གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༡ཉིན།

ཧྲུའུ་ཅི་བཟང་བོ་ནི་སྡེ་བ་ཡོངས་ཀྱི་རྒྱན་ཡིན།

ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་སར་སྡེ་བའི་ཧྲུའུ་ཅི་དང་བོ་རྡོ་རྗེ་རབ་བརྟན་གྱི་གནས་ཚུལ་རགས་བཀོད།



       ཧྲུའུ་ཅི་གཟུགས་རིང་གིས་ང་ཚོ་ལ་དཀའ་ངལ་མང་པོ་སེལ་རོགས་བྱས་ཡོད་ཅེས་པ་ནི་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་སྟག་ལུང་སྡེ་བ་དང་། མག་སར་སྡེ་བའི་འབྲོག་པ་རྣམས་ཀྱིས་རྒྱུན་པར་གླེང་བའི་ཚིག་ཅིག་རེད། ཧྲུའུ་ཅི་གཟུགས་རིང་དེ་ནི་ཧུང་ཡོན་རྫོང་གི་འཕེལ་རྒྱས་བཅོས་བསྒྱུར་དང་དཔལ་འབྱོར་ཚོང་དོན་ཆ་འཕྲིན་ཅུས་ཀྱི་ལས་བྱེད་པ་རྡོ་རྗེ་རབ་བརྟན་རེད། 2016ལོ་ནས་ད་བར། རྡོ་རྗེ་རབ་བརྟན་གྱིས་སྔ་གཞུག་ཏུ་སྡེ་བ་དེ་གཉིས་ཀྱི་ཧྲུའུ་ཅི་དང་བོའི་འགན་ཁུར།
       ལས་འགན་ཁུར་ཡུན་རིང་། རྡོ་རྗེ་རབ་བརྟན་གྱིས་མང་ཚོགས་ལ་འདྲི་གླེང་བྱེད་པ་ནི་ལས་ཀ་གཙོ་བོར་བཟུང་ནས། མང་ཚོགས་ཀྱི་ལན་ལ་ནན་གྱིས་ཉན་པ། ཞིབ་ཅིང་གསལ་བའི་ཟིན་ཐོ་བཀོད་དེ་དུས་ལྟར་མང་ཚོགས་ཀྱི་དཀའ་ཁག་དང་རེ་ཞུ། བསམ་འཆར་རྒྱུས་ལོན་བྱས་ཤིང་། རྩིས་ཐོ་བཀོད་པར་མ་ཟད། ཉིན་རེ་བཞིན་ལྟེབས་དང་ཞིབ་འཇུག་ཐག་གཅོད་རྒྱུན་འཁྱོངས་བྱས་ནས་བྱ་བ་གང་དང་གང་ལ་ཡང་ལན་ཡོད་པ་ཞིག་དང་། གནད་དོན་ཅི་དང་གང་ལ་ཡང་ཐག་ཆོད་པ་ཞིག་ཡོད་པར་བྱས། 
      2016ལོ་ནས་2017ལོའི་བར། སྟག་ལུང་སྡེ་བ་དང་མག་གསར་སྡེ་བ་གཉིས་སྔ་ཕྱིར་དབུལ་ཕོངས་ལས་ཐར་བ་དང་། 2018ལོར་མག་གསར་སྡེ་བར་སྔ་ཕྱིར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་བ་དང་། ཞིང་ཆེན་རིམ་པའི་ཡུལ་གྲོང་ལྗོངས་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་སྡེ་བ། རྔ་བ་ཁུལ་གྱི་བཟང་བོ་བཞི་འཛོམས་ཀྱི་སྡེ་བ་བཅས་ཀྱི་མཚན་སྙན་དང་གཟེངས་རྟགས་ཐོབ། གཡུར་དུ་ཟ་བའི་འབྲས་བུ་དེ་དག་ནི་རྡོ་རྗེ་རབ་བརྟན་གྱི་ལྡོག་པ་མེད་པའི་བརྩོན་འགྲུས་དང་ཕངས་སེམས་མེད་པའི་བློས་བཏང་དང་འབྲལ་ཐབས་མེད།
        རྡོ་རྗེ་རབ་བརྟན་གྱིས་ནམ་ཡང་མང་ཚོགས་ཀྱི་དཀའ་ཁག་དང་རེ་ཞུ་མྱུར་བར་ཐག་གཅོད་ཐུབ་པར་དམིགས་ཤིང་། རྒྱུན་པར་ཁོའི་ལག་ཏུ་བཟུང་བའི་ཟིན་བྲིས་ལ་ལྟེབས་གཉེར་ཆགས་འདུག་ཅིང་། དེའི་ནང་དུ་དོན་དག་རེ་རེ་ཐག་བཅད་ཚད་དང་མང་ཚོགས་ཡིད་ཚིམ་ཚད་སོགས་ཞིབ་པར་བཀོད་ཡོད། ཁོས་དུས་ཚིགས་རེར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་268ཀྱི་ཁྱིམ་ཚང་རེ་རེར་འདྲི་གླེང་ལ་འགྲོ་བ་རྒྱུན་བསྐྱངས་ནས། ནད་གཞི་ལྗིད་པའི་ཁྱིམ་ཚང་23དང་། དབང་བོ་སྐྱོན་ཅན་གྱི་བྱིས་པ་གཉིས་ལ་སྨན་བཅོས་རོགས་སྐྱོར་བརྩོན་ལེན་བྱས། སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་101ལ་སློབ་གསོའི་རོགས་དངུལ་ཐོབ་ཏུ་བཅུག་ཅིང་། གཞན་དབུལ་ཁྱིམ་22ལ་སྡོད་གནས་ཀྱི་གནད་དོན་ཐག་བཅད་ཅིང་། དམངས་ཀྱི་དོན་དུ་མིག་མཐོང་ལག་ཟིན་གྱི་བྱ་བ་500ལྷག་ཙམ་བསྒྲུབས་པ་དང་འགལ་བ་དང་རྩོད་གཞི་58འདུམ་འགྲིག་བྱས།
        རྡོ་རྗེ་རབ་བརྟན་གྱིས་མང་ཚོགས་ཀྱིས་ཁོར་ཧྲུའུ་ཅི་གཟུགས་རིང་ཞེས་འབོད་ཐེངས་རེར། མང་ཚོགས་ཀྱིས་རང་ལ་བཟུང་བའི་ཡིད་ཆེས་རྟོགས་ཐུབ་ཅིང་རང་ཉིད་ལ་ཡང་ཡིད་ཆེས་ཀྱིས་ཁེངས་འདུག་ལ། རང་གི་ཕྲག་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་བབས་ཡོད་པའང་ཚོར་ཡོད་ཅེས་གསར་འགོད་པར་བཤད།
       རྡོ་རྗེ་རབ་བརྟན་གྱིས་འགན་འཁྲི་ཕྲག་ཏུ་བླངས་ནས་སྡེ་བའི་འཕེལ་རྒྱས་ཀྱི་ཆེད་དུ་འབད་དགོས་པ་གསལ་བོར་རྟོགས་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། རྩ་འཛུགས་ནི་སྲོག་ཤིང་ཡིན། འཕེལ་རྒྱས་གཏོང་བར་སྔོན་ལ་ངེས་པར་དུ་ཏང་སྐྱོང་ལ་ཆེས་ཆེར་བརྩོན་དགོས་ཤིང་། ཏང་གི་འཛུགས་སྐྱོང་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་ཞེས་རྡོ་རྗེ་རབ་བརྟན་གྱིས་བཤད།
      སྡེ་བར་སྡོད་སྐབས་ཁོས་སྣེ་ཁྲིད་དེ་ལས་བྱེད་པའི་རྒྱུན་གཏན་གྱི་ལས་རེས་ལམ་ལུགས་བཙུགས་པ་དང་། ལས་བྱེད་པའི་ལས་ཀར་ཞིབ་བཤེར་དང་། དཀའ་ངལ་གྱི་རེ་ཞུ། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་བཅས་རྩིས་ཐོ་གསུམ་བཟོས། ཏང་གི་འཛུགས་སྐྱོང་ལས་དོན་དང་། དབུལ་བྲལ་རོགས་སྐྱོར། ཉིན་རྒྱུན་གྱི་བྱ་དངོས་ཁྲིད་སྟོན་བཅས་ཀྱི་ལམ་ལུགས་ཁྱབ་གདལ་དུ་བཏང་། གཟའ་འཁོར་རེར་ཚོགས་འདུ་རེ་དང་ཟླ་རེར་ཕྱོགས་སྡོམ་རེ་ལག་ལེན་དུ་བསྟར་ནས། བྱ་གཞག་ཐམས་ཅད་གནད་ལ་ཁེལ་བ་དང་འབྲས་བུ་ལྡན་པ་ཞིག་ཡོང་བར་ཁག་ཐེག་བྱས། དེ་དང་ཆབས་ཅིག་ཏང་ཡོན་གྱི་སྐར་གསོག་དོ་དམ་བྱ་ཐབས་དང་། སྡེ་དམངས་ཀྱི་སྐར་གསོག་དོ་དམ་བྱ་ཐབས་བཟོས་ནས་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྐུལ་ཁྲིད་དང་མང་ཚོགས་ཀྱིས་རང་སྐྱོང་བྱེད་པའི་ལུགས་སྲོལ་གསར་བ་བཟོས་ཡོད།
      འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ནི་ཀུན་ལས་ལྷག་ཅིང་། མང་ཚོགས་ཀྱི་དོན་ཡིན་ན་དོན་ཆུང་མིན་པའི་དགོངས་པ་གཞིར་བཟུང་སྟེ། གཞི་རིམ་ཏང་གི་རྩ་འཛུགས་སྟོབས་ཆེར་བཏང་རྗེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དེ་རྡོ་རྗེ་རབ་བརྟན་གྱི་སེམས་ཁོང་གི་དོན་ཆེན་ཨང་དང་བོར་གྱུར་པ་དང་། ཁོང་གིས་སྣེ་ཁྲིད་དེ་མག་སར་སྡེ་བའི་འོ་རློན་སྡེབ་སྐྱེལ་ལྟེ་གནས་དང་། ཨ་མདོའི་དམངས་སྲོལ་རིག་གནས་ཉམས་ལེན་ལྟེ་གནས། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ལྗོངས་སྐོར་གྲོང་ཚོ་སོགས་བཙུགས་ནས་གྲོང་ཚོ་རིམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་སྡེ་བ་གཉིས་ཀྱི་འབྲོག་པ་ཁྱིམ་613གྱི་མང་ཚོགས་ཀྱི་གསར་གཏོད་ཡོང་འབབ་ལ་སྐུལ་ཁྲིད་བྱས་པས། ཁྱིམ་ཚང་127གྱི་མང་ཚོགས་དབུལ་པོ་550བདེ་བླག་ངང་དབུལ་ཕོངས་ལས་ཐར་ཡོད།
      རྡོ་རྗེ་རབ་བརྟན་དང་སྡེ་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་མཐར། མག་སར་སྡེ་བའི་གྲོང་ཚོའི་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་སྡེ་བ་སྤྱིའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་འཕེལ་རྒྱས་ཕྱིན་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་བདེ་ཞིང་སྐྱིད་པའི་ཕྱོགས་སུ་འཕེལ་བཞིན་ཡོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1