བདེ་ཆེན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ནང་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 11-25


   ཟླ11པའི་ཚེས15ཉིན་ནས་ཚེས17ཉིན་བར།2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ཁུན་མིང་ནས་སྤེལ་བ་རེད།འགྲེམས་ཁང་ཨང་9པའི་ནང་མཆོད་རྟེན་དཀར་པོ་8ཀྱིས་བསྐོར་བའི་བདེ་ཆེན་ཁུལ་གྱི “འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”འགྲེམས་ཁུལ་དུ་ཁ་བ་དཀར་པོ་དང་ཤྭ་ཁ་རི་བོ།སྟག་མཆོང་གྲོག་རོང་།དགའ་ལྡན་སུམ་རྩེན་གླིང་སོགས་ལྗོངས་ཁུལ་གྱི་གཟུགས་བརྙན་དེ་རྫ་ནག་རིག་གནས་དང་བོད་ཀྱི་རིག་གནས་ཕན་ཚུན་གཞོགས་འདེགས་བྱས་ཡོད།བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ཆེན་མོ་དང་ཉི་ཤར་གྱི་རྫ་ནག སུམ་གླིང་བོད་སྤོས།ཐང་ག་སོགས་འགྲེམས་པ་མ་ཟད།འཁྲབ་སྟོན་རུ་ཁག་རྩ་འཛུགས་བྱས་ནས་འགྲེམས་ཁུལ་དུ་འཁྲབ་སྟོན་བྱས་པ་དང་།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་དངོས་རྫས་དང་གླུ་གར་གྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ།ཚོང་བ་སོགས་ཀྱི་མིག་དབང་འཕྲོག་པ་རེད།
    ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་འགོ་ཚུགས་ས་དང་མཇུག་འགྲིལ་སར་གནས་པའི་བདེ་ཆེན་དུ་ཡུལ་སྐོར་དང་། རིག་གནས་སོགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།དེ་བས་ལེགས་པའི་སྒོ་ནས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ནང་ཞུགས་ཆེད།བདེ་ཆེན་ཁུལ་གྱིས་ཧུར་བརྩོན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་དང་ལྗོངས་ཁུལ་འཛུགས་སྐྲུན།རིག་གནས་ཀྱིས་ཡུལ་སྐོར་སྟོབས་ཆེར་གཏོང་བ།གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐད་གནས་པའི་གནད་དོན་སེལ་ནས།བདེ་ཆེན་འདི་ཉིད་ཡུན་ནན་ནུབ་རྒྱུད་ཡུལ་སྐོར་སྐོར་ལམ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།  མཐའ་འཁོར་ས་ཁོངས་ཀྱི་ཡུལ་སྐོར་གསར་སྤེལ་ལ་དམ་པོར་དམིགས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ་དང་ཆབས་ཅིག་ཡུན་ནན་གྱི་ཡུལ་སྐོར་ཐོན་ལས་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། 

    ཉི་ཤར་གྱི་རྫ་ནག་ནི་བདེ་ཆེན་ཁུལ་གྱི་ཚབ་མཚོན་རང་བཞིན་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཚོང་ཟོག་ཡིན་པས།འགྲེམས་སྟོན་གང་རུང་དུའང་ཆད་མ་མྱོང་།བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།རྫ་ནག་ལའང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུ་ཐོབ་ཀྱི་ཡོད། གསར་དུ་བསྣན་པའི་རྫ་ནག་གི་མཛེས་བཟོ་དང་ཡུལ་སྐོར་ཐོན་རྫས་ཇེ་མང་དུ་འགྲོ་བ་མ་ཟད། ལག་རྩལ་ཡང་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པས།སྤྱོད་གོ་ཆོད་པའི་རང་བཞིན་ཡོད་ལ་སྤྱན་གཟིགས་ཀྱི་རིན་ཐང་ཡང་ལྡན་ཡོད་པ་རེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་རྫ་ནག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་བློ་བཟང་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།རྫ་ནག་ནི་ཉི་ཤར་ཤང་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་ཡིན་པ་ཆ་ནས།སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་།ས་དམ།བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་དང་མཛོ་སྒང་རྫོང་།སུ་ཁྲོན་ཞིང་ཆེན་གྱི་འདབ་པ་དང་སྡེ་རོང་རྫོང་སོགས་བོད་རིགས་འདུས་སྡོད་ཁུལ་དུ་བྲིན་ཚོང་རྒྱུག་པ་མ་ཟད།རྒྱལ་ནང་གི་ཞིང་ཆེན་གཞན་དག་དང་ཕྱི་རྒྱལ་དུའང་བྲིན་ཚོང་རྒྱུག་བཞིན་ཡོད་ཟེར།ཡུལ་དངོས་སུ་ཉི་ཤར་གྱི་རྫ་ནག་ལ་ འགྲེམས་ཞུགས་ཚོང་པ་མང་པོའི་དགའ་བསུ་དང་དོ་ཁུར་ཐོབ་ཡོད།

    སུམ་གླིང་བོད་སྤོས་མངོན་མིན་རིག་གནས་ཤུལ་བཞག་གླིང་གི་གསར་སྐྲུན་པ།བདེ་ཆེན་བོད་སྤོས་བཟོ་རྩལ་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རྒྱུན་འཛིན་པ་རྒྱལ་མཚན་གྱིས་འཁྱེར་ཡོང་བའི་བོད་སྤོས་སྣ་ཁ་30ལྷག་གིས་རྒྱ་ཆེའི་གྲོང་མི་དང་དེ་བཞིན་ཚོང་བ་རྣམས་ཀྱི་ཡིད་དབང་བཀུག་ནས་འདྲི་རྟོགས་དང་རྒྱུས་ལོན་བྱེད་མཁན་མང་བ་རེད།ཡུལ་དངོས་སུ་གཞན་བདེ་ཆེན་ཁུལ་གྱི་ཐང་གའི་རྒྱུན་འཛིན་པ་མི་རབས་བཞི་པ་ཆོས་མཚོ་ཡིས་ཐང་ག་དང་། སྤོས་ཐུམ། སྤོས་ཐབ་སོགས་ལའང་ཡུལ་དངོས་ཀྱི་གྲོང་མི་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1