༄༅།། ཟླ་བ་དང་རི་བོང་གི་གཏམ་རྒྱུད།

ཁྱུང་ཐར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-21



ཁྱུང་ཐར་རྒྱལ།
གང་ཚེ་ལྷ་ཡི་དབང་པོ་བརྒྱ་བྱིན་རང་གི་ཉེ་བའི་འཁོར་དང་ལྷན་ཅིག་ཡུལ་གྱི་རྩེ་དགའ་མྱོང་སླད་དུ། །
འཇིག་རྟེན་མི་ཡུལ་ཉམས་སུ་དགའ་ཞེས་རྒྱང་རིང་གཏམ་གྱི་ཆེ་བ་ཐོས་པས་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར། །
ཨེ་མ་མ་ལ་ཉམས་དགའི་མི་ཡུལ་གྲོང་དང་གྲོང་ཁྱེར་མུ་རུ་སྦྲེལ་བས་ལྷ་དབང་གཞི་ནས་མགོ་བོ་འཁོར། །
གང་སར་མི་ཚོགས་འཚང་ཁ་ཤིག་ཤིག་ཅ་ཅོའི་སྒྲ་དག་རྣ་བར་གཟན་པས་ལྷ་དབང་དེ་བས་སུན་པོ་བྱུང་། །
དེའི་ཚེ་འདི་ལས་ལྷིང་འཇགས་ལྡན་པའི་གནས་ཤིག་ཅིས་ཀྱང་འཚོལ་བར་རིགས་ཞེས་གདོད་མའི་ནགས་ཚལ་ཆེན་པོར་གཤེགས། །
ནགས་ཀྱི་གཅན་གཟན་གཏུམ་པོ་དག་དང་ཉམ་ཆུང་རི་དྭགས་ཕལ་བའི་རིགས་རྣམས་ལྷ་དབང་བསུ་ལ་མངོན་པར་ཕྱོགས། །
གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་དགུང་གི་ཉི་མ་སེར་པོ་སྒྲིབ་བཞིན་ལྷ་དབང་དལ་བ་དལ་བུར་ཕེབས། །
མི་འཇིགས་གདོང་ལྔས་མཐོན་པོར་བཏེགས་ཤིང་བཀྲ་ཤིས་རེ་ཁྭས་མཛེས་པར་སྤུད་པའི་གསེར་ཁྲིའི་སྟེང་དུ་བཞུགས་པ་དང་། །
ལྷན་ཅིག་ནགས་ཀྱི་རི་དྭགས་ཚོགས་རྣམས་བརྩེ་བའི་གུས་ཕྱག་སྔོན་དུ་བྱས་ཤིང་རང་རང་མཁོས་ཀའི་གསོལ་ཚིགས་དྲངས། །
རི་དྭགས་རྒྱལ་པོ་སེང་གེ་ཡོང་ནས་ཤ་ཚིལ་མངར་པོའི་སྡེར་ཁ་ཕུལ་ཞིང་སྙན་པའི་གཏམ་དག་ངོ་སོར་ཕུལ། །
སྡེར་ཁྱིམ་རྣོ་བའི་དྲེད་མོང་དག་གིས་རང་གིས་བཏུས་པའི་གྲོ་མ་བཙོས་ཏེ་མར་ཁུས་བརྒྱན་ཞིང་བརྩེ་བས་དྲངས། །
བྱ་བྱེད་མང་པའི་སྤྲེའུ་ཚོགས་རྣམས་མཆོང་རྒྱུགས་གར་གྱིས་ལྗོན་ཤིང་དག་གི་རྩེ་རུ་འགོས་ནས་ཤིང་འབྲས་ཕུལ། །
ཤིན་ཏུ་ཉམ་ཆུང་རི་བོང་ཞིག་གིས་བདག་ལ་འབུལ་རྒྱུ་ཅི་ཡང་མེད་མོད་རང་ལུས་ཕུལ་བ་ཡིན་ཞེས་སྨྲས། །
དེའི་ཚེ་ལྷ་དབང་བརྒྱ་བྱིན་མཆོག་གིས་བློ་ལྡན་རི་བོང་དེ་ཡི་གཏམ་ལ་བརྟགས་ཤིང་ཚོད་བགམ་བྱེད་པའི་ཆེད། །
མདུན་དུ་སྲིད་པའི་མེ་ཆེན་སྦར་ཏེ་ཁྱེད་རང་ནང་དུ་མཆོང་ཤིག་ཁོ་བོས་བསྲེག་མའི་ཤ་དག་ཟ་ཞེས་སྨྲས། །
དེའི་ཚེ་བློ་ལྡན་རི་བོང་དེ་ཉིད་ཡིད་གཉིས་ཐེ་ཚོམ་ཅི་ཡང་མེད་པར་མེ་ལྕེའི་ཀློང་དུ་མཆོང་པ་ན། །
ཁོར་ཡུག་ཀུན་ཏུ་འབོད་སྒྲ་སྒྲོག་ཅིང་ལྷ་དབང་ཉིད་ཀྱང་ཡིད་ཆེས་ཟབ་མོས་རི་བོང་དེ་ལ་དགའ་བར་གྱུར། །
དེའི་ཚེ་ལྷ་དབང་ཤིན་ཏུ་དགྱེས་ཤིང་འཛུམ་དཀར་ཚེམས་ཕྲེང་ལྷུགས་པོར་གྲོལ་བཞིན་ནགས་ཀྱི་རི་དྭགས་ཡོད་ཚད་ལ། །
རི་བོང་འདི་ནི་གཞན་དོན་འབའ་ཞིག་དོན་དུ་གཉེར་ཞིང་ལྷད་མེད་རང་གཤིས་འོད་དུ་འཚེར་བའི་དྲན་རྟེན་དུ། །
རི་བོང་གཟུགས་བརྙན་གཙུག་ལག་ཁང་གི་རྒྱ་ཕིབས་རྩེའམ་ཡང་ན་ཆུ་བོའི་འགྲམ་དང་མཐོན་པོའི་རི་རྩེ་རུ། །
བཞེངས་ཏེ་ཆེ་བའི་གཏམ་དག་འཇིག་རྟེན་ཀུན་ཏུ་བསྒྲགས་ཏེ་གོ་བར་བྱེད་པའི་བཀའ་ལུང་བཙན་པོ་ཐོག་ལྟར་བསྩལ། །
འགའ་ཞིག་གཙུག་ལག་ཁང་གི་རྒྱ་ཕིབས་རྩེ་རུ་བཞེངས་པ་མཆོག་ཏུ་བསྔགས་ཤིང་འགའ་ཞིག་ནང་གི་རྟེན་དུ་འཐད། །
འགའ་ཞིག་མཐོན་པོའི་རི་ལ་འཐད་ཅིང་འགའ་ཞིག་དལ་འབབ་གཙང་པོའི་འགྲམ་ཀྱང་ཤིན་ཏུ་འོས་ཤིང་འཚམས་པར་སྨྲ། །
དེའི་ཚེ་ལྷ་དབང་བརྒྱ་བྱིན་དེ་ཉིད་ཐུགས་རྒྱང་རིང་ཞིང་དགེ་ལ་གཞོལ་བའི་ཐབས་ཤེས་གོམས་པའི་མངོན་རྟགས་སུ། །
ཤིན་ཏུ་མཐོ་བའི་ཁྲི་ལ་འོས་ཞེས་རི་བོང་གཟུགས་བརྙན་ཟླ་བར་བཀོད་དེ་བསྐལ་བའི་བར་དུ་གོ་བར་བྱས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1