གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

བཀྲ་ཤིས་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༥ཉིན།

དགེ་རྩེ་ཨ་རིག་རྫ་གྲོང་རྡལ་གྱི་ཕྱུག་འགྱུར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་གནས་ཚུལ་རགས་བཀོད།

  

        སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་ནི་ཉི་འོད་ཕོག་ཡུན་རིང་བས། ཀུན་གྱིས་བྱང་སྡེ་ཉི་མ་ཞེས་བསྔགས་མོད། འོན་ཀྱང་ས་བབ་མཐོ་ཞིང་རང་བྱུང་ཆ་རྐྱེན་ཞན་པ་སོགས་ཀྱི་དབང་གིས། རྫོང་འདི་ག་རྒྱལ་ཁབ་རིམ་པའི་ས་བབ་ཆེས་མཐོ་སའི་དབུལ་ཕོངས་རྫོང་ཞིག་ཏུ་གྱུར་ཡོད། ཅི་ལྟར་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་པོ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ནི་ས་གནས་ཏང་ཨུ་སྲིད་གཞུང་གིས་སེམས་ཁུར་བྱེད་ས་ཞིག་ཏུ་གྱུར་འདུག དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་དུ་ཆགས་ཡོད་ལ། རྫོང་འདི་ནི་སི་ཁྲོན་ཞིང་ཆེན་གྱི་ས་བབ་ཆེས་མཐོ་བ་དང་ས་རྒྱ་ཆེས་ཆེ་བ། ཆེས་མཐའ་འཁོབ་ཀྱི་རྫོང་ཞིག་རེད། ཡིན་ནའང་གནས་འདི་རུ་འཛམ་གླིང་ན་མཐོང་བ་དཀོན་པའི་ངོ་མཚར་ཁྱད་ནོར་ཞིག་ཡོད་དེ། དེ་ནི་སྟེང་དུ་མ་ཎི་ཡིག་དྲུག་དང་སྐུ་བརྙན་སོགས་བརྐོས་པའི་རྡོ་ལེབ་ཀྱིས་བརྩིགས་པའི་མ་ཎི་རྡོ་འབུམ་ཞིག་ཡིན་ལ་གསང་དགེ་མ་ཎི་རྡོ་འབུམ་ཞེས་གྲགས།

        མ་ཎི་རྡོ་འབུམ་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་སྨི་73དང་ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་སྨི་47ཡོད་པ་དང་། ཕྱིའི་ལྕགས་རིའི་མཐོ་ཚད་ལ་སྨི་9ཡོད། ངག་རྒྱུན་ལ་གེ་སར་རྒྱལ་པོས་ཨ་ཁུ་ཁྲོ་ཐུང་ལ་ཉེས་ཆད་བཅད་ནས་བཞེངས་སུ་བཅུག་པར་བཤད། དངོས་སུ་མིག་གིས་མཐོང་བ་མིན་ཚེ། རི་བོས་མུ་ཁྱུད་བསྐོར་བའི་རྩྭ་ཐང་འདིའི་པང་དུ་ངོ་མཚར་བའི་རྡོ་འབུམ་འདི་འདྲ་ཞིག་ཡོད་པ་སུ་ཡིས་ཤེས།
        གསར་འགོད་པས་ཨ་ཁུ་ཕུར་མགོན་ལ་རྡོ་བརྐོས་ནས་ལོ་ག་ཚོད་ལོན་ཡོད་ཅེས་དྲིས་པ་ན། ཁོང་གིས་ངས་ཕལ་ཆེར་ལོ་བཅོ་ལྔ་ལ་བརྐོས་ཡོད་རྒྱུ་རེད་ཟེར། ཕུར་མགོན་གྱིས་གསང་དགེ་མ་ཎི་རྡོ་འབུམ་ནས་ལོ་བཅོ་ལྔ་ལ་མ་ཎི་རྡོ་བརྐོས་བརྐོས་པ་དང་། ཁོང་གིས་བརྐོས་པའི་རྡོ་བརྐོས་རེ་རེ་ནི་རྡོ་འབུམ་འདིའི་ལོ་རྒྱུས་ཀྱི་བདེན་དཔང་རེད། ས་གནས་ཀྱི་བོད་རིགས་མང་ཚོགས་རྣམས་ལ་མཚོན་ན། མ་ཎི་བརྐོས་ཏེ་བརྩིགས་པའི་རྡོ་ལེབ་རེ་རེ་ནི་གླིང་རྗེ་གེ་སར་རྒྱལ་པོ་ལ་ཕུལ་བའི་རྗེས་དྲན་ཞིག་ཡིན་ལ། ལྷག་པར་དུ་བོད་མི་ཚོས་ལྷག་བསམ་རྣམ་དག་གི་དད་སེམས་ཀྱང་རེད།
          ཕུར་མགོན་གྱིས་བཤད་རྒྱུར། འདི་ནི་ཨ་ཁུ་ཁྲོ་ཐུང་ཧོར་གྱིས་བཟུང་བས། ཧོར་གུར་དཀར་ལ་མགོ་བཏགས་ནས་གུར་དཀར་ལ་ངོ་དགའ་བྱེད་ཆེད། གླིང་གི་སྣང་ངུ་གཡུ་སྟག་ནི་འཛམ་བུ་གླིང་གི་མི་གཡང་ཡིན་པས། ཁྲོ་ཐུང་གིས་དེ་དགྲ་ལག་ཏུ་བཞག་ན། གླིང་གིས་ཧོར་མི་ཐུབ་ཟེར་ནས་སྣང་ངུ་གཡུ་སྟག་ཧོར་གྱིས་གྲོངས་བས། གེ་སར་རྒྱལ་པོས་ཨ་ཁུ་ཁྲོ་ཐུང་ལ་ཉེས་ཆད་གཅོད་པའི་ཆེད་དུ་རྡོ་མཁར་ཞིག་བཞེངས་དགོས་པའི་བཀའ་ཕབ་པ་ན། ཁྲོ་ཐུང་གིས་རྫུ་འཕྲུལ་ལ་བརྟེན་ནས་བཞེངས་པ་རེད་ཟེར། ཕྱིས་སུ་མི་རྣམས་ཀྱིས་གེ་སར་རྒྱལ་པོའི་མཛད་པ་ལ་དྲན་གསོ་བྱེད་ཆེད། ཕྱོགས་བཞི་མཚམས་བརྒྱད་ནས་མཇལ་སྐོར་བ་ཡོང་སྟེ་རྡོ་འབུམ་ཇེ་ཆེ་ཇེ་རྒྱས་སུ་ཕྱིན་ཏེ། ད་ལྟའི་གཞི་རྒྱ་འདི་གྲུབ་པ་རེད།
        ཉི་འོད་ཕོག་ཚད་རིང་བས་སེར་ཤུལ་རྫོང་ལ་བྱང་སྡེ་ཉི་མ་ཞེས་བསྔགས་ལ། འོན་ཀྱང་ཆ་སྙོམས་ས་བབ་མཐོ་ཞིང་རང་བྱུང་ཆ་རྐྱེན་ཞན་པ། འགྲིམ་འགྲུལ་སྟབས་བདེ་མིན་པའི་དབང་གིས་རྫོང་འདི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་ས་ཆ་ཞིག་ཏུ་གྱུར་ཏེ། སི་ཁྲོན་ཞིང་ཆེན་གྱི་དབུལ་ཕོངས་ཕྱུག་འགྱུར་གྱི་གཙོ་གནད་དང་དཀའ་གནད་དུ་བཟུང་ཡོད། གསང་དགེ་མ་ཎིའི་རྡོ་འབུམ་ཡོད་སའི་ཨ་རིག་རྫ་གྲོང་རྡལ་ལ་ཆ་བཞག་ན། གྲོང་རྡལ་འདིའི་ས་བབ་ཆ་སྙོམས་མཐོ་ཚད་ལ་སྨི་4100ཡན་ཡོད་པ་དང་། ལོ་གཅིག་གི་ཆ་སྙོམས་དྲོ་ཚད་-1.6℃ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ། རྨང་གཞི་སྒྲིག་ཆས་ཤིན་ཏུ་ཞན་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་རྡལ་ཡོངས་སུ་མིག་སྔར་དབུལ་ཕོངས་སྡེ་པ་6ཡོད་པ་དང་། གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་296ཡི་མི་1413ཡོད་པས། དབུལ་ཕོངས་མང་ཚོགས་འདི་དག་གང་འདྲ་བྱས་ནས་དབུལ་ཕོངས་ཕྱུག་འགྱུར་བྱ་རྒྱུ་ནི་ས་གནས་ཏང་ཨུ་སྲིད་གཞུང་གིས་ཆེས་སེམས་ཁུལ་བྱ་ཡུལ་དུ་གྱུར་འདུག
        དགེ་རྩེ་ཨ་རིག་རྫ་གྲོང་རྡལ་གྱི་གྲོང་དཔོན་ནོར་བུ་དོན་གྲུབ་ཀྱིས་བཤད་རྒྱུར། ང་ཚོ་འདི་ན་ཐོན་ལས་མཉམ་ལས་ཁང་གསུམ་ཡོད། དང་པོ་རྡོ་བརྐོས་མཉམ་ལས་ཁང་རེད། གཉིས་པ་སྣེ་ལེན་ཁང་རེད། གསུམ་པ་འབྲོག་ར་ཆུང་ཆུང་མཉམ་ལས་ཁང་རེད། དེ་ལས་མཉམ་ལས་ཁང་འདི་དག་ལས་འབྲོག་ར་ཆུང་ཆུང་མཉམ་ལས་ཁང་དུ་ཡུལ་སྐོར་ཡོང་ནས་རྟ་ཞོན་བསམ་ན་རྟ་བཞོན་ཆོག འབྲི་བཞོ་བསམ་ན་འབྲི་བཞོ་ཆོག་པ་དང་། སྣེ་ལེན་ཁང་དུ་ཡུལ་སྐོར་པའི་འགྲོ་འདུག་བསྐྱོད་གསུམ་སྣེ་ལེན་བྱེད་ས་དང་། རྡོ་བརྐོས་མཉམ་ལས་ཁང་གིས་གཙོ་བོ་རྡོ་བརྐོས་ཏེ། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཚོལ་བཞིན་ཡོད།
        རང་བྱུང་ཆ་རྐྱེན་ཞན་པ་སོགས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ས་གནས་སྲིད་གཞུང་གིས་སྤོབས་པ་མ་ཉམས་པའི་སེར་ཤུལ་པའི་སྙིང་སྟོབས་སེམས་ལ་བཅངས་ཏེ། གསང་དགེ་མ་ཎིའི་རྡོ་འབུམ་གྱི་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་ནས་རིག་གནས་ལྗོངས་རྒྱུའི་ཐོན་ལས་གསར་སྤེལ་བྱས་ཡོད།
        དེ་ཡང་གསར་འགོད་པས། ང་ཚོའི་མཉམ་ལས་ཁང་འདིར་མིག་སྔར་མི་ག་ཚོད་ཀྱི་མིང་ཐོ་བཀོད་ཡོད་ཅེས་དྲིས་པ་ན། ནོར་བུ་དོན་གྲུབ་ཀྱིས་ལན་དུ། མིག་སྔར་རང་མོས་སྒོས་མཉམ་ལས་ཁང་ལ་ཞུགས་མཁན་མི་160ཡོད། ཨ་རིག་ས་ཆའི་མང་ཚོགས་ལས་རང་མོས་སྒོས་མིང་ཐོ་བཀོད་མཁན་མི་125ཡོད་རེད།
        ཡིག་དྲུག་བཟློས་པའི་ངག་རྟས་སྲ་ཞིང་མཁྲེགས་པའི་རྡོ་འབུམ་ལ་སྙན་འཇེབས་ཀྱི་གདངས་དབྱངས་བསྩལ་ཞིང་། དད་འདུན་གཙང་མས་བརྐོས་པའི་རྡོ་བརྐོས་རེ་རེས་རྡོ་མཁར་འདི་ལ་ཚེ་སྲོག་གི་གསོན་ཤུགས་བསྣན། གནའ་བོའི་རྡོ་བརྐོས་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱས་པ་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་འདེད་ཐོན་པས། འདི་འདྲའི་འཆམ་མཐུན་གྱི་འཕེལ་རྒྱས་གཏོང་སྟངས་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པར་མ་ཟད། ཚང་མས་རེ་བ་ཡང་མཐོང་བྱུང་། རྒྱུས་ལོན་བྱས་པ་ལྟར་ན། རྡོ་བརྐོས་མཉམ་ལས་ཁང་གིས་ཐོན་ལས་འཁོར་རྒྱུག་མ་དངུལ་སྒོར་ཁྲི་250བཏང་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1400ཟིན་པ་དང་། མ་འོངས་པའི་ཡོང་འབབ་ཁག་ལྔ་རུ་དབྱེ་ནས་བགོ་བཤའ་རྒྱག་རྒྱུ་རེད།
        ནོར་བུ་དོན་གྲུབ་ཀྱིས། བགོ་ལུགས་ནི་སྤྱིའི་ཡོང་འབབ་ལས20%གཏོང་རྒྱུའི་དབུལ་སྐྱོར་ཐོན་ལས་འཁོར་རྒྱུགས་མ་དངུལ(མ་རྩ)དུ་ཕྱིར་བསྡུ་རྒྱུ། 20%སྲིད་འཛིན་གྲོང་སྡེའི་དགུའི་ཐུན་མོང་དཔལ་འབྱོར་བྱེད་རྒྱུ། 20% འཁོར་རྒྱུག་མ་དངུལ་བྱེད་རྒྱུ། 20% དུད་ཚང་དབུལ་པོ་ལ་ཁེ་སྤོགས་བགོ་རྒྱུ། 20%ངལ་རྩོལ་པར་གླ་ཆ་སྟེར་རྒྱུ། མ་དངུལ་འདང་ངེས་ཕྱིར་བསྡུ་བྱས་རྗེས། ཕྱིར་བསྡུའི་མ་དངུལ་ལས20%འཁོར་རྒྱུག་མ་དངུལ་དང་ཁེ་སྤོགས་ཐད་ལ་སྤྱོད་རྒྱུ་རེད་ཅེས་བཤད། ལོ་གཅིག་ལ་གྲ་སྒྲིག་གང་ལེགས་བྱས་པ་བརྒྱུད་གསང་དགེ་མ་ཎིའི་རྡོ་བརྐོས་ཐོན་ལས་མཉམ་ལས་ཁང་ད་ལོ་ཟླ་7པའི་ཚེས་18ཉིན་དངོས་སུ་སྒོ་འབྱེད་རྒྱུ་རེད། དུས་རབས་གསར་པ་ལ་སླེབས་ནས་རྒྱང་སྐྱོད་ཀྱི་ལམ་ལ་ཆས། ཨ་རིག་རྫ་གྲོང་རྡལ་གྱི་མང་ཚོགས་རྣམས་ཀྱིས་འཚོ་བ་ལ་ཡིད་ཆེས་ཀྱིས་བལྟམས་པ་ནི། ཁ་ཆར་བུ་ཡུག་ཁྲོད་ཀྱི་གསང་དགེ་མ་ཎིའི་རྡོ་འབུམ་ནང་བཞིན་ལོ་ངོ་སྟོང་ཕྲག་དུ་མར་འཇིག་པ་དང་ཉམས་པ་མེད་པར་བརྟན་པོར་གནས་ལ། རིམ་གྱིས་དུས་ཚོད་ཕར་འདས་པ་དང་བསྟུན་ནས་དེ་ལས་རྔམ་བརྗིད་ལྡན་པ་ཞིག་ཡིན་ངེས། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1