བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར་གྱི་སི་ཁྲོན་ལྡེབས་རིས་ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27


       ཉེ་ཆར།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པའི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར་གྱི་སི་ཁྲོན་ལྡེབས་རིས་༼༡༽ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་།  དེབ་འདིའི་ནང་དོན་ནི་སྤྱིའི་གླེང་བརྗོད་དང་དཔྱད་རྩོམ།  པར་རིས་དང་རིས་འགྲེལ་གསལ་བཤད།  འཚོལ་བྱང་བཅས་ཀྱིས་གྲུབ་ཡོད་ལ།  ནང་དོན་དངོས་ལ་རོང་བྲག་རྫོང་སྤྲོ་སྣང་གི་རྡོ་མཁར་མཆོད་ཁང་ལྡེབས་རིས་དང་བརྒྱད་ཟུར་རྫོང་གྲོང་མགོའི་རྡོ་མཁར་མཆོད་ཁང་ལྡེབས་རིས།  མི་ཉག་ས་བདེ་གྲོང་རྡལ་གྱི་མཆོད་ཁང་ལྡེབས་རིས།  མི་ཉག་ཁྲོད་རྒྱུད་ཀྱི་མཆོད་ཁང་ལྡེབས་རིས།  མི་ཉག་ཨ་བརྒྱ་སྟོད་པའི་མཆོད་ཁང་ལྡེབས་རིས་བཅས་ཀྱིས་གྲུབ་ཞིང་།  ལྡེབས་རིས་ཀྱི་སྤུས་ཀ་ལེགས་ཤིང་ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ།

       དེབ་དེའི་གཙོ་སྒྲིག་པ་དང་པར་ལེན་མཁན་ནི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་དང་།  གཙོ་སྒྲིག་གཞོན་པ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་དང་དབང་ཆེན་ཡིན་ཞིང་།  སྤྱི་བཤད་དང་རིས་འགྲེལ་འབྲི་མཁན་དབང་ཆེན་དང་།  སྤྱི་བཤད་རྒྱ་ཡིག་སྒྱུར་མཁན་རྡོ་རྗེ་ཚེ་བརྟན་དང་གསལ་བཤད་རྒྱ་ཡིག་སྒྱུར་མཁན་ཚེ་རིང་རྡོ་རྗེ་ཡིན་པ་རེད།

       རྒྱུས་ལོན་བྱུང་ལ་ལྟར་ན།  བོད་ཀྱི་མཛེས་རྩལ་ཀུན་འདུས་ཆེན་མོ་ནི་ཚོན་རིས་པོད་བརྒྱ་ཐམ་པའི་བདག་ཉིད་ཀྱིས་གྲུབ་ཅིང་།  དེ་ལས་རི་མོ་སྒྱུ་རྩལ་སྐོར་ལ་པོད་ཞེ་བརྒྱད་དང་།  འབུར་བརྐོས་སྒྱུ་རྩལ་སྐོར་ལ་པོད་ཉེར་གསུམ།  བཟོ་སྐྲུན་སྒྱུ་རྩལ་སྐོར་ལ་པོད་བཅུ་གཅིག  །བཟོ་བཀོད་མཛེས་རྩལ་སྐོར་ལ་པོད་བཅུ་བཞི།  ཡིག་གཟུགས་དང་ཐམ་བརྐོས་སྐོར་ལ་པོད་གསུམ།  མཛེས་རྩལ་གཞུང་ལུགས་སྐོར་ལ་པོད་གཅིག་བཅས་གཞུང་དོན་སྤྱིའི་ཁོག་འབུབས་དོན་ཚན་ཆེན་པོ་དྲུག་ལ་བཀར་སྟེ་གྲུབ་ཡོད།
 

        བོད་ཀྱི་མཛེས་རྩལ་ཀུན་བཏུས་སུ་འཁོད་པའི་པར་རིས་ནི་གནའ་རྫས་ཀྱི་བརྟག་ཞིབ་ལས་གསར་རྙེད་བྱུང་བ་དང་།  དགོན་པ།  དངོས་རྙིང་རྩ་ཆེན་ཉར་ཚགས་བགྱིས་པ་གཙིགས་སུ་བཟུང་ཞིང་།  དམངས་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཅ་དངོས་རྩ་ཆེན་ཡང་བསྡུས་ཡོད།  དེའི་ཁྲོད་དུ་གཙོ་བོ་བོད་ལྗོངས་དང་མཚོ་སྔོན།  ཀན་སུའུ།  སི་ཁྲོན།  ཡུན་ནན།  ནང་སོག  །དེ་བཞིན་ཞིང་ཆེན་གཞན་དག་ཏུ་ད་ལྟ་དངོས་སུ་གཅེས་ཉར་བྱས་པ་དང་།  དེ་བསྟུན་ཕྱི་རྒྱལ་དུ་ཉར་བའི་དངོས་པོ་སོགས་བོད་ཀྱི་མཛེས་རྩལ་འབྲེལ་ཡོད་རྩ་ཆེན་དངོས་པོའི་པར་རིས་གང་ཐུབ་ཀྱིས་བཀོད་ཡོད།
 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1