲུལ་མཁན་གསུམ་དང་། ཤེས་རིག་ལོ་རྒྱུས་ལ་ཆ་རྒྱུས་མེད་པར་ཀུ་ཅོའི་རྗེས་སུ་འབྲངས་པའི་ན་གཞོན་ཚོ། དེ་མིན་མ་ཤེས་རྨོངས་པས་དད་པའི་མི་སེར་རྣམས་ཀྱིས་ནམ་ཡང་གཟུངས་སྔགས་ལྟར་སེམས་ནང་འཛིན་ཞིང་ངག་ནས་ཟློ་དགོས་པ་ཞིག་རེད་སྙམ།


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག

    མི་རིགས་ཤིག་དམངས་གཙོ་དང་དཔལ་ཡོན། འབྱོར་ཕྱུག་ལྡན་པའི་མ་འོངས་པར་འགྲོ་བར་རིག་གནས་ནི་ལམ་ཡིག་ཡིན་པས། རིག་གནས་གང་འདྲ་ཞིག་ཡོད་ན་འགྲོ་ལམ་དེ་འདྲ་ཞིག་ཡོད་ལ། འགྲོ་ལམ་གྱི་རྒྱ་ཆེ་ཆུང་དང་ཐག་རིང་ཐུང་ནི་རིག་གནས་ཀྱི་བདག་པོའི་ཁོག་རྒྱ་ཆེ་ཆུང་དང་མིག་རྒྱང་རིང་ཐུང་ལ་རག་ལས། རེད་དེ། ངས་ཕྱི་རབས་པ་རྣམས་ཀྱང་མེས་པོ་ཚོ་ལྟར་རི་ཁྲོད་དུ་བྱ་བྲལ་བཏང་སྙོམས་སུ་ཞུགས་དགོས་ཞེས་ནན་གྱིས་བསྐུལ་བ་མིན་པར། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཤི་གསོན་བར་གྱི་ས་མཚམས་སུ་རང་རྐང་ཚུགས་པའི་གཞི་རུ་གཞན་ལ་བསྟུན་ལུགས་མཁས་པ་དང་། བསྟུན་ནས་མཐུན་པའི་ལམ་ཞིག་རྙེད་པ་ལྟར། སྔོན་བྱོན་དམ་པ་རྣམས་ཀྱིས་དཀྱེལ་ཡངས་དང་གུ་ཡངས་ཀྱིས་རིག་གནས་ལ་རྟོན་པའི་སྙིང་སྟོབས་དེ་མིག་དཔེར་བཟུང་ནས། ལོ་རྒྱུས་ཡུན་རིང་ལྡན་ཡང་བཟང་ངན་གཉིས་ཀ་བསྲེས་ནས་ཡོད་པའི་སྲོལ་རྒྱུན་ལས་ཤེས་རབ་བསླངས་ཏེ། གཞུ་གྲིམ་པོ་ལ་མདའ་རྣོན་པོ་སྤྲད་པ་ལྟ་བུའི་ཐབས་དང་ཤེས་རབ་ནི་ཅིས་ཀྱང་དགོས་སོ་ཞེས་རེ་འབོད་བྱེད་པ་ཡིན་ལགས།

    དབྱར་ཟླ་དྲུག་པའི་གནམ་ངོ་རུ་མེ་ལྟར་འབར་བའི་ཉི་འོད་དེ་གློ་བུར་དུ་སྤྲིན་ནག་གིས་བསྒྲིབས་ཏེ་བསིལ་རླུང་འཇམ་བུར་ལྡང་བ་ནི། ངས་འཕེལ་འགྱུར་མང་བའི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་མཇལ་རྗེས་ཀྱི་སེམས་ཁམས་དང་འདྲ་ལ། རྫ་ཁོག་ལུང་པ་ནས་བཞུར་བའི་རྫ་ཆུ་སྔོན་མོ་ནི་བཞུར་ལམ་ཇི་ལྟར་བསྒྱུར་ཡང་ཆུ་འགོ་གངས་ལ་གཏུགས་ཡོད་པས་བཞུར་སྟངས་ནམ་ཡང་ནོར་མི་སྲིད་པ་ལྟར་མདུན་དུ་རྒྱུག་བཞིན་འདུག  རང་ཡུལ་རང་གིས་བསྐོར་བའི་མི་ཞིག་ལ་མཚོན་ན་ས་ཆ་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་རྗེས་ཤུལ་མང་པོ་མཇལ་ཡང་བོན་ཆོས་ཟུང་དུ་འབྲེལ་ན་མ་གཏོགས་འགྲེལ་བཤད་རྒྱག་ཐབས་མེད་པས་ངས་གཞི་ནས་བོན་གྱི་ལོ་རྒྱུས་རིག་གནས་ལ་དོ་སྣང་བྱེད་འགོ་ཚུགས་པ་ཡིན།

   ཉག་ཆུའི་འགྲམ་ལ་སྐྱེས་ཏེ་འཚར་ལོངས་བྱུང་བའི་ང་ལ་མཚོན་ན། ཆུང་དུས་སུ་དབྱར་ཁ་ཤར་དུས། ཆུ་བོ་ཉག་ཆུ་ནི་རྙོག་ཅིང་ནག་ལ་རྒོད་ཅིང་འཕྱུར་བ་དང་། དགུན་ཁ་ཤར་དུས། སྔོ་ཞིང་དྭངས་ལ་འཇམ་ཞིང་ལྷོད་པ་ལ་དགའ་ཡང་དགའ་ལ་སྐྲག་ཀྱང་སྐྲག་པ་ལས། ཉག་ཆུའི་ཆུ་འགོ་གང་ན་ཡོད་པ་དྲན་མ་ཤེས་ལ་ཆུ་མཇུག་གང་ལ་ཡིན་པ་བསམ་ཡང་མ་མྱོང་མོད། དུས་ད་ལྟར་ངས་ལོ་རྒྱུས་ཀྱི་དྲི་བ་མང་པོ་དང་སྐྱིད་སྡུག་གི་མྱོང་ཚོར་ཟབ་མོ་ཁུར་དུ་བླངས་ཏེ་རི་ལུང་ཐང་གསུམ་སྐོར་དུས། ཆུ་འགོ་ནས་གངས་ཆུ་དང་རྫ་ཆུ། ཆུ་སྐེད་ལས་སྤང་ཆུ་དང་ནག་ཆུ་མཉམ་དུ་འཛོམས་ཏེ་མཐར་རྒྱ་མཚོར་འདུས་པའི་ཐར་ལམ་ཞིག་མཐོང་བས་རྫ་ཆུའི་འགྲམ་དུ་ལངས་ཏེ་རང་སེམས་གསོ་བའི་གླུ་འདི་ལྟར་ཞིག་བླངས་སོ།།       

གངས་རི་བརྒྱ་ལས་ཁ་བའི་ཟེགས་མ་བསྡུས།

སྤང་རི་སྟོང་ལས་རྭ་རྩེའི་ཟིལ་པ་བསླངས།  

གངས་སེང་གེ་ཡི་གད་རྒྱངས་དང་འབྲོང་བྲེ་སེར་གྱི་ངུར་སྒྲ།

མཐའ་ཡས་རྒྱ་མཚོར་ལེགས་སྐྱེས་སུ་ཕུལ།

 

རྫི་བོ་ཡི་རྨི་ལམ་དཀྲོགས་པའི་མགུར་གླུ་ཞིག

ཞིང་ཁ་ན་འབྲུ་དྲུག་གསོ་བའི་ལྷ་ཆབ་ཅིག

 

གངས་རིས་རྒྱབ་ནས་སྐྱེལ་བའི་དྭངས་གཙང་མ།

ནགས་རིས་མདུན་ནས་བསུ་བའི་བདུད་རྩི་མ།

ཁོག་རྒྱ་ཡངས་པོར་ཆུ་སྣ་མ་ལུས་མཉམ་དུ་འདུས།

ཆུ་སྣ་འཛོམས་པས་བཞུར་ལམ་རིང་པོར་ཐོགས་འགག་མེད།

 

ས་ཆེན་གྱི་མགུལ་དུ་བསྒྲོན་པའི་དར་དཀར་མ།

ས་གསུམ་ལན་དགུར་མཐུད་ཀྱང་ཆོག

 

འབྲོག་པའི་གཡག་རྒོད་བརྟུལ་བའི་ངག་འཇམ་མ།

རོང་པའི་ས་རྒོད་བརླན་པའི་རྒྱུན་འགྲོ་མ།

རླབས་ཕྲེང་མཐོན་པོས་གསེར་མིག་ཉ་མོའི་གཤོག་དྲུག་རྒྱས། 

འཕེལ་འགྲིབ་ཆུང་བས་ཡུལ་མི་རྣམས་ཀྱི་བློ་སེམས་བདེ།

 

བོད་མི་ཡི་སེམས་ནང་བཞུར་བའི་དག་གསལ་མ།

འཛམ་གླིང་དཀྲིས་གསུམ་བརྒྱག་ཀྱང་ཆོག


ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1