གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བདུད་ལྷ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༢ཉིན།

༄༅།། གངས་ཞུན་གྱི《 འཁོར་བའི་སྙིང་པོ》 ལ་དཔྱད་པ།


བདུད་ལྷ་རྒྱལ།
        《 འཁོར་བའི་སྙིང་པོ།》 ཞེས་པའི་སྙན་རྩོམ་འདི་ནི་ཆེས་བབ་ཆག་པ་དང་ཐབས་ཆག་པ་ཞིག་སྟེ། ཁོས་བརྗོད་པར་འདོད་པའི་དོན་ནི་རང་ཅག་འདོད་པའི་ཁམས་ཀྱི་སྐྱེ་བོ་ཀུན་གྱི་རྒྱུད་ན་ཡོངས་ཁྱབ་ཏུ་ཡོད་མྱོང་བའམ་ཡོད་པ་ཞིག་དང་སྙན་ངག་གི་རྗོད་ངག་གམ་སྐད་ཆ་ཡང་དེ་ལྟར་དུ་དམངས་ཡོངས་ཀྱིས་གོ་བར་འགྱུར་བའི་སྐད་ཆ་ཞིག་རེད། སྙན་རྩོམ་འདིའི་ནང་ན་མཚོན་དོན(象征)ནམ་ཡིད་གཟུགས(意象)བཅས་ཀྱི་འབྲི་ཐབས་སྤྱད་པ་གང་ཡང་མེད་ལ། འགལ་འདུའི་སྐད་ཆ(矛盾语)འམ་ཚོར་བརྗེ(移情)ལྟ་བུའི“རྒྱན”གྱི་རྣམ་པ་ཡང་མེད་པར། སྙན་རྩོམ་འདིས་ཆེས་སྤྱིར་བཏང་བའི་ཀུན་གྱིས་ཤེས་པའི་སེམས་ཀྱི་རྣམ་འགྱུར་ཞིག ཀུན་གྱིས་གོ་བའི་ཕལ་བའི་སྐད་ཀྱིས་མཚོན་པར་བྱས་པ་ཉིད་ཡིན། ཆེས་ངོ་མཚར་བ་ལ་དེ་ལྟ་བུའི་སྤྱི་བཏང་བའི་ཆ་ལས་བྱུང་བའི་སྙན་ངག་གི་མཛེས་པའམ་སྒྱུ་རྩལ་གྱི་རོ་མངར་ནི་མཛེས་པའི་མཐར་སོན་པའམ་རོ་མངར་གྱི་རྩེར་ཕྱིན་པ་ཞིག་རེད། རྒྱའི་སྙན་གཞུང་ནས་བཤད་པའི“ཐབས་རྩལ་མེད་པའི་ཐབས་རྩལ་ནི་ཐབས་རྩལ་གྱི་མཆོག་གོ”ཞེས་པ་དངོས་རེད།
        རྩོམ་གྱི་མི་སྣ་རང་ཉིད་རང་ཉིད་ཀྱི་སྙིང་སྡུག་ཆུང་མ(ངས་འདི་ལྟར་གོ་བ་བླངས་པ་ལྷག་པར་འགྲིག་སྙམ)གང་དང་ཁ་པར་ལས་དངོས་སུ་ཐུག་འཕྲད་བྱུང་སྟེ་ཁ་བརྡ་གང་མང་བྱས་ཀྱང་། ཅི་ལྟར་ཡང་ད་དུང་བཤད་དགོས་པ་གང་ཞིག་མ་བཤད་པ་འདྲའི(སྟོང་སྣང) ཞིག་ཁོ་ལ་ནམ་རྒྱུན་འབྱུང་བར་འདུག འོ་ན་དུས་ལ་ཁོམ་ལོང་ཡོད་པ་དང་སེམས་རྣལ་ལ་བབས་ཏེ་བརྗོད་ཆོག་པའི་འཕྲིན་གྱི་ཐབས་ལ་བརྟེན་ནས་སྟོང་སྣང་དུ་ལུས་པའི་བཤད་དགོས་པ་གང་དེ་བཤད་པར་རྩོམ་ན། དེ་ཡང་རྙོག་འཁྲུགས་ཁེག་པོ་ཅན་ཞིག་སྟེ་གླེང་མགོ་གང་ནས་རྩོམ་དགོས་མི་ཤེས། འདི་ནི་ཅི་འདྲའི་བརྟོལ་མེད་ཐབས་རྡུག་ཤིག་ཨང་། མ་བཤད་ན་བཤད་དགོས་པ་འདྲ་ལ་བཤད་པར་བརྩམས་ཚེ་སྔར་བཞིན་ད་དུང་ཤོད་མེད་པ་འདྲ། དོན་གྱིས་འདི་ནི་ད་གཟོད་འཇིག་རྟེན་སྣང་བ་རེད། མཛའ་གཅུགས་སེམས་ཀྱི་རི་མོ་གཅིག་ཏུ་བབས་པའི་འདོད་ཁམས་པའི་སྡུག་བསྔལ་གྱི་ཆ་གཅིག་སྟེ། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་གྱི་ཆ་གཅིག་ཡིན་པ་སྨོས་མ་དགོས། འདི་ནི་སེམས་ཀྱི་སྡུག་བསྔལ་དངོས་ཡིན་པས་གནའ་ནས་སྙན་ངག་གི་རྒྱུ་རུ་གྱུར་བ་ཡིན། རྒྱ་གར་གྱི་སྙན་ངག་མཁན་པོ་ནག་མོ་ཁོལ་གྱིས་ཀྱང་འདིའི་སྒོ་ནས་རང་ལ་སྙན་ངག་པའི་ཅོད་པན་ཐོགས་པར་བྱས་པ་ཡིན།
        སྙན་རྩོམ་འདིའི་རྩོམ་པ་པོས་ཀྱང་འདི་ལྟ་བུའི་བྱིངས་ལ་གནས་པའི་སེམས་པའི་ཁྱད་པར་ཞིག་སྙན་ངག་གི་རྨང་དུ་བྱས་ནས་ཕྱིར་ཞིང་ཕྱིར་ཞིང་རང་གི་སེམས་གཏིང་དུ་རིམ་གྱིས་རྟོག་ཅིང་འཇུག་པར་གྱུར་བས་ཕྱིས་ཀྱི་དྲན་སྣང་མང་པོ་ཞིག་བྱུང་བ་ཡིན། དྲན་སྣང་དེ་དག་ནི་གོ་དཀའ་བར་འགྲེལ་བ་དགོས་པ་ཞིག་གཏན་ནས་མ་ཡིན། ལྷག་པར་དུ་འདོད་གདུང་གི་རྨང་གཞི་ལས་བརྩམས་པའི“ཆགས་སྤྱོད”ཀྱི་བྱ་བ་དེ་དག་བླའི་རིག་གནས་ཤིག་གི་སྟོབས་ཀྱིས་ང་ཚོས་དེ་ལ་སྣང་རྟོག་བྱེད་མ་ཕོད་པ་མ་གཏོགས། ན་ཚོད་སྨིན་པའི་འདོད་ཁམས་པའི་གང་ཟག་ཅིག་ལ་མཚོན་ན། དེ་འདྲའི་རྨི་ལམ་མེད་པ་སུ་ཡོད། གཞན་པའི་འཁོར་འདས་སྟོང་བ། ཆོས་ཐམས་ཅད་བདག་མེད། འཁོར་བའི་སྙིང་པོ། ཟག་མེད་ཐར་བ་སོགས་མཚན་ཉིད་རིག་པའམ་དོན་དམ་བདེན་པའི་དོན་དང་འབྲེལ་བའི་བརྡ་དོན་རྟོགས་དཀའ་བ་འགའ་བྱུང་བ་དེ་དག་ཀྱང་སྙན་རྩོམ་རང་ལ་མཚོན་ན་ཟུར་རྒྱན་གྱི་སྐྱོར་མ་ཞིག་དང་སྙན་རྩོམ་ཡོངས་ཀྱི་སྟེགས་བུ་ཙམ་ལས་བརྡ་དོན་རང་ལ་གཙོ་བོའི་གོ་ས་གང་ཡང་མེད། བརྡ་དོན་འདི་དག་ལ་ང་ཚོའི་རྒྱུན་གྱི་རྣ་ཐོས་ཙམ་གྱི་སྟེང་གི་གོ་བ་དེས་ཆོག གཙོ་བོའི་ནང་གི་རྒྱལ་པོ་ནི“ཁྱོད་ནི་བདག་གི་འཁོར་བའི་རྟེན་ཕུར་དང་ཁྱོད་ཡོད་པས་འཁོར་བ་ལ་སྙིང་པོ་ཡོད་ཅེས་པའི་དོན་འདིའོ། ། འཁོར་འདས་ཡོད་ཚད་སྟོང་སོང་རུང་སྙིང་སྡུག་ཁྱོད་ཉིད་སྟོང་པ་བདག་གིས་མི་བཟོད། འཁོར་བ་ལ་སྙིང་པོ་ཡོད་པའང་ཁྱོད་ཀྱིས་སྟབས། དེ་ལྟའི་སྙན་རྩོམ་དང་འབྲེལ་བའི་ཚིག་གི་རྣམ་གྲངས་མང་པོ་འདིར་བཀོད་ན་ངོ་མཚར་དུ་འགྱུར་བ་གདོན་མི་ཟ་ཡང་། གོང་བསྟན་ལྟར་སྙན་རྩོམ་རང་ཉིད་གོ་དཀའ་བ་ཅན་མ་ཡིན་པས་བསྐྱར་བཟློ ས་ལ་འཇིགས་ཏེ་འདིར་རྒྱས་སྤྲོས་མི་བྱའོ། །
        དགེ་ཆོས་ནས“བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས། །ཕྱི་རོལ་རྫུ་ཡི་ཁྱད་པར་མ་གཏོགས་པ། །ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས། ”ཞེས་པ་ལྟར་འདོད་པའི་སེམས་པ་ནི་སྤྱིར་རང་ཅག་ཀུན་ལ་གཉུག་མ་ནས་རང་ཆས་སུ་ཡོད་པའི་སེམས་པ་ཡོངས་ཁྱབ་པ་ཞིག་ཡིན་ལ། སྙན་ངག་གསར་པའི་གཞུང་ནས་བསྟན་པའི་སྙན་ངག་གི་རྩ་བའི་རྒྱུ་ཆ་བསྟན་པའི་སྐབས་ཀྱི་བརྩེ་དུངས་བྱ་བ་འང་མཐར་གཏུགས་ན་འདི་ལས་གུད་ན་མེད། ད་ཐེངས་ཀྱི་སྙན་རྩོམ་རང་ལ་མཚོན་ན་གོང་བསྟན་ལྟར་མཚོན་དོན་ཡིད་གཟུགས་སོགས་ཀྱི་མཚམས་སྦྱོར་གྱི་ཆོས་གང་ཡང་མེད་ལ། སྙན་ངག་གི་སྐད་ཆའང་སྤྱིར་བཏང་ཕལ་པའི“ཁྱོད་ཀྱི་འགྲམ་པར་སེམས་ཆུང་ངང་འོ་ཞིག་བྱེད་ཐུབ་ན”ལྟ་བུ་ལས་མེད་པས། སྙན་རྩོམ་རང་ཉིད་རྐང་རྟེན་འཆའ་ས་ལའང་གཅིག་ཁོ་ན་སྟེ་བརྗོད་བྱའི་བསྟན་དོན་ནི་བརྩེ་དུང་འབའ་ཞིག་གོ །དེ་བས་སྙན་རྩོམ་རང་ཉིད་ལེགས་ནའང་བསྟན་དོན་བརྩེ་དུང་གིས་སྐྱོང་དགོས་ལ། ཉེས་ནའང་བསྟན་དོན་བརྩེ་དུང་ཉིད་ཀྱིས་གནོད་བྱེད་པ་ཞིག་ཡིན་ངེས། ཆེས་དགའ་བ་ཞིག་ལ་རྩོམ་པ་པོས་གཞན་པའི་ཡིད་གཟུགས་སོགས་ཀྱི་སྐྱོར་མ་ལ་མ་བརྟེན་ཀྱང་། སྙན་རྩོམ་རང་ཉིད་འགྲེང་ཐུབ་པར་གྱུར་བ་མ་ཟད། ད་དུང་ཆེས་འཇོ་སྒེ ག་དང་ལྡན་པའི་ངང་འགྲེང་བར་གྱུར་ཡོད། རྒྱུ་མཚན་ནི་ཁོས་སྐྱེས་ཕོ་མོ་ཀུན་གྱི་རྒྱུད་ན་ཡོད་ཅིང་ངག་ན་མེད་པའི་སེམས་ཀྱི་རྣམ་འགྱུར་ཞིག་ཆེས་གསལ་པོར་ཐོན་པར་མཛད་པ་དང་། དེ་ལས་ཀྱང་རྣམ་འགྱུར་དེ་ཉིད་སྤྱིར་བཏང་ཕལ་པ་ཀུན་གྱི་ངེས་ཤེས་ཀྱི་ཚད་ནས་མ་བསྐྱུར་བར། ཞིབ་ཚགས་རྣལ་མའི་སྒོ་ནས་དང་ཕྱོགས་ཡོངས་ནས་དང་རྒྱ་ཆེ་ས་ནས་མཚོན་པར་མཛད་པས་ཡིན། སྙན་ངག་གསར་བའི་གཞུང་ན་རྒྱུན་དུ་འབྱུང་བཞིན་པའི“བརྩེ་དུངས་བདེན་ཐུབ་ཅན”(真实的感情)ཞེས་པའང་དོན་གྱིས་འདི་ལྟ་བུ་ཞིག་ཡིན།
        སྙན་གཞུང་ནས་བསྟན་པའི་བརྩེ་དུངས་བདེན་ཐུབ་ཅན་བྱ་བ་འདི་གོ་དོན་ཁྱད་པར་བ་དང་ལྡན་པའི་ཚིག་ཅིག་ཡིན་ཏེ། རང་ལ་བརྩེ་དུངས་སོགས་ཀྱི་སེམས་ཀྱི་རྣམ་འགྱུར་དངོས་སུ་ཡོད་མེད་ཙམ་གྱི་སྟེང་ནས་བཤད་པ་མིན་པར། དེ་ནི་གཅིག་ན་སེམས་ཀྱི་རྣམ་འགྱུར་རམ་མྱོང་རྟོག་གང་ཞིག་རང་ལ་དངོས་སུ་སྐྱེ་བ་ཞིག་ཡིན་པས་མ་ཟད། ད་དུང་དེ་ཉིད་གཏིང་ཟབ་མོ་ཞིག་དང་ཕྲ་བའི་ཞིབ་ཚགས་དང་ལྡན་པ་ཞིག་དང་། གཉིས་ན་ཉིད་ཀྱི་སེམས་ཀྱི་རྣམ་འགྱུར་དེ་ཉིད་སྙན་རྩོམ་རང་ནས་ཆེས་མཐར་ཆགས་སུ་མཚོན་ཐུབ་སྟེ། ཀློག་པ་པོས་མྱོང་ཐུབ་པ་ཞིག་ཏུ་ཡོད་དགོས། ཆ་རྐྱེན་འདི་གཉིས་ཆར་ནས་འཛོམས་ཚེ་ད་གཟོད་བརྩེ་དུངས་བདེན་ཐུབ་ཅན་ཞེས་བྱ་བའི་མིང་གིས་འབོད་འོས།
        《 འཁོར་བའི་སྙིང་པོ》 ཞེས་པའི་སྙན་རྩོམ་འདིར་མཚོན་ན་ཆ་རྐྱེན་འདི་གཉིས་ཀ་མཉམ་པོར་ལྡན་པ་རྟོགས་སླ་བ་ཡིན། སྤྱིར་ན་ང་ཚོ་སུ་ལའང་བྲལ་གདུང་གི་སྐྱོ་བ་བཤད་མི་བཟོད་པ་ཡོད་མྱོང་བ་གདོན་མི་ཟ(ཐ་ན་གདུང་བ་མ་བཟོད་པའི་མཆི་མ་འཛག་པའང་ཡོད་མྱོང)། འོན་ཀྱང《འཁོར་བའི་སྙིང་པོ།》 ལྟར་དུ་བྲལ་གདུང་དེ་ལ་དེ་འདྲའི་ཆེས་གསལ་བའི་དང་ཕྱོགས་མང་པོ་ནས་ངོས་འཛིན་བྱུང་བ་ཡོད་མ་མྱོང་། འདི་ནི་ད་གཟོད་སྙན་ངག་པ་ཡི་ཁྱད་རྟགས་ཡིན་དེ། སྙན་ངག་པ་ལ་ཆེས་རྣོ་ལ་སྐྱེན་པའི་དབང་པོའི་ཚོར་བ་ཞིག་ཡོད་ དགོས་ལ། གང་ཡང་ཟབ་ས་དང་ཆེ་སར་བསྐྱལ་ཐུབ་པའི་རྟོག་མེད་ཀྱི་ཤེས་པ་ཞིག་ཡོད་ཀྱང་དགོས། དེ་ལྟར་མྱོང་རྟོག་གི་ནུས་པས་ཐོག་མའི་མྱོང་བ་མཚོ་རྫིང་ཇི་བཞིན་བསྐྱིལ་མ་ཐུབ་པར། སྙན་ངག་བྲི་བའི་གོ་རིམ་དངོས་ནས་ཚིག་སྦྱོར་གྱི་ངག་ཐན་ཐུན་ཁོ་ན་ཞིག་ལ་སྐྱབས་བཅོལ་དགོས་ཚེ། སྙན་རྩོམ་གྱི་ནམ་མཁའ་རྒྱ་ཆེས་ཆུང་བ་ཞིག་དང་། སྙན་རྩོམ་གྱི་རིན་ཐང་ཆེས་ཕལ་པ་གྱི་ན་བ་ཞིག་མ་ཡིན་ཐབས་མེད་ཡིན། 《 འཁོར་བའི་སྙིང་པོ།》 ནི་འདི་ལྟའི་སྣང་ཚུལ་ལས་ལྡོག་སྟེ། ཐོག་མའི་རང་གི་མྱོང་བ་ལ་དྲན་ཤེས་འཇོག་ཐུབ་པས་མྱོང་བ་དེ་ཉིད་ལ་ཐོག་མར་ངོས་འཛིན་དང་ཁོང་ཆུབ་གསལ་པོ་བྱུང་ཡོད་ལ། དེར་མ་ཟད་རྩོམ་པ་པོ་རང་ཉིད་རང་ཉིད་ཀྱི་སེམས་ཀྱི་རྣམ་འགྱུར་རམ་བརྩེ་དུངས་སམ་མྱོང་བ་དེ་ལ་བློ་དཀར་ཤ་སྟག་མཛད་པ་ལས། དེ་ལས་གཞན་དུ་གྱུར་བའི་གཟུགས་བཅས་གཟུགས་མེད་གང་རུ ང་གི་རིག་གནས་ཀྱི་མངའ་འོག་ཏུ་གྱུར་མེད། དེ་བས་བརྩེ་དུངས་བདེན་ཐུབ་ཅན་གྱི་བླ་སྲོག་དེས་སྙན་ངག་གི་མཛེས་པའི་ལྡིང་ཁང་གཟི་དཔལ་དང་ལྡན་པ་ཞིག་ལྷུན་གྱིས་གྲུབ་པར་མཛད་དེ་བྱུང་ཡོད་ལ། དུས་མཚུངས་སུ་མི་མངོན་པའི་དབྱིངས(无形中)ཞིག་ནས་སྙན་ངག་གི་རྭ་གཅིག་དོན་སྙིང་ཆེས་ཆེར་ལྡན་པའི་བསམ་བློའི་ཁྱབ་ཁོངས་སུ་བསྲིངས་པར་ཡང་མཛད་ཡོད་དེ། དེ་ནི་མི་ཇུས་རིང་ལུགས(人文主义)ཀྱི་དགོངས་བཅུད་ཀྱིས་ཕྱུག་པ་དེའོ། །
        ཆོས་ལུགས་རིག་གནས་སྲོག་ཤིང་དུ་གྱུར་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཚོན་ན་ཕོ་མོའི་བར་གྱི་འཇིག་རྟེན་སྣང་བའི་བརྩེ་དུངས་དེ་ཉིད་ཅི་ལྟར་ཡང“འདོད་ཆགས”ཞེས་པའི་མིང་ངན་གྱི་འདམ་རྫབ་ལས་ཐར་ཐབས་མེད། སྲོལ་རྒྱུན་གྱི་རྩོམ་རིག་གམ་སྙན་ངག་གང་ལ་མཚོན་ནའང་འདི་དང་རིང་དུ་གནས་ཏེ་འདུག་རྒྱུ་ལས། འདི་བསྟོད་བྱར་གྱུར་བའི་སྟེང་ནས་རྩོམ་རིག་སྒྱུ་རྩལ་གྱི་ཡུལ་དུ་གཏན་ནས་དྲངས་མ་མྱོང་། དེ་བས་ལ་གཞས་དང་རོགས་འཐེན་སོགས་ཀྱི་རིག་གནས་དང་རིག་གནས་ཀྱི་བྱ་འགུལ་དེ་དག་ལྐོག་ལྐོག་སུབ་སུབ་ཀྱི་བྱ་བ་ཞིག་ལས་དེ་དག་གི་མིང་ཙམ་ཡང་ཚོགས་པར་དབྱུང་དུ་མི་རུང་བ་ཞིག་ཡིན་པར་མང་དུ་བཤད་ག་ལ་དགོས། དེ་བས་སྙན་ངག་གསར་བའི་ཁྲོད་ནས་ཕོ་མོའི་བརྩེ་དུང་ལ་དྲང་ཕྱོགས་ཀྱི་ལྟ་སྟངས་སྤྱད་པ་ཐམས་ཅད་ལ་མི་ཇུས་རིང་ལུགས་ཀྱི་དགོངས་བཅུད་ནི་ངེས་པར་དུ་ལྡན་པ་ཞིག་ཡིན། རྒྱུ་མཚན་ནི་ཁོས་འཇིག་རྟེན་མིའི་གཉུག་མ་ན་རང་ཆས་སུ་ཡོད་པའི་ལྷན་སྐྱེས(本能)ཀྱི་ཆ་དེ་ལ “སྤོངས་བསྒྱུར”མ་མཛད་པར། དྲང་ཕྱོགས་ནས་བསྟོད་པ་མཛད་པས་སོ། །ཡིན་ན་ཡང《འཁོར་བའི་སྙིང་པོ།》བཞིན་དུ་ཁ་གཏད་ཡོད་པའི་སྒོ་ནས་སམ་འདུ་ཤེས་ཡོད་པའི་སྒོ་ནས་བརྩེ་དུང་གི་ཆ་བྲིས་པ་ད་སྔ་ཡན་ཆད་མ་བྱུང་། མི་ཇུས་རིང་ལུགས་ཀྱི་དགོངས་པ་ཞེས་པ་སླ་བར་བཤད་ན་ནི། ཁོས་མིའི་གཉུག་གཤིས་སུ་གྲུབ་པའི་འདོད་ཡོན་གྱི་ཕྱོགས་དེ་ཁས་ལེན་དགོས་པའི་བསམ་བློའི་རྨང་གཞིའི་ངོས་ནས། ལྟ་ཚུལ་འདི་དང་འགལ་ཏེ་འདོད་ཡོན་སྤངས་བྱར་བལྟ་ཞིང་། མིའི་གཉུག་གཤིས་ལ་འཁྱོག་བསྒྱུར་གྱིས་མི་རྣམས་ལྷ་རྣམས་དང་འདྲ་བར་འཁོར་བའི་སྐྱོན་དང་བྲལ་བའམ་ཆགས་པ་དང་བྲལ་བར་རྩོམ་པ་དེ་ལ་ཁོས་དགག་པ་ཚ་དྲག་གཏོང་བ་ཡིན། ཁོའི་དགོངས་པའི་དྭངས་མ་ནི་འཇིག་རྟེན་མིའི་འཚོ་བ་ཁས་ལེན་པ་དེ་ཡིན། འདིའི་ཕྱོགས་ནས་ང་ཚོའི་འཚོ་བའི་ངོས་ནས་ཡིན་ན་ཡང་འདྲ། བསམ་པའི་བཀོད་པའི་སྟེང་གི་རིག་གནས་ཀྱི་ངོས་ནས་ཡིན་ནའང་འདྲ། ང་ཚོའི་རིག་གནས་དེ་མི་ཇུས་རིང་ལུགས་ཀྱི་དགོངས་པ་དང་རྒྱབ་འགལ་དུ་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན། ངས་བསམ་ན་རིག་གནས་གསར་རྙིང་གཉིས་ཀྱི་འགལ་བའི་འགག་རྩ་གཙོ་བོའང་འདིར་ཐུག་ཡོད། འཇིག་རྟེན་མིའི་འཚོ་བའམ་ཚེ་འདི་སྣང་གི་བདེ་བ་འདི་མེ་ཡི་འོབས། དུག་སྦྲུལ་གྱི་ཚང་། རལ་གྲིའི་སོ་ལྟ་བུ་ཞིག་ཏུ་བསྒྲོགས་པ་དང་སྒྲོག་རྒྱུ་སྲོལ་རྒྱུན་རིག་གནས་ཀྱི་དགོངས་བཅུད་ཡིན་ལ། དེས་ནི་ནམ་ཡིན་ཡང་མིའི་གཉུག་ཆོས་ལ་བསྒྱུར་བཀོད་བཟོ་འདོད་པ་ཡིན། དེ་ལས་ལྡོག་པར་མཐོང་བའི་ཆོས་འདི་དང་འཇིག་རྟེན་མིའི་འཚོ་བ་འདི་ཁས་ལེན་པའི་སྟེང་ནས་འདོད་ཡོན་གྱི་འཚོ་བ་དེ་ཉིད་མིའི་འཚོ་བའི་ཁྲོད་ཀྱི་དཀྱིལ་སྙིང་འབྲལ་མེད་ཅིག་ཏུ་སེམས་ཤིང་སྒྲོག་པར་མཛད་པ་དེ། རིག་གནས་གསར་བའི་དགོངས་བཅུད་དང་མི་ཇུས་རིང་ལུགས་ཀྱི་དགོངས་བཅུད་ཡིན། དེས་ནི་མིའི་གཉུག་གཤིས་དེ་ཁས་ལེན་པ་ལས་བསྒྱུར་སྤོངས་ཀྱི་གནས་སུ་མི་འདོད།
        《 འཁོར་བའི་སྙིང་པོ།》ལ་མཚོན་ན་འདི་ཕྱོགས་ཀྱི་འགལ་འཐབ་དེ་གནས་པ་ཙམ་གྱིས་མི་ཚད་པར། དེ་ཉིད་མ་གཞུང་སྨྲ་བའི(本体论) སྟེང་དུ་བཞག་ཅིང་འགལ་འཐབ་དེ་ཉིད་ཛ་དྲག་རྣོ་ངར་ཅན་དུ་བསམ་བཞིན་བྱས་ཡོད། “འཁོར་འདས་ཡོད་ཚད་སྟོང་པར་སོང་ཞིང་ ཆོས་ཐམས་ཅད་བདག་གི་བ་མེད་པར་གྱུར་ཀྱང་ ངའི་འཇིག་རྟེན་དུ་ཁྱོད་ཁོ་ན་སྟོང་མི་རུང་ཞིང་” “……ཐ་ན་རང་ལུས་ཀྱང་གཤིན་རྗེས་གཡར་མ་ཡིན་པར་ངེས་ཤེས་གཏིང་ནས་སྐྱེས་ཀྱང་ ངས་སྔར་བཞིན་ཁྱོད་ཁོ་ན་ཁོ་ལ་དབང་བར་འདོད” “དམ་པའི་གསུང་རབ་ཀྱི་མེ་ལྕེས་གཏན་ནས་བཞུ་མ་ཐུབ་ཅིང་་རྟོག་གེའི་གཏན་ཚིགས་ཀྱི་སྒྱོགས་རྡོས་ནམ་ཡང་གཏོར་མ་ཕོད་ལ……” “ངས་འདི་དག་ཐམས་ཅད་སྙིང་པོ་མེད་པར་ཇི་ལྟར་བསྒོམ་ཐུབ་ཀྱེ། འཁོར་བ་ལ་སྙིང་པོ་ཡོད་དེ་ཁྱོད་ཡོད་པས་འཁོར་བ་ལ་སྙིང་པོ་ཡོད་ཨང་འཁོར་བ་ལ་སྙིང་པོ་ཡོད་པས། ངས་ད་གཟོད་འཚོ་བ་འཚོ་བར་ཤེས་ཤིང་། དཀོན་མཆོག་དཀོན་མཆོག་ཏུ་རྟོགས” ཅི་འདྲའི་རུ་དཔུང་བཙན་པོ་ཞིག་སྟེ། འཁོར་འདས་སྟོང་པ། འཇིག་རྟེན་མཐའ་བཞི། དམ་པའི་གསུང་རབ། རྟོག་གེའི་གཏན་ཚིགས། བླ་མ་དཀོན་མཆོག་སོགས་དམ་པའི་ལྷ་ཆོས་ཀྱི་ཉིང་བཅུད་དྭངས་མ་ཐམས་ཅད་གྲལ་འགྲིག་པའི་རུ་དཔུང་ཇི་བཞིན། རྒྱ་མཚོའི་རླབས་གཉེར་ཇི་བཞིན་རེ་རེ་ནས་རེ་རེ་ཆས་ཏེ་བྱུང་ཡང་འཇིག་རྟེན་མི་ཇུས་ཀྱི་དྭངས་མ་བརྩེ་དུང་གི་བྲག་རྡོ་དེ་ཉིད་ལྷང་ངེར། ལྷན་ནེར། ལྷམ་མེར་གཡོ་འགུལ་སྤུ་ཙམ་མེད་པར་བརྟན་བརླིང་ངང་འགྱིང་འདུག
        འདི་ནི་དམ་པའི་ལྷ་ཆོས་ལ་བསམ་བཞིན་རྒྱབ་འགལ་བྱས་པ་ཞིག་ཡིན་ནམ། ཡང་ན“ཉོན་མོངས་འདོད་ཆགས་ཀྱིས་གཟིར་བའི”ཆགས་གཏམ་ལབ་བརྡོལ་དུ་སྨྲ་བ་ཞིག་ཡིན། འདིས་སྔར་བྱུང་མི་ལོ་ཁྲི་ཕྲག་རིང་གི་བསྒྱུར་མེད་བཅོས་མེད་ཀྱི་བྱུང་བ་དངོས་ཤིག་བརྗོད་པ་ཡིན་ནམ། ཡང་ན་འབྱུང་འགྱུར་ཡིན་དགོས་པའི་རིག་གནས་ཤིག་གི་འཛུགས་བསྐྲུན་གྱི་ངོས་ནས་རེ་བའི་བཀོད་པ་བཤམས་པ་ཞིག་ཡིན། ངས་བསམ་ན་ཐམས་ཅད་པོ་གང་ཡང་ཡིན་ཏེ། ལྷ་དང་ལྷ་ཆོས་ཀྱིས་ཉོན་མོངས་ཞེས་པའི་མིང་བརྡ་གཅིག་པུའི་སྟེང་ནས་ཡིད་ཀྱི་འགྱུར་བ་འདི་ཉིད་ན་རཀ་དམྱལ་བའི་བར་དུ་མནན་བསྲེག་འཕངས་གསུམ་མཛད་ཀྱང་རུང་། སྙན་ངག་གི་གཏན་གྱི་བརྗོད་དོན་ཞེས་འདི་ཉིད་གཏན་ནས་གཏན་དུ་པང་དུ་གཅེས་པར་ལེན་ཀྱང་རུང་། སེམས་ཀྱི་གཏིང་ན་མདངས་མ་ཉམས་རོ་མ་ཡལ། གྲ་མ་ཆག་གྲུ་མ་ཉམས་པར་ནམ་ཡང་ཆུང་ཆུང་ལུ་གུ་ལྡིང་ལྡིང་གིས་གསོན་པའི་གར་སྟབས་མཛད་བཞིན་པ་ཡིད་ཀྱི་འགྱུར་བ་འདི་ཉིད་དོ། ། སྙན་ངག་པ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་འཇིག་རྟེན་པའི་རིན་ཐང་གི་གདེང་འཇོག་གི་རྗེས་འབྲང་རྒྱུ་མ་ཡིན་པར། ཉིད་ཀྱི་མྱོང་བའམ་ཡིད་འགྱུར་ལ་བློ་དཀར་མཛད་རྒྱུ་དེ་ཡིན་པས། སྙན་རྩོམ་འདིས་ཀྱང་རྩ་དོན་འདི་གཞིར་བཟུང་བས་མ་བསམ་ས་ནས་ལྷ་དང་ལྷ་ཆོས་ལ་ཕོག་ཐུག་བཟོས་སོང་ལ། མ་ཤེས་ས་ནས་ཆགས་གཏམ་གྱི་ལབ་བརྡོལ་ཤར་མར་བཏོན་སོང་། འོན་ཀྱང་སྙན་ངག་པའི་རྩ་དོན་ལ་སྲུང་སྐྱོང་ཁོ་ན་ལས་ཉམས་དམས་ཅུང་ཡང་མ་མཛད། དེ་བས་ངས་ཁོ་རང་སྙན་ངག་པ་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བསྟོད་དགོས། ཁོས་བླ་ན་མཆིས་པའི་རིག་གནས་ཤིག་གི་བཙན་སྟོབས་ཀྱི་མཐུ་ལ་མ་ཞུམ་པར་མི་ཇུས་ཀྱི་དགོངས་པ་མཐོན་པོར་བསྒྲེངས་པས་ངས་ཁོ་ལ་བསམ་བློ་ཡོད་ཅེས་བསྟོད་པ་དབྱངས་སུ་འཐེན་དགོས་སོང་།
        ཀློག་པ་པོ་ཞིག་ལ་མཚོན་ན་སྐབས་འདིར་སྙན་རྩོམ་འདི་ཉིད་ཁས་བླངས་པར་གྱུར་བས“ཉོན་མོངས་ཀྱི་དུག་དང་འདྲེས་པའི” སྐྱོན་ཅན་དུ་འགྱུར་སྲིད་ལ། ཁས་མ་བླངས་པར་གྱུར་ན་སྙན་ངག་གི་རྩ་དོན་དང་འགལ་བའི་ནོར་འཆུག་འབྱུང་སྲིད། ཆེས་དཀའ་བའི་བདམས་ཀ་འདིའི་སྐབས་སུ་ཆེས་མཁོ་བ་རང་གི་བློ་དང་སྤོབས་པ་རེད། ང་ཚོ་རང་ཉིད་ཀྱི་བློ་དང་འགལ་བའི་ལས་སྒྲུབ་པ་ལ་གོམས་ནས་ཡུན་རིང་འགོར་སོང་། ང་ཚོ་རང་ཉིད་ཀྱི་སེམས་དང་འགལ་བའི་གཏམ་ཤོད་པ་ལ་གོམས་ནས་ཡུན་རིང་འགོར་སོང་། ཐོབ་ཆོག་ཆོག་དང་སྒྲུབ་ཆོག་ཆོག་གི་ལས་དང་བདེ་བ་མང་པོ་ཞིག་ལ་ང་ཚོས་རྫུ་བག་དང“མུན་ནག་ལས་ཀ”ཡི་ཐབས་ནམ་ཡིན་ཡང་སྤྱོད་དགོས་སོང་། ཀྱེ—ཚེ་སྲོག་གི་ཁྲག་རྒྱུན་དྲོན་མོར་རྒྱུ་བའི་སྤུན་ཟླ་རྣམ་པ། ཚིག་དོན་སྐམ་པོ་ཞིག་གི་སྣེ་མོར་ཤི་སྦར་འཐམས་ནས་མ་འདུག་པར་འཁོར་བའི་འཇིག་རྟེན་ལ་མིག་དབང་གཞན་ཞིག་གིས་བལྟོས་དང་། འཁོར་བའི་ནང་ནའང་སྣང་བ་བཟི་བར་བྱེད་པའི་གླུ་སྒྲ་མང་པོ་ཡོད་འདུག དེ་ནི་གནས་སྐབས་ཙམ་དུ་ང་ཚོ་གོམས་ལོབས་སུ་གྱུར་བའི་གོམ་པའི་འཁྱོར་འགྲོས་དང་མི་མཐུན་པ་འདྲ་ན་ཡང་། དོན་གྱིས་འཇིག་རྟེན་གྱི་རྩ་བ་དེ་ན་འདུག་ལ། འཕེལ་རྒྱས་ཀྱི་རྩ་བ་དེ་ན་འདུག མི་རིགས་ཀྱི་སྲོག་རྩ་འང་དེ་ན་འདུག ལོ་རྒྱུས་ཀྱི་དཔེ་དེབ་རིང་མོའི་ཁ་ཕྱེ་ནས། འཛམ་གླིང་གི་འཕེལ་རྒྱས་དང་མི་རིགས་བར་ཁྱད་ཀྱི་ལྡེབས་དེར་གཟིགས་དང་། ཡོབ་གླིང་རིག་རྩལ་བསྐྱར་དར་གྱི་བཙན་པོའི་དཔུང་ཤེད་དེ་ཉིད་ཀྱི་ནང་སྙིང་དམ་པ་མི་ཇུས་རིང་ལུགས་འདིའི་སྟེང་ན་ཡོད་པ་མ་ཡིན་ནམ། ང་ཚོ་རང་བློ་རང་ལ་ལྐོག་ཏུ་གྱུར་ནས་རང་སེམས་དམར་དམར་པོ་དེ་ལ་ཞིབ་ཏུ་ལྟ་མ་ཕོད་པ་མ་གཏོགས། ཉྭ་ཤ་ཁྱི་དང་གདོང་ཤ་མི་བྱས་ནས་བཟའ་བཏུང་གི་སྩོལ་སྒྲུབ་དང་ཁེ་ཚོང་གི་འདུ་འགོད་བྱས་པ་ཐམས་ཅད་པོ་མདོར་རྩར་དེད་ན་ཁ་ཞིམ་པོ་རྒྱབ་དྲོན་པོ་ཞིག་ལ་ཐུག་ཡོད། ཉོན་མོངས་འདོད་ཆགས་ཞེས་འབོད་ནའང་འདྲ། འཁོར་བའི་བརྩེ་དུང་ཞེས་འབོད་ནའང་འདྲ། མི་ཇུས་རིང་ལུགས་ཞེས་ནའང་འདྲ། གཞན་ལ་མི་འཚེ་བའི་སྟེང་ནས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ཉིད་ལ་ཉེས་པ་གང་ཡང་མེད། །  

◆ རྩོམ་པ་པོ། བདུད་ལྷ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1