༄༅།། ཐ་མག་འཐེན་ན་མིག་ལའང་གནོད་པ་ཆེན་པོ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26


        ཐ་མག་གི་ཉེས་དམིགས་མང་པོའི་ཁྲོད།གློ་བར་ཐེབས་པའི་གནོད་འཚེ་ནི་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་མོད།འོན་ཀྱང་ཐ་མག་འཐེན་ན་མིག་ལ་གནོད་པ་ཡོད་པ་མི་མང་ཤོས་ཀྱིས་ད་རུང་ཤེས་མེད།
        འཐབ་ཇུས་རོགས་སྐྱོར་དམག་དཔུང་ཁྱད་ལྡན་གསོ་རིག་ལྟེ་གནས་མིག་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཀའོ་ཧྥུ་ལིན་གྱིས་བསྟན་དོན།ཐད་ཀར་ཐ་མག་འཐེན་མཁན་དང་ཡང་ན་བར་བརྒྱུད་ཀྱི་ཐ་མག་འཐེན་མཁན་གང་ཞིག་ཡིན་རུང་། ཐ་མག་གིས་མིག་ལ་གནོད་པ་ཆེན་པོ་ཐེབས་ཏེ།མིག་ནད་སྣ་ཚོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ་རེད།དུས་རྒྱུན་གྱི་འཚོ་བའི་ཁྲོད།ཐ་མག་གི་ངན་ཤུགས་འོག་བྱུང་བའི་མིག་ནད་ལ་གཙོ་བོ་རིགས་འདི་དག་ཡོད་པ་སྟེ།
        གཅིག མིག་ནད་ལིང་གྲིབ། ཐ་མག་འཐེན་པའི་མི་ལ་མིག་ནད་ལིང་གྲིབ་འབྱུང་བའི་ཚད་མི་གཞན་པ་ལས་ལྡབ་འགྱུར་གྱིས་མཐོ།རྒྱུ་མཚན་ནི་གནོད་ལྡན་དངོས་པོས་མིག་གི་ཤེལ་གཟུགས་ལ་གནོད་པ་བཟོས་པས་རེད།
        གཉིས། གཅིན་སྙི་ཟ་ཁུའི་དབང་གིས་མཐོང་བྱེད་དྲ་སྐྱི་ལ་ནད་འགྱུར་འབྱུང་བ།གཅིན་སྙི་ཟ་ཁུ་བྱུང་བའི་ནད་པའི་མཐོང་བྱེད་དྲ་སྐྱི་ལ་མ་གཞི་ནས་ནད་འགྱུར་འབྱུང་སླ་ཞིང་།དེའི་ཁར་ད་རུང་ཐ་མག་འཐེན་པའི་གོམས་སྲོལ་ཡོད་པ་དང་།ཡང་ན་རྒྱུན་དུ་བར་བརྒྱུད་ཀྱིས་ཐ་མག་འཐེན་པའི་ཁོར་ཡུག་ཏུ་འཚོ་བ་རོལ་ན།ནད་འགྱུར་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།ཐ་མག་ཁྲོད་ཀྱི་རྫས་འགྱུར་དངོས་པོ་དེ་དག་ཁྲག་རྒྱུན་ཁྲོད་དུ་བསགས་ཏེ།ཁྲག་རྩའི་ནང་ངོས་སུ་གནོད་འཚེ་ཐེབས་པ་དང་།རྙིང་ཚབ་གསར་འབྱེད་བྱས་པའི་དངོས་པོ་དག་གནོད་འཚེ་ཐེབས་པའི་ཕྲ་ཕུང་བརྒྱུད་དེ་མཐོང་བྱེད་དྲ་སྐྱིའི་ཕུང་གྲུབ་ཁྲོད་འདྲེས་ཏེ།མཐོང་བྱེད་དྲ་སྐྱིའི་ཕྲ་ཕུང་ལ་གནོད་འཚེ་བཟོ་བ་རེད།དུས་ཡུན་རིང་ན་མིག་ཤུགས་ཉམས་པ་དང་།ཚབས་ཆེ་ན་མིག་གིས་མི་མཐོང་བའི་གནས་ཚུལ་འབྱུང་སྲིད།
        གསུམ། རྒན་པའི་མིག་སེར(黄斑)ནད་འགྱུར། མིག་སེར་ནད་འགྱུར་ལ་རེད་སླ་བའི་གཞི་རྒྱུ་གཉིས་ཡོད།ཞིབ་འཇུག་ལས་མངོན་པ་ལྟར་ན།ཐ་མག་འཐེན་པ་ནི་མིག་སེར་ནད་འགྱུར་གྱི་ཁོར་ཡུག་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ།ཐ་མག་ཁྲོད་ཀྱི་གནོད་ལྡན་དངོས་པོས་རེད་སླ་བའི་གཞི་རྒྱུ་དེ་གཉིས་ཀའི་ནུས་པ་ཇེ་དྲག་ཏུ་བཏང་ནས།ནད་འབྱུང་བའི་ཚད་དང་ཚབས་ཆེན་རང་བཞིན་ཇེ་དྲག་ཏུ་གཏོང་བ་རེད།
        བཞི། མཐོང་བྱེད་དྲ་སྐྱིའི་སྡོད་རྩ་དང་འཕར་རྩ་འགག་པ།མཐོང་བྱེད་དྲ་སྐྱིའི་ཉེ་འགྲམ་གྱི་སྡོད་རྩ་དང་འཕར་རྩའི་མ་ལག་ནི་ལུས་ཡོངས་འཁོར་རྒྱུག་གི་མཇུག་སྣེ་ཡིན།ཐ་མག་འཐེན་ན་ཁྲག་རྩ་སྐུམ་པ་དང་།ཁྲག་རྡུལ་གཅིག་ཏུ་འདུས་ཚད་ཇེ་མཐོར་བཏང་ནས།མཐོང་བྱེད་དྲ་སྐྱིའི་སྡོད་རྩ་དང་འཕར་རྩ་འགག་པ་རེད།དེའི་ནང་གི་སྡོད་རྩ་འགག་ན་མིག་ཤུགས་ཡོངས་སུ་ཉམས་ཏེ་འོད་ཚོར་ཙམ་ལས་མེད་པ་རེད།
        ལྔ། མིག་ནད་སྐམ་ཚག་དང་མིག་སྐྱིའི་གཉན་ཚད།མིག་འབྲས་སྐྱི་མོའི་གཉན་ཚད་བཅས་འབྱུང་བ།ཐ་མག་གི་དུ་ཞག་ནི་མིག་ནད་སྐམ་ཚག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།མིག་ལྕིབས་གཤེར་རྨེན་གྱིས་སྣུམ་ཞག་ཟགས་ཐོན་བྱས་རྗེས་མིག་སྐྱིའི་ནང་ངོས་སུ་བསགས་ཏེ།ཕྱི་རོལ་ཡུལ་གྱི་གནོད་འཚེ་འགོག་པ་རེད།གལ་ཏེ་མཁའ་དབུགས་ཁྲོད་ཀྱི་ས་རྡུལ་མིག་ནང་དུ་སོང་ན།མིག་ལྕིབས་གཤེར་རྨེན་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཐེབས་ཏེ།ཚོར་བ་རྐྱེན་པོར་འགྱུར་བ་དང་ཐ་ན་ཁྲག་ཐོན་པ་དང་གཉན་ཚད་རྒྱས་པ་རེད།
        ཀའོ་ཧྥུ་ལིན་གྱིས་བསྟན་དོན།ཐ་མག་གིས་མིག་ལ་ཐེབས་པའི་གནོད་འཚེ་ནི་ཧ་ཅང་ཚབས་ཆེན་ཡིན་མོད།འོན་ཀྱང་དེ་ནི་འགོག་ཐུབ་པ་ཞིག་ཡིན་པས་ནམ་ཡང་འཕྱི་མེད།ནང་སྒོས་སུ་ལོ50ཡན་གྱི་མི་དང་ཡང་ན་གཅིན་སྙི་ཟ་ཁུའི་ནད་པས་ངེས་པར་དུ་སྔ་མོ་ནས་ཐ་མག་བཅད་ན་བཟང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1