ཐང་གའི་རྒྱུན་འཛིན་པས“དབུལ་སྒྲོལ་གྱི་ཐབས་ལམ”བཏོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-26



     སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་ནས་ནམ་མཁའ་རྒྱལ་ལུགས་ཀྱི་ཐང་ག་ཁྲིད་སྦྱོང་ལྟེ་གནས་སུ་གངས་ལྗོངས་ས་མཐོའི་ཉི་ཟེར་སྒེའུ་ཁུང་བརྒྱུད་ལོ་29ལ་སླེབས་པའི་རྡོ་རྗེའི་ལུས་ཐོག་ཏུ་འཕྲོས་པས་ཁོང་གི་འཛུམ་རིས་གསལ་པོ་ཞིག་མངོན། རྡོ་རྗེ་དང་ཁོང་གི་འཁྲིས་སུ་ཡོད་པའི་རོགས་ཟླ་ཆུང་ཆུང་ཚོས་གཟབ་གཟབ་གསིག་གསིག་ངང་ཐང་ག་འབྲི་བཞིན་ཡོད་པ་དང་། པིར་ཁ་ལ་བཅུག་ནས་བརླན་བཞིན་རང་བྱུང་རྡོ་ཚོན་གྱིས་མདུན་ངོས་ཀྱི་རས་བསེའི་སྟེང་ཐང་ག་འབྲི་བཞིན་མཆིས།
ལྷ་འབྲི་བ་དགེ་ཕྲུག་དེ་ནི་ལོ་5ཡི་གོང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་གི་སློབ་གྲྭ་འགྲིམ་མྱོང་མེད་པའི་ཞིང་པ་དཀྱུས་མ་ཞིག་ཡིན་པ་སུ་ཡི་ཡིད་ལ་འཁོར་སྲིད་དམ།
   “རྨི་ལམ་ལྟ་བུ་བྱུང་། ང་རང་ཐང་གའི་ལྷ་འབྲི་བ་ཞིག་ཏུ་གྱུར་བའི་གོ་སྐབས་རག་ཡོང་བསམ་མྱོང་མེད”ཅེས་རྡོ་རྗེས་འཚེར་སྣང་ངང་གད་མོ་དགོད་བཞིན་དུ་དེ་ལྟར་བརྗོད་པ་དང་། ཁོང་གིས“ང་རང་ལོ་ན་ཆེ་ཙམ་ཡིན་པས། ཆུང་ངུའི་དུས་སུ་སློབ་གྲྭ་འགྲིམ་པའི་གོ་སྐབས་མ་བྱུང་། ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་ཐང་ག་འབྲི་ཤེས་པ་དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བརྗོད།
     རྡོ་རྗེ་བྲག་འགོ་རྫོང་མཁར་གཉའ་ཤང་གི་ཞིང་ཁུལ་དུ་སྐྱེས་པ་དང་། ཁོའི་ཁྱིམ་ལ་ས་རྒྱུ་མི་གཤིན་པའི་ས་ཞིང་མུའུ་ཁ་ཤས་ཡོད་པ་ལས་རྒྱ་ཆེ་བའི་རྩྭ་ར་དང་ནོར་ལུག་མེད། ནང་མི་ཚོས་ངལ་བ་ཁྱད་བསད་ཀྱིས་ནས་ཞིང་མུའུ་ཁ་ཤས་བཏབ་ནས་འཚོ་བ་འགན་ལེན་བྱེད་པ་དང་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ལོ་5ཡི་གོང་། གདོང་རིས་དང་འདྲེན་བྱེད་སྒོར་བའི་ཨ་ར་སོབ་སོབ་ཀྱི་མི་ཞིག་གིས་ཁོ་བཙལ་ནས་ཐང་ག་འབྲི་སྟངས་བསླབས་པ་རེད།
     ཐང་ག་ནི་བོད་རིགས་ས་ཁུལ་དུ་དམིགས་བསལ་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ཨ་ར་སོབ་སོབ་ཀྱི་མི་དེ་ནི་ནམ་མཁའ་རྒྱལ་ལུགས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་མི་རབས་དགུ་པ་གཡུང་དྲུང་ནོར་བུ་རེད། བྲག་འགོ་རྫོང་ཏང་ཨུད་དང་སྲིད་གཞུང་གིས་རིག་སྟོབས་དབུལ་སྐྱོར་བྱེད་རྒྱུ་དེ་དབུལ་སྐྱོར་ལས་དོན་གྱི་ཨང་དང་པོར་བཞག་ནས་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ནམ་མཁའ་རྒྱལ་ལུགས་ཀྱི་ཐང་གའི་སྒྱུ་རྩལ་དེ་གནས་དེ་གའི་ལག་ཤེས་བཟོ་རྩལ་གྱི་མཚོན་བྱེད་གཙོ་བོ་ཞིག་ཡིན་པའི་ཆ་ནས་དབུལ་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས་ཡོད་པ་རེད།
     རྡོ་རྗེ་དང་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་གཞན་དག་མཉམ་དུ་བྲག་འགོ་རྫོང་གྲོང་དུ་ཡོང་ནས་སི་ཁྲོན་ཞིང་ཆེན་བོད་རིགས་ནམ་མཁའ་རྒྱལ་ཐང་ག་ཁྲིད་སྦྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཏེ་སྐྱ་རིས་སྦྱོང་བ་ནས་འགོ་ཚུགས་ཏེ་གོམ་སྟབས་རེ་རེ་བཞིན་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ནམ་མཁའ་རྒྱལ་ལུགས་ཀྱི་ཐང་གའི་སྒྱུ་རྩལ་སྦྱངས་པ་རེད།
     ནམ་མཁའ་རྒྱལ་ལུགས་ནི་ཁྲོན་ནུབ་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ཟབ་ཤོས་ལྡན་པའི་ཐང་གའི་ལུགས་ཤིག་ཡིན་པ་དང་། སི་ཁྲོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་གཏོགས་པ་མ་ཟད། བྲག་འགོ་རྫོང་ལ་ཡང“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཞེས་འབོད་སྲོལ་ཡོད། གཡུང་དྲུང་ནོར་བུས་ངས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དེ་དར་སྤེལ་ཤུགས་ཆེན་བཏང་ནས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་བྱ་གཞག་ཆེད་ནུས་ཤུགས་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང།
     “ད་ལྟ་ཁྲིད་སྦྱོང་ལྟེ་གནས་སུ་ཐང་ག་སྦྱོང་བར་ཡོང་མཁན་ཕྲུ་གུ་བཅུ་ཕྲག་ཁ་ཤས་ཡོད། དེའི་ནང་དུད་ཚང་དབུལ་པོའི་ཕྲུ་གུ་ཡོད་ལ། དབང་སྐྱོན་ཕྲུ་གུ་ཡང་ཡོད”ཅེས་གཡུང་དྲུང་ནོར་བུས་བརྗོད་པ་དང་། ཁོ་བོས“ང་ཚོས་སློབ་ཡོན་དང་འཚོ་བའི་གྲོན་དངུལ་བསྡུ་གི་མེད། ཐང་ག་བྲིས་པར་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད། ལོ་ཕྱེད་རིང་ལ་ཐང་ག་གཅིག་བྲིས་ན་དུད་ཚང་གཅིག་གི་དཀའ་ངལ་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་བཤད་བྱུང་།
     རྡོ་རྗེ་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། ན་ནིང་ཁོ་བོའི་ཕ་ཚེ་ལས་འདས་པ་དང་། སྟབས་ལེགས་པ་ཞིག་ལ་རང་ཉིད་ཀྱིས་ཐང་ག་འབྲི་རྩལ་ཤེས་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་3རག་པས་ཁྱིམ་ཚང་གི་འཚོ་བའི་འགན་ལྕི་པོ་ཁུར་ཡོད་པ་རེད།
     “རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་ཁོང་ཚོ་དབུལ་པོའི་གནས་ལས་ཐར་སོང”ཞེས་གཡུང་དྲུང་ནོར་བུས་བརྗོད་པ་དང་། བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་ཐད་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན། ཆ་སྙོམས་ས་བབ་མཐོ་ཚད་སྨི་3860ཟིན་པའི་བྲག་འགོ་རྫོང་གིས་མི་འབོར་དབུལ་པོ་མི་ཐེངས་2800ལྷག་ཙམ་ལ་ཐང་ག་འབྲི་རྩལ་དང་། ཕྱུགས་རིགས་གསོ་ཚགས། ཡུལ་སྐོར་སྣེ་ལེན་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ནས་ས་གནས་དེ་གའི་མི་ཁྲི་གཅིག་ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་སྐྱོར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1