གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༧ཉིན།

༄༅།། ཡིག་ཚང་ཞེས་པའི་ཐ་སྙད་དེའི་ཚིག་དོན་ལ་འགྱུར་བ་བྱུང་ཚུལ་སྐོར་ཅུང་ཟད་གླེང་བ།


 དོན་གྲུབ་ཚེ་རིང་།
[ནང་དོན་གནད་བསྡུས།] འདིའི་ནང་རྩོམ་པ་པོས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་ཐོན་པའི་ཡིག་ཚང་ཞེས་པའི་ཐ་སྙད་དེའི་ཚིག་དོན་རིམ་བཞིན་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་འགྱུར་བ་ཇི་ལྟར་བྱུང་ཚུལ་གྱི་སྐོར་ལ་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཡིག་ཚང་། ཚིག་དོན། འགྱུར་བ་བྱུང་ཚུལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H211/2
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)02-00 14-09  
        གནའ་བོའི་མི་རིགས་གང་ཞིག་ཤེས་རིག་དང་ལྡན་པའི་ཕྱོགས་སུ་བསྐྱོད་ཐུབ་མིན་ནི་ཡི་གེ་ཡིན་ཞིང་།  ཡི་གེ་བྱུང་བ་ལས་གང་དེ་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་པར་སོམ་ཉི་མེད་ལ།  ཡི་གེ་ལ་བརྟེན་ནས་ཐོན་སྐྱེད་ངལ་རྩོལ་ནང་ཐོན་པའི་ཉམས་མྱོང་དང་། རང་གི་འདོད་ཚུལ། ཤོད་རྒྱུན་སོགས་ཅི་རིགས་ཡི་གེའི་ལམ་དུ་བཀོད་ནས་ཕྱི་རབས་པ་རྣམས་ལ་སློབ་སྦྱོང་དང་། རྒྱུད་འཛིན་ཡོང་བར་བྱེད་ཀྱི་ཡོད།   དེ་དག་རིམ་བཞིན་ཉར་ཚགས་དང་བསྡུ་སྒྲིག་བྱས་པ་ལ་བརྟེན་ནས་ཡིག་ཚང་རྣམས་རིམ་བཞིན་བྱུང་བ་ཞིག་ཡིན་པས།  སྤུ་རྒྱལ་བཙན་པོའི་དུས་ཀྱི་ཡིག་ཚང་ཡང་དེ་ལས་མ་འདས་ཤིང་།  ད་ཡོད་ཀྱི་དཔྱད་གཞི་དག་ལ་གཞིགས་ན“ཡིག་ཚང་”ཞེས་པའི་ཐ་སྙད་དེ་བྱུང་བ་ཆེས་སྔ་ཤོས་ནི་ཏུན་རོང་གི་གཏེར་ཡིག་ནང་ཡིན་ཞིང་།དེ་ནི་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཞིག་ཡིན་ལ།  དེའི་ནང་དོན་ཡང་ཐོག་མར་བོད་བཙན་པོའི་སྲིད་སྐྱོང་གི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་།  དེ་ནས་རིམ་བཞིན་སྲིད་སྐྱོང་གི་དུས་རབས་མི་འདྲ་བའི་ནང་འཕོ་འགྱུར་གང་ཙམ་ཞིག་བྱུང་ཡོད་པས། གཤམ་དུ་ཡིག་ཚང་ཞེས་པའི་ཐ་སྙད་དེའི་འགྱུར་བའི་སྐོར་ཅུང་ཟད་ཅིག་གླེང་བར་བྱ་བ་ལ།
        དང་པོ། བསྟན་པ་སྔ་དར་སྐབས་ཐ་སྙད་དེའི་འབྲི་ཚུལ་དང་གོ་དོན་བསྟན་པ།  
        ཤེས་བྱའི་བང་མཛོད་དུ་གྲགས་པའི་ཏུན་ཧོང་གཏེར་ཡིག་ནི་ད་ལྟའི་བར་སྤུ་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོར། རྩོམ་རིག ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཁུངས་བཙན་ཤོས་དང་། ཆེས་རྙིང་ཤོས་ཀྱི་ཡིག་ཆ་ཞིག་ཡིན་ཞིང་། དེའི་ནང་བོད་ཀྱི་བརྡ་རྙིང་མང་པོ་ཅིག་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད། དེ་ལས་བོད་ཀྱི་སྐད་བརྡ་དང་། བརྡ་སྤྲོད། མི་གཤིས་སོགས་ལ་རྒྱུས་ལོན་ཡོང་རྒྱུར་གདོན་མི་ཟའོ།། འདིར་འཆད་བྱའི་ཡིག་ཚང་ཞེས་པའི་ཐ་སྙད་དེར་སྤུ་རྒྱལ་བཙན་པོའི་སྐབས་འབྲི་སྲོལ་མི་འདྲ་བ་སྣ་ཚོགས་སུ་ཡོད་དེ། འདིར་རེ་གཉིས་དྲངས་ན། “གློ་བ་ཉེ་བ་ཡིག་གཙང་དང་བྱ་སྒ: སྩལད།”① ཅེས་དང་།“སུམ:རུ:པལ:པོ:ཆེ:ཡོག་གཙང་སྩལ།”②ཅེས་པའི་ནང་ཡིག་གཙང་ཞེས་འབྲི་སྲོལ་ཐོན་པ་དང་། གཞན་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཨང་P.T.1077པའི་ཐིག་ཕྲེང་113ནས་114པའི་ཁྲོད་ན་“བདག་ཏོ་དོག་དུ་བཀའ་སྩལད་པ་ཡང་། ཆེད་ནི་བླ་ནས་གྱང་ཐུགས་ཆེསྟེ། བཀའ་དྲིན་ཡིག་ཚང་ལསྩོགས་པ་ཡང་བསྟོད་།།”③ ཅེས་དང་། ཏུན་ཇོང་གི་གཏེར་ཡིག་P.T 113ལས། ཞང་བློན་ཆེན་པོས་ཤ་ཅུའི་བདེ་བློན་རྣམས་ལ་སྤྲིངས་པའི་ཡི་གེ་ཞེས་པའི་ནང་“ཁང་ཇྀ་གམ་བར་དུ་ཤ་ཅུར་རྐྱ་ལོག་པ་འི་ཚེ་ཁྲོམ་བུ་ཆུང་དུ་བྱང་བཏང་པ་འི་ཡོན་གྱིས་སྐྱ་བ་ཞིག་ན་ཡྀག་ཙང་ལ་ཐུགས་སྟེ།། དགེ་སློང་ལགས་པས།། ཚེ་ཆིག་གི་ཚོ་བ་ཤ་ཅུའི་གནས་བརྟན་གྱི་ཐང་དུ་གནང་སྟེ།། ཕྱག་རྒྱ་མཇལ་ནས་སྩོལ་ཆིག།”④ཅེས་པའི་ནང་ཡིག་ཙང་ཞེས་འབྲི་སྲོལ་ཐོན་གྱི་ཡོད་པས།  དེ་དག་ནི་བཙན་པོའམ་ས་གནས་ཀྱི་དཔོན་པོ་ལ་གློ་བ་ཉེ་བ་དང་། ཡང་ན་ཆབ་སྲིད་རྒྱ་བསྐྱེད་པའི་ནང་དཔའ་བ་དང་། མཛངས་པ། རྒོད་པ་སོགས་མི་བྱས་ཅན་ལ་བདག་རྐྱེན་བྱ་དགའ་སྤྲོད་པའི་རྟགས་ཤིག་ཡིན་པས། དེ་བསྐོ་བའི་སྲོལ་ལ་ཡིག་ཚང་ལམ་ལུགས་ཞེས་ཟེར། ལམ་ལུགས་དེ་དུས་ཇི་ཙམ་ལ་བྱུང་བ་ད་ཕན་བཞེད་ཚུལ་མི་འདྲ་བ་མང་ཞིང་།   ཡིག་ཚང་གི་ལམ་ལུགས་དེ་རྒྱལ་ཁྲིམས་སུ་གཏན་ལ་འབེབས་པ་ནི་ཁྲི་སྲོང་བཙན་གྱི་རིང་ལ་དར་བ་ཕྱིས་འབྱུང་གི་ལོ་རྒྱུས་ཀུན་ཞལ་མཐུན་གྱི་ཡོད། སྐབས་འདིའི“ཡིག་ཚང་”ཞེས་པའི་ཐ་སྙད་དེ་དང་དོན་ནམ་ནུས་པ་མཚུངས་པ་ནི་དངུལ་གྱི་ཡི་གེ་དང་།  ཕྲ་མེན་གྱི་ཡི་གེ་ཞེས་པའི་ནང་གི་ཡི་གེ་དེ་ཡིན་ཞིང་།  ཏུན་ཧོང་ཡིག་རྙིང་ནང་གི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ནང་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་བློན་པོ་མྱང་ཞང་སྣང་ལ་དངུལ་གྱི་ཡི་གེ་ཆུང་ངུ་བསྩལ་བའི་སྐོར་འདི་ལྟ་ཡོད་དེ།“མྱང་ཞང་སྣང་བློན་པོར་བཅུག་ནས།  བློན་པོའི་མཚན་མར་ཡང་རྔུལ་གྱི་སུག་བུ་ཆུང་སྩལ་ཏོ།།”⑤ཞེས་པར་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》དང་། ལུ་ལི་(陆离)དང་ལུ་ཆིན་ཧྥུ་(陆庆夫)རྣམ་གཉིས་ཀྱི་《བོད་བཙན་པོའི་སྐབས་ཀྱི་ཡིག་ཚང་ལམ་ལུགས་ཀྱི་གནད་དོན་འགའ་ཞིག་》ལ་སོགས་པའི་ནང་“སུག་བུ་ཆུང་”ཞེས་པར་“པུག་བུ་ཆུང་”ཞེས་བཀོད་གནང་ནས་དངུལ་གྱི་པུག་བུ་སྟེ་བཏུང་བའི་སྣོད་ཅིག་ཡིན་པ་འདྲ་བ་དང་།  ཡང་ན་པུག་བུ་ཞེས་གདུ་བུའམ་ཨ་ལོང་དབྱིབས་ཅན་དུ་འགྲེལ་འདུགདོན་དུ་དེ་ནི་“སུག་བུ་ཆུང་”ཡིན་པ་མ་ཡིག་དང་བསྡུར་ན་ཤེས་རྟོགས་ཐུབ།  དེ་ནི་ད་ཕན་ཡིག་ཚང་ལམ་ལུགས་ཀྱི་སྐོར་ཡི་གེར་འཁོད་པ་ད་ཕན་སྔ་ཤོས་ཡིན་པ་དང་།   དེ་ནས་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་སྐབས་སུ་“བཙན”པོས་བཀའ་སྩལད་པ།།  དབྱི་ཚབ་གློ་བ་ཉེ་བས།། གུམ་ན་མཆད་པྱག་དར་ཏེ་བརྩིག་པར་གནང།།  རྟ་ནི་བརྒྱའ་དགུམ་བར་གནང་།། བུ་ཚ་གང་རུང་བ་གཆིག། གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ་བསྩལ་ཏོ།།”⑥ ཞེས་མྱང་ཞང་སྣང་ལ་བཙན་པོས་བཀྱོན་ཕབ་རྗེས་དབས་དབྱི་ཚབ་ལ་སྤྲད་གནང་བའི་བདག་རྐྱེན་ཞིག་ཡིན་པས།  སྐབས་དེར་ཡིག་ཚང་གི་དོད་དུ་“ཡི་གེ་”ཞེས་བྲིས་ཡོད་པ་དང་། དེ་ནི་ད་ལྟའི་ཆར་“ཡི་གེ་”ཞེས་པའི་ཐ་སྙད་ཐོན་སྔ་ཤོས་ཡིན།   སྤྱིར་“ཡི་གེ་”ཞེས་པའི་སྒྲ་བཤད་དུ་ཕྱིས་ཀྱི་མཁས་པས།  “ཡི་གེ་གང་ཞིག་འབྲུར་འཆར་བའོ་”ཞེས་དང་།    ཡང་ན་“མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་”ལ་གོ་མོད།  སློབ་དཔོན་ཐོན་མིས་བོད་ཀུན་ལ་རྒྱུ་བའི་ཡི་གེ་དེ་མ་མཛད་རྒོང་བོད་སྐད་ཀྱི་“ཡི་གེ་”ཞེས་པ་ནི་མཛངས་པའམ་བྱས་ཅན་ལ་བདག་རྐྱེན་སྤྲོད་པའི་རྟགས་སམ་མཚན་མ་ཞིག་ལ་གོ་བ་ཡིན་ཞིང་། དེ་ནི་གསེར་དང་། གཡུ། ཤིང་སོགས་སུ་བཀོད་པའི་རི་མོའི་རྣམ་པ་ཞིག་དང་།  བོད་ལ་ཡི་གེ་དངོས་ཐོན་པ་དེ་གང་གི་ལོགས་སུ་རི་མོར་བཀོད་པ་དེ་དང་འདྲ་མཚུངས་ཀྱིས་ཡི་གེ་ཞེས་པའི་ཐ་སྙད་བཏགས་ཡོད་པར་སྙམ། དེ་ཡང་《མཁས་འཇུག་》ལས། “ཐོག་མར་སྦྱར་བ་བརྡ་ཡིན་ལ།  ཕྱི་ནས་དཔྱོད་པ་ཐ་སྙད་ཡིན་”⑦ཞེས་པ་ལྟར་འདོད་རྒྱལ་དུ་གྲགས་པའི་“ཡི་གེ་”ཞེས་པ་ནི་ཡིག་ཚང་ལམ་ལུགས་ཞེས་པའི་ཡིག་ཚང་དང་དོན་མཚུངས་པ་སྟེ་བདག་རྐྱེན་བྱ་དགའ་སྤྲོད་པའི་རྟགས་མཚན་ཞིག་ལ་གོ་བ་དང་།  ད་ལྟ་ཀུན་ལ་གྲགས་པའི་ཐ་སྙད་ཡི་གེ་ནི་རྗེས་སྒྲུབ་ཡིན་པ་ཞིག་ཏུ་བརྗོད་ན་འགལ་བ་གང་ཡང་མེད། དེ་ལྟར་ཡིག་ཚང་ཞེས་པ་དེ་ནི་ཡི་གེ་དང་ཚང་གི་བསྡུས་ཡིག་ཡིན་ཏེ།   ཡི་གེ་ཞེས་པ་འདོད་རྒྱལ་དུ་ནི་རྟགས་སམ་རི་མོའི་རྣམ་པར་འཁོད་པ་ཞིག་ཡིན་པ་དང་།  ཚང་ནི་ཁྱིམ་དང་། གྲངས་ཀའི་ཚད་ལོངས་པ། འཛོམས་པ་སོགས་ཀྱི་དོན་ལྡན་པས།   འདིར་ནི་ལྡན་པའམ་མངའ་བའི་དོན་ཡིན་ཏེ། ཡི་གེ་དང་ལྡན་པའི་མི་སྒེར་རམ་ཁྱིམ་ལ་གོ་དགོས། དེ་དག་ནི་ཡིག་ཚང་གི་ཆེས་ཐོག་མའི་མཚོན་དོན་ཅི་ཡིན་པར་གསལ་རྟོགས་ཡོང་ཆེད་དུ་བརྗོད་པ་ཞིག་ཡིན་པས། དོན་འདྲིལ་ན་ཡིག་ཚང་ནི་དཔོན་གློ་བ་ཉེ་བ་དང་། འབངས་བྱས་ཅན་ལ་གཟེངས་བསྟོད་དང་དེ་དག་རབ་ཚན་འབྱེད་པའི་ལམ་ལུགས་ཤིག་ཡིན་པ་《ཐང་ཡིག་གསར་མ་》ལས།“དཔོན་རྟགས་སུ།   གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མེན་དེ་ལས་ཀྱང་དམན། དངུལ་དེ་ལས་ཀྱང་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ།  དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་འབྱེད”⑧ཅེས་དང་། ཡང་རྒྱ་ནག་གི་《ཡིག་ཚང་མ་ཧཱ་རུས་སྦལ་མ་》ལས། “དཔོན་རྟགས་སུ་ཕལ་ཆེར་རིགས་ལྔ་མཆིས་ཏེ།  དང་པོ་གཡུའི་ཡི་གེ  གཉིས་པ་གསེར་གྱི་ཡི་གེ།  གསུམ་པ་ཕྲ་མེན་གྱི་ཡི་གེ།  བཞི་བ་དངུལ་གྱི་ཡི་གེ།  ལྔ་བ་ཟངས་ཀྱི་ཡི་གེ་ཡིན།  སོ་སོ་ཚུན་གསུམ་ཅན་གྱི་ཕྲུག་གི་བྱང་བུའི་སྟེང་རྒྱན་ནས།   དཔང་བར་བཏགས་ཏེ་མཐོ་དམན་འབྱེད།”⑨ལྟ་བུ་དཔོན་རབ་འབྱེད་ཚུལ་དང་། འཇང་གི་ཏེ་ཧྭ་རྡོ་རིང་ལས་“སྤྱི་ལོ་752ལོར་ཀེག་ལ་བོང་ལ་བོད་ཀྱིས་གཡུའི་ཡིག་ཚང་བསྩལ།”ཞེས་འབངས་སུ་གཏོགས་པའི་རྒྱལ་ཕྲན་གྱི་རྗེ་བོར་བྱ་དགའ་བསྩལ་བ་ལྟ་བུ་དང་།  ཞོལ་རྡོ་རིང་ཕྱི་མའི་ཡི་གེ་ལས།  “བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལད་ནམ་ནམ་ཞ་ཞར་དངུལ་གྱྀ་ཡི་གེ་ཆེན་པོ་གཅིག།།།  ན་མྱྀ་དབབ་པར་གཡུང་དྲུང་།  དུ་སྩལད་ཕར་གནང་ངོ་།”⑽ཞེས་བྱས་ཅན་གྱི་བློན་པོ་ལ་བདག་རྐྱེན་སྤྲོད་པའི་དཔེ་མཚོན་ཙམ་མོ།། མདོར་ན་ཡིག་ཚང་ཞེས་པའི་ཐ་སྙད་དེར་ཡིག་ཙང་དང་།   ཡིག་གཙང་སོགས་འབྲི་སྲོལ་སྣ་ཚོགས་བྱུང་ཞིང་།   དེ་ལས་བོད་ཀྱི་ཡི་གེ་འདིའི་ཐོག་མའི་བརྡ་དག་གི་རྣམ་པ་རགས་ཙམ་ཞིག་རྟོགས་ཐུབ་ངེས་ཡིན།
        གཉིས་པ། བསྟན་པ་ཕྱི་དར་སྐབས་ཐ་སྙད་དེའི་འབྲི་ཚུལ་དང་ནང་དོན་གྱི་འགྱུར་བ།   
        བཙན་པོའི་རྒྱལ་རབས་ཞེ་གཉིས་པའམ་ཞེ་གསུམ་དུ་གྲགས་པའི་དར་མ་འུ་དུམ་བརྟན་དེ་ཉིད་ཤིང་གླང་སྤྱི་ལོ་843ལོར་ལྷ་ལུང་དཔལ་གྱི་རྡོ་རྗེར་གྲགས་པའི་སྐྱེས་བུ་དེ་ཡིས་མདའ་ཡིས་བསྣུན་པས། གངས་ལྗོངས་གཅིག་འགྱུར་གྱི་འདུད་པ་ལྷུག་པོར་གྲོལ་ནས་ཕྱོགས་གང་སར་ཡོ་ལང་གི་རྣམ་པས་ཁེངས་ཤིང་།   ལྷག་དོན་དབུ་གཡོར་འཁྲུག་པས།  བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་སོགས་ལ་བརྡབ་གསིག་ཆེན་པོ་བྱུང་ཡོད།  དེ་ནས་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ཡི་དགོངས་པ་ལྟར་ན་“མངའ་བདག་འོད་སྲུངས་དགུང་ལོ་ཉེར་དྲུག་པ་སྤྱི་ལོ་869ས་མོ་གླང་ལོར་ཁེང་ལོག་བྱུང་བ་”⑾དང་།  ཡང་“སྤྱི་ལོ་877མེ་མོ་བྱ་ལོར་བཙན་པོའི་བང་སོ་འབྲུ་བའི་བྱ་བ་མགོ་ཚུགས་པར་མངོན།”⑿ཞེས་པ་ལས་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་རོབ་ཙམ་ཞིག་རྟོགས་ཐུབ་ངེས་ལགས།  དེ་རྗེས་ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་རིང་སངས་རྒྱས་ཀྱི་བསྟན་པ་མིང་གི་ལྷག་མར་གྱུར་ཅིང་། འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན་གྱི་སྐབས་གཞི་ནས་བསྟན་པ་ཕྱི་དར་དབུ་བརྙེས་པ་སྟེ།  《བསྟན་རྩིས་གསལ་བའི་ཉིན་བྱེད་》 དུ་“ས་ཕོ་སྟག་གི་ལོའམ་(སྤྱི་ལོ་918)དཔལ་འཁོར་བཙན་གྱིས་རྒྱལ་སྲིད་བཟུང་ནས་ལོ་བཅུ་བཞི་ལོན་པའི་སྟག་གི་ཚེ།  རབ་བྱུང་བསྙེན་རྫོགས་སོགས་ལས་ཀྱི་ཆོ་ག་དང་།  ཀློག་པ་པོ་ཐོས་བསམ་གྱི་མགོ་ཚུགས་པའི་ཕྱི་དར་གྱི་དབུ་བཪྙེས་སོ་”⒀ཞེས་གསུངས་འདུག་པ་དང་།   ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་གི”《བཙན་པོའི་གདུང་རབས་》ནང་། “སྨད་འདུལ་གྲགས་པའི་མཁན་པོ་ཞི་བ་འཚོ་ནས་བརྒྱུད་པ་འདི་ཉིད་གོང་དུ་བཤད་པའི་ཆུ”གླང་(སྤྱི་ལོ་893)ལོ་ལ་དབུ་བཪྙེས་ས་སྟག་(སྤྱི་ལོ་918)ནས་དར་བར་གྱུར་”⒁ཞེས་གསུངས་ཚུལ་མི་འདྲ་བ་དེར་འགལ་བ་མི་སྣང་ཞིང་། དེ་ལྟར་དབུས་གཙང་གི་མི་བཅུས་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་ལས་སྡོམ་པ་བཞེས⒂གནང་བས།    སངས་རྒྱས་བསྟན་པའི་མེ་རོ་སླར་ཡང་གསོས་ཡོང་བ་དང་།  དེ་ནས་སྤྱི་ལོ་1042ཆུ་རྟ་ལོར་ཇོ་བོ་རྗེ་བོད་ལ་ཕེབས་པ་ནས་བཟུང་སངས་རྒྱས་བསྟན་པ་ཤིན་ཏུ་དར་བར་གྱུར་ཅིང་།  རིམ་བཞིན་བསྟན་པ་ཕྱི་དར་གྱི་དུས་རིམ་ནང་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། དེ་བཞིན་ཆོས་ལུགས་སོགས་ཕྱོགས་ཀྱི་ཡིག་ཚང་ནི་ནམ་མཁའི་སྐར་ཚོགས་ལ་འགྲན་པ་བཞིན་དུ་ལོ་པཎ་དག་གི་ཐུགས་ཀྱི་ཉིང་བཅུད་ལས་འཁྲུངས་པས་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད།   
        དུས་དེར་བྱུང་བའི་ཡིག་ཚང་མང་པོ་ཞིག་ནི་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་དང་། སྐད་བརྡ། ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ།  ལྷག་དོན་བོད་སིལ་བུའི་དུས་ཀྱི་ཡིག་ཚང་མང་པོ་ཞིག་ལ་ཆབ་སྲིད་ཀྱི་བཀག་རྒྱ་དེ་ཙམ་མེད་པས། དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།  དེ་ཡང་ནང་དོན་དངོས་དང་འབྲེལ་ན་བསྟན་པ་ཕྱི་དར་འགོ་ཚུགས་པ་ནས་བཟུང་ཐོན་པའི་ཆོས་འབྱུང་དང་། ལོ་རྒྱུས་དེབ་ཐེར་ཁག་ནང་མུ་མཐུད“ཡིག་ཚང་”ཞེས་པའི་ཐ་སྙད་དེ་མཐོང་རྒྱུ་ཡོད་པ་དཔེར་ན།  དུས་རབས་བཅུ་གཉིས་པའི་སྨད་ཙམ་ལ་བྱུང་བའི”《 རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཡི་ནང་“དཔའ་བོ་ལ་སྟག་གིས་མ་བསྟོད་ན།  དཔའ་བོ་བྱས་པའི་དོན་མེད། མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན།   མཛངས་པ་ཡི་(ཡིད་)ཞི་འགྲོ། ལེགས་པ་བྱ་དགས་མ་བསྟོད་ན།  ལེགས་པ་བྱེད་པའི་རུ་མ་མེད།”⒃ཅེས་དང་།  ཡ་རབས་ཞང་བློན་གྱི་རྐྱེན་དུ་ཆོས་དང་ཡིག་ཚང་བསྐོས། མ་རབས་གཡུང་པོའི་རྐྱེན་དུ་ཐགས་དང་བོན་བསྐོས།”⒄དང་། དེ་བཞིན་དུ་“ཆེ་དགུ་ནི་ཡིག་ཚང་ཐོབ་པའི་བློན་པོ་དགུའོ།⒅ཞེས་སྔར་བཞིན་བློན་པོ་བྱས་ཅན་དང་།  མཛངས་པ་ལ་ཡིག་ཚང་གི་བདག་རྐྱེན་སྤྲོད་པའི་ཚིག་ཅིག་ཡིན་པར་བསྟན་པ་དང་།  དེའི་རྗེས་ཙམ་ལ་བྱུང་བའི་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།》ཡི་ནང་“མཛངས་ཀྱི་ཡིག་ཚངས་ནི་གསེར་དང་གཡུས་གནང་།   དཔའ་བའི་ཡིག་ཚངས་ནི་སྟག་དང་སེང་གེས་གནང་བ་ཞིག་ལགས།”⒆ཞེས་དཔའ་མཛངས་གཉིས་ལས་མཛངས་པར་ཡིག་ཚང་སྤྲོད་པའི་སྐོར་འཁོད་ལ། ཡིག་ཚང་ཞེས་པའི་ཚང་ཡང་ས་མཐའ་ཅན་ཞིག་བྲིས་གནང་འདུག   སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ་མཆོག་གིས་སྤྱི་ལོ་434ལོར་བརྩམས་གནང་བའི་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ཀྱི་མཚན་བྱང་དུ་“ཡིག་ཚང་”ཞེས་པའི་ཚིག་དེ་ཐོན་པ་དང་། དེའི་བསྟན་བྱའི་དོན་ཡང་ཐོད་བརྒལ་རང་བཞིན་གྱི་འགྱུར་བ་བྱུང་ཡོད་དེ། སྔར་གྱི་བདག་རྐྱེན་སྤྲད་པའི་དོན་ལས་བརྒལ་ནས་སྔར་བྱུང་གི་ངག་རྒྱུན་དང་ལོ་རྒྱུས་ཡི་གེའི་རྣམ་པ་ནས་མཚོན་པར་བྱེད་པའི་ལུས་ཤིག་ཏུ་གྱུར་བ་མངོན་ལ། ལོ་རྒྱུས་ཆོས་འབྱུང་གི་བརྩམས་ཆོས་ཀྱི་མཚན་བྱང་དུ་ཡང་ཡིག་ཚང་ཞེས་ཐོན་པ་ཡང་དེ་ནི་ཐོག་མ་ཙམ་ཡིན། དེ་ནས་དུས་རབས་བཅུ་བཞི་པའི་ནང་བྱུང་བའི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས་(སྤྱི་ལ་15O4  1566)བརྩམས་གནང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན་》 ནང་བདག་རྐྱེན་བྱ་དགའ་སྤྲོད་པའི་མཚོན་བྱེད་“ཡིག་ཚང་”ཞེས་པའི་ཚང་ལ་ས་མཐའ་སྦྱར་གནང་ཡོད་པ་ནི་གོང་སྨྲོས་ཀྱི་ནེའུ་ཆོས”འབྱུང་དང་མཚུངས་ཏེ། “ཡིག་ཚངས་ནི་རབ་གསེར་གཡུ་གཉིས།  འབྲིང་དངུལ་དང་ཕྲ་མེན་གཉིས།  ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ།”⒇ཞེས་དང་། དེ་ནས་ཕྱག་རྒྱ་དྲུག་གི་སྐོར་བསྟན་གནང་སྐབས་སུ་“མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་སུ་བཅད་དོ།”(21)ཅེས་དང་། མུ་མཐུད་རྐྱེན་དྲུག་གི་སྐབས་“དཔའ་བའི་རྐྱེན་དུ་གུང་དང་སྟག །སྡར་མའི་རྐྱེན་དུ་ལྦ་ཞུ། ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། གཡུང་པོའི་རྐྱེན་དུ་ཐགས་དང་བོན།   མཛངས་པའི་རྐྱེན་དུ་ཡིག་ཚངས།  ངན་པའི་རྐྱེན་དུ་རྐུན་མའོ།”(22)ཞེས་དམིགས་བསལ་གྱི་ས་མཐའ་ཅན་ཞིག་ཐོན་པ་དང་།  དེ་ནས་ཆོས་འབྱུང་དེའི་ནང་མུན་ཆང་ཀོང་ཅོ་དང་འབྲེལ་བའི་དོན་ཞིག་ལ“ཕན་བདེ་ཀུན་འབྱུང་ཇོ་བོ་རིན་ཆེན་དང་།།   རིན་ཆེན་བང་མཛོད་མང་བོ་ནོར་གྱི་གཏེར།།  གསེར་གཡུ་བརྩེགས་པའི་ཡིག་ཚངས་ཆེན་མོ་དང་།།   གཙུག་ལག་ཡི་གེ་སུམ་བརྒྱ་དྲུག་ཅུར་བཅས།།”(23)ཞེས་སྔར་གྱི་ཡིག་ཚང་གི་ནང་དོན་ལ་འགྱུར་བ་ཕྱིན་ཡོད་པ་དང་། སྐབས་དེའི་“ཡིག་ཚངས”ཞེས་པ་ནི་གཙུག་ལག་རིག་གནས་ལ་གོ་བ་ཡིན་པ་དང་། འོན་ཏེ་རྒྱལ་ནང་གི་བོད་རིག་པ་སྨྲ་བ་སྐུ་ཞབས་ཧོང་ཧའོ་ལགས་ཀྱིས་《ཆོས་འབྱུང་མཁས་པའི་དགའ་སྟོན་》འདི་ཉིད་རྒྱ་ཡིག་ཏུ་བསྒྱུར་གནང་སྐབས་ཡིག་ཚངས་ལ་“告身”་ཞེས་བསྒྱུར་གནང་འདུག་པས།  དེ་ནི་ཤིན་ཏུ་ནས་མི་འཐད་པར་སེམས་ཏེ།   ཡིག་ཚང་ཞེས་པར་དོན་གཞན་ཞིག་གི་གོ་ཚུལ་ཡོད་པ་མ་མཁྱེན་པས་ཡིན།  
 བོད་ཀྱི་ད་ཡོད་ཡིག་ཆ་ཕལ་ཆེ་བའི་ནང་ཡིག་ཚང་ཞེས་ལམ་ལུགས་ཤིག་ལ་བརྗོད་ནས་དྲངས་གནང་སྐབས་ཡིག་ཚང་དྲུག་ཏུ་དྲངས་གནང་གི་ཡོད་པ་སྟེ།  གཡུ་དང་།  གསེར། དངུལ། ཟངས། འཕྲ་མེན་བཅས་དྲུག་དུ་དྲངས་པ་རྩ་བའི་ཆ་ནས་མཐུན་ཞིང་།  《མཁས་པ་ལྡེའུའི་ཆོས་འབྱུང་》ནང་“ན་དྲུག་ནི་ཡི་གེ་ཆེ་བ་དྲུག་སྟེ།  གཡུའི་ཡི་གེ་ཆེ་ཆུང་གཉིས། གསེར་ཡིག་ཆེ་ཆུང་གཉིས། འཕྲ་མེན་གྱི་ཡི་གེ་ཆེ་ཆུང་གཉིས་སོ།”(24)ཞེས་དང་།  དེ་ནས་“ནེ་དྲུག་ནི་ཡི་གེ་ཆུང་བ་དྲུག་སྟེ།  དངུལ་གྱི་ཡི་གེ་དང་།  ར་གན་གྱི་ཡི་གེ་དང་། འཁར་བའི་ཡི་གེ་དང་། ཟངས་ཀྱི་ཡི་གེ་དང་། དཔལ་ལྕགས་ཀྱི་ཡི་གེ་དང་། ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་དང་དྲུག་གོ།”(25)ཅེས་དང་།   《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་“ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ།”   ཞེས་ལོ་རྒྱུས་ཡིག་ཚང་དེ་གཉིས་ལས་གསལ་སྟོན་ཐུབ་པ་ཞིག་ནི་དེའི་ནང་བསྟན་པའི་ཡིག་ཚང་ལམ་ལུགས་ནང་དུ་དབྱེ་བ་དྲུག་ཏུ་འདུ་རུང་བ་ཞིག་ཡིན་ཏེ།    དེ་ལྟར་ཡིག་ཚང་ཞེས་པའི་ཐ་སྙད་དེར་བཙན་པོའི་དུས་སུ་འབྲི་སྲོལ་མི་འདྲ་བ་བཞི་ཙམ་ཐོན་པ་ལས་གཅིག་ཏུ་གཏན་འཁེལ་མེད་པ་དང་།   ནང་དོན་ཡང་རྩ་བའི་ཆ་ནས་ལམ་ལུགས་རྐྱང་པ་ཞིག་ལ་ངོས་འཛིན་རྒྱུ་ཡོད་པ་དང་། དེ་ཡང་ཕྱིས་འབྱུང་གི་ཞིབ་འཇུག་པ་ལ་ལས་དཔའ་མཛངས་གཉིས་ཀའི་རྐྱེན་དུ་ཡིག་ཚང་བསྩལ་བར་གསུངས་ནས་མཐའ་གཅིག་ཏུ་ཡིག་ཚང་ལ་ཆེ་ཆུང་དྲུག་ཏུ་ངེས་ན་ཅུང་ཟད་མི་འཐད་པར་ཆོས་འབྱུང་ལོ་རྒྱུས་ཁག་ལས་“དཔའ་བའི་ཡིག་ཚངས་ནི་སྟག་དང་སེང་གེ་གནང་བ་ཞིག་ལགས།”(26)ཞེས་དང་།  “དཔའ་རྟགས་ཀྱི་ཕག་རྒྱ་སྟག་སློག།    མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་སུ་བཅད་དོ།”(27)  ཞེས་དཔའ་བའི་མཚོན་བྱེད་དུ་སྟག་སེང་གི་ལྤགས་པའི་རྒྱན་ཡང་ཡིག་ཚང་གི་ཁོངས་གཏོགས་ཡིན་པས། དེའི་མདུད་པ་རང་བཞིན་དུ་གྲོལ་ངེས་ཡིན། དེ་ནི་ཡིག་ཚང་ལམ་ལུགས་ཀྱི་ནང་དོན་ཅུང་རྒྱ་ཆེ་བ་ནས་བརྗོད་པ་ཞིག་ཡིན་པ་དང་།  ཡིག་ཚང་དེ་ཉིད་བྱེ་བྲག་ཏུ་དབྱེ་ནས་བརྗོད་སྐབས་མཛངས་པའི་རྐྱེན་ཁོ་ན་ཡིན་ཏེ་“དཔའ་བའི་རྐྱེན་དུ་གུང་དང་སྟག སྡར་མའི་རྐྱེན་དུ་ལྦ་ཞུ།  ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས།  གཡུང་པོའི་རྐྱེན་དུ་ཐགས་དང་བོན།  མཛངས་པའི་རྐྱེན་དུ་ཡིག་ཚངས།  ངན་པའི་རྐྱེན་དུ་རྐུན་མའོ།”(28)ཞེས་དང་།  “དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག   མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་སུ་བཅད་དོ།”(29)ཅེས་པ་ལས་རྟོགས་ཐུབ་སྟེ། མཛངས་པའི་མཚོན་བྱེད་དུ་གཡུ་གསེར་འཕྲ་མེན་སོགས་ཆེ་ཆུང་དྲུག་དག་ཡིན་ནོ།།  འོན་ཏེ་ད་ལྟའི་བར་སྟག་སེང་གི་ལྤགས་པ་ནི་ཡིག་ཚང་ཡིན་པར་འདོད་མཁན་ནི་མཐོང་རྒྱུ་མེད་ལ། དོན་དུ་ཡིག་ཚང་ནི་དཔའ་དང་། སྡར་མ། མཛངས་པ་ཡི་རྟགས་སམ་མཚོན་བྱེད་ཀུན་གྱི་སྤྱི་མིང་དུ་འཇུག་གི་ཡོད་པས། དཔའ་བའི་རྐྱེན་དེ་ཡང་ཡིག་ཚང་དུ་བསྡུ་རུང་བར་མཐོང་།   དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་རིམ་ཁག་བཀས་བཅད་ཀྱི་དགོངས་པ་དང་། ཡང་སྒོས་དག་ཡིག་མི་ཉུང་བ་ཞིག་ཐོན་པས།   ཐ་སྙད་དེ་དག་གི་ཡི་གེའི་ལྡང་ཚད་རིམ་བཞིན་གཅིག་འགྱུར་བྱུང་ལ་འབྲི་སྲོལ་འགའ་ཞིག་རིམ་གྱིས་མེད་པར་གྱུར་ནས་གཙོ་བོ་ཡིག་ཚང་དང་ཡིག་ཚངས་གཉིས་ལས་མེད་ཅིང་། དེ་གཉིས་ཀྱི་ནང་དོན་ཡང་བཙན་པོའི་དུས་ཀྱི་ལམ་ལུགས་ཤིག་གི་མཚོན་བྱེད་ཙམ་མ་ཡིན་པར་རིམ་བཞིན་བོད་ཀྱི་ལོ་རྒྱུས་གཙོ་བས་པའི་ཡིག་ཆའི་རིགས་ལ་ཡང་གོ་བ་ལེན་རྒྱུ་ཡོད་དེ།   ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་གིས་བཙན་པོའི་གདུང་རབས་ནང“ཐང་གི་ཡིག་ཚངས་ལྟར་ན་མང་སྲོང་གིས་རྒྱལ་སྲིད་ལོ་སུམ་ཅུ་”(30)ཞེས་དང་།   “རྒྱ་ཡི་ཡིག་ཚངས་ལྟར་ན་(ཁྲི་སྲོང་ལྡེ་བཙན་)ཆུ་གླང་དེ་ནས་བརྒྱད་ལོན་པ་རེ་གསུམ་ལྕགས་སྤྲེལ་ལ་གཤེགས་”(31)ཞེས་ལོ་རྒྱུས་ཡིག་ཚང་ལ་གསུངས་འདུག་ཅིང་།   “ཡིག་ཚངས་”ཞེས་པའི་ཐ་སྙད་ནི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་སྨྲ་བ་ཚོས”《 སྦ་བཞེད་》ཀྱི་རྗེས་སུ་འབྲངས་པ་མིན་ནམ་སྙམ་ཏེ། དེའི་ནང་“ཐབས་ཡིག་ཚངས་གསེར་གྱི་ཡི་གེ་ཆུང་ངུ་བྱིན་ནས་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་འདུག་ཅིག་”(33)ཅེས་གསལ་ལ། བསྟན་པ་ཕྱི་དར་གྱི་ལོ་རྒྱུས་མཁས་པས་བཙན་པོའི་སྐབས་ཀྱི་ལོ་རྒྱུས་མང་པོ་ཞིག་ནི”《སྦ་བཞེད་》ཀྱི་དགོངས་པ་ལྟར་བྲིས་ཡོད་པ་ཀུན་གྱིས་རྟོགས་ཐུབ།   
        དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པའི་རྗེས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་གང་ཙམ་ཞིག་བྱུང་ཞིང་། དེ་དང་མཚུངས་པའི་ཆབ་སྲིད་ལམ་ལུགས་དང་འབྲེལ་བའི་ཁྲིམས་ལུགས་དང་ལས་གཉེར་ཚན་པ་མང་པོ་ཞིག་གི་མིང་ཡང་གསར་དུ་ཐོན་ཡོད་པ་སྟེ།  རྩིས་ཁང་ལས་ཁུངས་དང་།  རྩིས་ཁང་ཕུན་ཚོགས་བཀོད་པ། (34) རྩེ་ཡིག་ཚང་ལས་ཁུངས་སོགས་མང་པོ་བྱུང་ཡོད་པ་ལས།    འདིར་དགོས་པའི་དབང་གིསདམིགས་སུ་རྩེ་ཡིག་ཚང་ལས་ཁུངས་ཀྱི་སྐོར་མདོར་ཙམ་གླེང་ན།  “ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐུ་དུས་རབ་བྱུང་13ཆུ་སྤྲེལ་ལོ་(1752)ཐོག་མར་སྐུ་སྒེར་ཡིག་ཚང་ལྟ་བུར་འཛུགས་པ་གནང་ཞིང་། དེ་རྗེས་ལས་དོན་གྱི་དགོས་མཁོར་བསྟུན་ནས་སྐུ་སྒེར་ཡིག་ཚང་དེ་སེར་མོ་བ་ཡོངས་ཀྱི་སྤྱི་ཁྱབ་རྩེ་ཡིག་ཚང་ལས་ཁུངས་ཞེས་པར་བསྒྱུར་བ་དང་།   དེར་དོ་དམ་མི་སྣ་རིམ་པ་བཞི་པའི་གདན་ཐོབ་ཡོད་པ་རྩེ་དྲུང་གསུམ་སྟེ།    དྲུང་ཡིག་ཆེ་མོའམ་མཁན་དྲུང་”ཞེས་ཟེར་བ་དང་། ལས་ཁུངས་འདི་གཙོ་བོ་རྒྱ་ཁྱབ་དོན་སྡེ་ཁག་དང་།   རྩེ་སྐོར་སེར་མོ་བ་ཡོངས་ཀྱི་སྤྱི་ཁྱབ་འགོ་འདོམས་བྱེད་དགོས་པ་དང་།    དགོན་སྡེ་ཁག་གི་མཁན་པོ་དང་ལས་སྣེ་ཆེ་གྲས་ཁག   རྩེ་སྐོར་གྱི་ལས་ཚན་ཆེ་འབྲིང་ཆུང་གསུམ་བཅས་ཀྱི་མི་སྣ་བསྐོ་འཐེན་སྐོར་ཏཱ་ལའིབླ་མར་འཆར་གཞི་ཕུལ་ནས་ཆོག་མཆན་ཞུ་དགོས་པ། དེམིན་ལོ་ལྟར་རྒྱ་ཁྱབ་རྫོང་གཞིས་ཁག་ཡོངས་ལ་བླང་དོར་བྱེད་སྒོའི་སྐོར་གྱི་རི་ཀླུང་རྩ་ཚིག་འགྲེམ་སྤེལ་བྱ་རྒྱུའི་ཡིག་ཆ་དང་།  དགོན་སྡེ་ཁག་གི་བཅའ་ཡིག  ཏཱ་ལའི་བླ་མས་གཞན་ལ་བསྩལ་རྒྱུའི་བཀའ་ཡིག་ཁག་བཀའ་མངགས་ལྟར་འཆར་ཟིན་བྲིས་ནས་སྤྱན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་མཚམས་སྦུག་དམ་(ཏཱ་ལའི་བླ་མའི་དམ་ཕྲུག་)ཞུ་དགོས་པ་(ལས་ཁུངས་འདིར་ལས་ཐམ་མེད་པས་)སོགས་བྱེད་དགོས་པར་བལྟས་ན།  ཡིག་ཚང་དེ་ཐོག་མར་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཡིག་མཛོད་ཁང་ཞིག་ནས་རིམ་བཞིན་ཡིག་ཚང་ལས་ཁུངས་ཞེས་བཀའ་ཤག་སྲིད་གཞུང་གི་ལས”གཉེར་ཚན་པ་ཞིག་གི་མིང་ཞིག་ཏུ་གྱུར་ཞིང་།  དེའི་ལས་བྱ་ཡང་ཡིག་ཆ་བདག་གཉེར་དང་། འཆར་ཟིན་འགོད་རྒྱུ་སོགས་དང་ཁ་བྲལ་ཐབས་མེད་ལ།   ལས་བྱ་གཙོ་བོ་ནི་དགོན་སྡེ་ཁག་དང་རྩེ་སྐོར་ལས་ཚན་སོགས་ཀྱི་གོ་གནས་བསྐོ་འཐེན་དང་བཅའ་ཡིག་སོགས་ཀྱི་འཆར་ཟིན་འགོད་རྒྱུ་དེ་ཡིན།  མདོར་ན་ཡིག་ཚང་ཞེས་པའི་ཐ་སྙད་དེ་ཉིད་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཡི་གེའི་ལྡང་ཚད་དམ་འབྲི་ཚུལ་དང་། དེས་བསྟན་བྱའི་ནང་དོན་སོགས་ལ་འགྱུར་བ་གང་ཙམ་བྱུང་ཡོད།  
        གསུམ་པ། “ཡིག་ཚང”་ཞེས་པའི་ཐ་སྙད་དེའི་མདོར་དཔྱད།  
        ཡིག་ཚང་ཞེས་པའི་ཐ་སྙད་དེ་ཆེས་ཐོག་མའི་བཙན་པོའི་དུས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ནས་རིམ་བཞིན་ནང་དོན་གྱི་ཁྱབ་རྒྱ་ཇེ་ཆེར་སོང་བའམ་ཐ་ན་འགྱུར་བ་ཆེ་ཙམ་བྱུང་ཡོད།  ལྷག་དོན་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ་མཆོག་གིས་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ཅེས་པ་བརྩམས་གནང་གྲུབ་པས།  ཡིག་ཚང་ཞེས་པའི་ཐ་སྙད་དེར་འགྲེལ་ཚུལ་གཞན་ཞིག་ཡོད་པ་སྔར་བས་ཇེ་གསལ་དུ་གྱུར་ནས། བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཚོགས་དག་གཅིག་འགྱུར་གྱི་འདུ་ཁོངས་“ཡིག་ཚང་”ཞེས་པའི་ནང་ཚུད་ཡོད།    དེས་ནས་དགའ་ལྡན་ཕོ་བྲང་སྐབས་“ཡིག་ཚང་”ཞེས་པའི་ཐ་སྙད་དེ་ཉིད་དྲུང་ཡིག་ཆེན་མོ་དང་། རྩེ་དྲུང་གནས་སའི་ལས་ཁུངས་ཤིག་གི་མཚན་བྱང་དུ་གྱུར་ཡོད།   བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་བརྒྱུད་ལྗོངས་ཕྱིའི་རིག་གཞུང་མང་པོ་ཞིག་དར་ཡོང་བ་དང་ཆབས་ཅིག་རིག་གནས་ཀུན་ལ་ཞིབ་འཇུག་གི་ཚ་རླབས་ཤིག་ཀྱང་འཕྱུར་ཡོང་བས། རིག་ཚན་མང་པོ་ཞིག་གི་ངོ་བོ་དང་། དབྱེ་བ། བྱེད་ནུས་དེ་ཙམ་ལས་གསལ་པོ་མེད་པ་དེ་རིམ་བཞིན་ཚད་ལྡན་གྱི་རིག་ཚན་རྐྱང་པར་གྱུར་བ་དཔེར་ན།  དམངས་སྲོལ་རིག་པ་དང་།  སེམས་ཁམས་རིག་པ། དེ་བཞིན་གྱི་སྐད་བརྡ་རིག་པ་སོགས་ཇི་སྙེད་ཅིག་ཐོན་ཡོད།    དུས་དེར་ཕྱི་རྒྱལ་གྱིས་ཞིབ་འཇུག་པ་དག་གིས་གཙོས་པའི་འཛམ་གླིང་ཡོངས་སུ་བཀའ་བསྟན་དང་། ཏུན་ཧོང་ཡིག་ཚང་སོགས་བོད་ཀྱི་ཡིག་ཆ་ཀུན་ལ་ཞིབ་དཔྱད་བྱེད་པའི་འགོ་ཚུགས་ཤིང་།  དེ་དག་གིས་བོད་ཀྱི་རིག་གཞུང་ནང་དུ་ཡང་རིག་ཚན་ཡན་གར་བ་མང་པོ་ཞིག་བྱུང་ཡོད་པ་དཔེར་ན། བོད་རིག་པ་དང་། ཏུན་ཧོང་རིག་པ་སོགས་མང་དུ་བྱུང་བས། དེ་དག་གིས་ཤུགས་རྐྱེན་གྱིས་བོད་དུ་ཡང་དཔར་གཞི་དང་། དཀར་ཆག ཞུ་དག་སོགས་ལ་ཞིབ་འཇུག་གིས་རིག་ཚན་རྐྱང་པ་ཞིག་ཏུ་བཞག་ནས་ཞིབ་འཇུག་བྱེད་འགོ་ཚུགས་ཡོད།   འོན་ཏེ་རྒྱ་ཡིག་ནང་རིག་ཚན་དེར“文献”ཞེས་ཟེར་བ་དང་།  དེ་ཉིད་བོད་དུ་བསྒྱུར་སྐབས་རྩོམ་རིགས་དང་།  རྩོམ་རིགས་ཡིག་ཚང་། ཡིག་ཚགས། ཡིག་ཆ།  ཚད་ལྡན་ཡིག་ཆ།  ཡིག་ཚང་སོགས་སྣ་ཆོགས་ཐོན་ཡོད་པ་དཔེར་ན། ཏུན་ཧོང་གི་ཡིག་ཆ་དག་ལ་ཆ་མཚོན་ན།  དེར་ཞིབ་འཇུག་བྱ་རྒྱུའི་རྒྱུ་ཆ་དག་རྒྱ་ཡིག་ཏུ“敦煌文献”ཞེས་ཟེར་ཞིང་།  དེ་ཉིད་བོད་དུ་བསྒྱུར་སྐབས་འགའ་རེས་ཏུན་ཧོང་ཡིག་ཚགས་དང་།   ཏུན་ཧོང་ཡིག་ཆ་སོགས་གཅིག་མཐུན་མེད་པར་གང་འདོད་དུ་སྨྲ་མཁན་མང་པོ་ཡོད།   རང་ཉིད་འདིར་ཡིག་ཚང་སྦྱར་བའི་བརྡ་འཆད་དེ་ཉིད་འཐད་པར་མཐོང་ཞིང་།  དེ་ནི་ཡིག་ཚང་ཞེས་པའི་ཐ་སྙད་དེའི་འཕེལ་རིམ་དང་མཐུན་ཐུབ་པ་ཞིག་ཡིན་པ་གོང་དུ་བརྗོད་ཟིན་པ་ལྟར་རོ།།   
དེ་ལྟར་“ཡིག་ཚང་”ཞེས་པའི་ཐ་སྙད་དེ་ཉིད་ཐོག་མར་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ལ་གོ་བ་མཐོང་མོད། བཙན་པོའི་རྒྱལ་རབས་མཇུག་སྒྲིལ་བ་དང་དུས་མཚུངས་གང་དེའི་ཆབ་སྲིད་ཀྱི་སྒྲིག་གཞི་མང་པོ་ཞིག་ཀྱང་མིང་ཙམ་ལས་སྟོང་པར་གྱུར་ནས།  ཡིག་ཚང་ལམ་ལུགས་ཀྱང་དེ་ལས་མ་འདས་ཤིང་།   དུས་གང་ཙམ་སོང་རྗེས“ཡིག་ཚང་”ཞེས་པའི་ཐ་སྙད་དེ་རིམ་བཞིན་ལོ་རྒྱུས་ཆོས་འབྱུང་གིས་གཙོས་པའི་ཡིག་ཆ་ཅི་རིགས་ཀྱི་སྤྱི་མིང་དུ་གྱུར་བ་ཞིག་དང་། དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག་ཏུ་གྱུར་བ་གཉིས་ཡོད།    ཕྱི་མ་དེ་ཡང་རིམ་བཞིན་སྲིད་དབང་མཇུག་སྒྲིལ་བ་དང་དུས་མཚུངས་ལོ་རྒྱུས་ཐོག་གི་མིང་ཙམ་དུ་གྱུར་ཡོད།  
        མཆན་འགྲེལ་དང་དཔྱད་གཞིའི་ཡིག་རིགས།   
①②⑤དབང་རྒྱལ་དང་བསོད་ནམས་སྐྱིད།  《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 [ G]མི་རིགས་དཔེ་སྐྲུན་ཁང་།  1992་ ཤ་19 ཤ་31  ཤ་48   
③དབང་རྒྱལ་དང་བསོད་ནམས་སྐྱིད།   《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་འཕྲོ་མཐུད།》 [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   1988་ཤ་89    
④王尧、 陈践译著: 《敦煌古藏文文献探索集》 ; 上海古籍出版社; 2008年8月 ; 第234页。  
 ⑥གཉའ་གོང་དཀོན་མཆོག་ཚེ་བརྟན།   《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》 [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010་ ཤ་45  
 ⑦ས་པཎ་ཀུན་དགའ་རྒྱལ་མཚན། 《མཁས་པ་འཇུག་པའི་སྒོ།》 [ M]མི་རིགས་དཔེ་སྐྲུན་ཁང་། 1981་ 6ཤ་12   
⑧དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། །1984.ཤ་6    
⑨苏晋仁、萧炼子校证: 《册府元龟》 [ M] 吐蕃校证, 四川民族出版社,1981年12月第一版第5页。
  (10)པ་ཚབ་པ་སངས་དབང་འདུས།   《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ།》 [ M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011་ 12 ཤ་9   
⑾⑿ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན།《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།》 [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།   1990་ ཤ་452 ཤ་452   
⒀མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།   《བསྟན་རྩིས་གསལ་བའི་ཉིན་བྱེད།》 [ M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1987་10. P. 65   
⒁ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས།  《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།》 [M]  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2005.ཤ་8  
⒂སྡོམ་པ་བཞེས་ཡུལ་ལུགས་གསུམ་ཙམ་མཆིས་པས། འདི་ནི་བུ་སྟོན་གྱི་དགོངས་པ་ལྟར་རོ།།  གཞན་གཉིས་ནི་གྲུམ་ཡེ་ཤེས་རྒྱལ་མཚན་ལས་བླངས་ཟེར་བ་དང་། འཚུར་ཤེས་རབ་མཆོག་ལས་བླངས་ཟེར་བ་གཉིས་སོ།།  བུ་སྟོན་དང་བཞེད་དགོངས་མཐུན་པ་མཁས་པ་ལྡེའུ་དང་།  ཉང་རལ།  དཔའ་བོ་གཙུག་ལག་ཕྲེང་བ།  སྟག་ཚང་རྫོང་པ་སོགས་ཡོད།   
⒃⒄⒅(24)(25)མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》 [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987. ཤ་275 ཤ253 ཤ242 ཤ་242 ཤ242  
⒆(26)ནེའུ་པཎྜི་ཏ།   《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ལས་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།》 [M]  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005. ཤ་8 ཤ་8  
⒇(21)(22)(27)(28)(29)དཔའ་བོ་གཙུག་ལག་ཕྲེང་བ།   《ཆོས་འབྱུང་མཁས་པའི་དགའ་སྟོན།》 [M]པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།  1986་ ཤ་190  ཤ་191  ཤ་191  ཤ་191  ཤ་191  ཤ་191    
(23) 黄颢:《 贤者喜宴摘译 》  [J] ,西藏民族学院学报;  1981. 1   
(30)(31)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གཙོ་སྒྲིག་བྱས།《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་།》 [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005. 12 ཤ་63 ཤ་63  
(32)《སྦ་བཞེད་》 ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློ་སྦ་གསལ་སྣང་གིས་བརྩམས་པར་བཞེད་ཅིང་། དེ་ལ་ཡང་ཕྱིས་སུ་བཟོ་བཅོས་རིམ་པ་བཞིན་ཐོན་ཡོད་པ་མཁས་པས་གསུངས་ཤིང་། དེ་དང་འབྲེལ་བའི་ལོ་རྒྱུས་དབའ་བཞེད་དང་། རྦ་བཞེད། བླ་བཞེད་སོགས་རིགས་སྣ་ཚོགས་སུ་བྱུང་ཡང་སྦ་བཞེད་དང་དབའ་བཞེད་གཉིས་ཅུང་སྔ་བ་ཁུངས་དག་པར་བཞེད་སྲོལ་ཡོད།
(33)སྦ་གསལ་སྣང་།  《སྦ་བཞེད།》  མི་རིགས་དཔེ་སྐྲུན་ཁང་།   1980་ ཤ་62   
(34)སྔར་ཡོད་ཀྱི་རྩིས་ཁང་ལས་ཁུངས་དེར་དོ་དམ་མི་སྣ་ཐོག་མར་རྩིས་དཔོན་གསུམ། རྭ་སྒྲེང་སྤྲུལ་སྐུ་སྲིད་སྐྱོང་སྐབས་རྩིས་དཔོན་གཅིག་བསྣན་པས་བཞི། རྩིས་པ་གསུམ། ཡིག་ཚགས་གཅིག་བཅས་ལས་གྲུབ། དེའི་ལས་འགན་རྫོང་གཞིས་ཁག་གི་ཁྲལ་བསྡུའི་ཡོང་འབབ་རྩིས་རྒྱག་དང་། ཤོད་སྐོར་སྐུ་དྲག་གི་འགོ་འདོམས།  རྩིས་ཕྲུག་གསོ་སྐྱོང་སོགས་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1