༄༅།། ཞོགས་པའི་མགྱོགས་བྲིས།

སྒོ་ཡག་བན་དེ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27



སྒོ་ཡག་བན་དེ་ཚེ་རིང་།
ཉི་མ་སྤྲིན་པས་བཙིར་ནས་འོད་ཀྱི་སྣང་བ་འགག་པར་བྱེད།
རི་བོ་སྨུག་པས་དཀྲིས་ནས་རི་ཡི་རྔམ་ཟིལ་རྒྱང་ལ་བྱེར།
ལ་དང་ལུང་པའི་རང་བཞིན་དག་ཀྱང་ཆུ་ཡིས་བསྣུབས་པའི་གྲམ་པ་ཉིད།
སྐབས་རེར་བྱེའུའི་མགྲིན་པའི་དབྱངས་ཀྱིས་སྙན་དབང་གསོ།
མཚམས་རེར་སྤྲིན་པའི་ཕག་ནས་ཉི་མ་དགོད་པའི་འཛུམ་ཡང་མཐོང་།
ལན་རེར་བསེར་བུ་འཇམ་པོས་དྲན་པའི་ནང་གི་རྒྱུད་སྐུད་དཀྲོལ།
རྣང་མའི་རོལ་དུ་ལོ་ཡི་ལྗང་པར་མུ་ཏིག་གོས་ཁྲབ་འོད་ཆེམ་ཆེམ།
ནོར་ལུག་དག་ཀྱང་ལན་རེར་སྨུག་པའི་ཁུད་དུ་འཕྱོ་བའི་སྐར་ཚོགས་འདྲ།
མེ་ཏོག་རྐང་རེ་མགོ་ལྕོག་ལྡེམ་ལྡེམ་བུང་བ་ལོག་པར་མིག་ཀྱང་འབྱེད།
ཞོགས་པ་འདི་ལ་རླུང་བུ་ཤིག་ཤིག་སྨུག་པ་ལིང་ལིང་གར་གྱི་ཉམས་ཀྱང་ཇི་བཞིན་འཇོ།
ཆུ་མོ་ཤང་ཤང་ཟིལ་བ་ཁྲོམ་ཁྲོམ་ཚོར་བའི་དེ་ཉིད་ངང་ཆུང་གཤོག་པའི་དབུ་འཁྱུད་དོ།
བྱིས་པའི་དཔེ་ཀློག་མྱ་ངམ་ཐང་གི་གླིང་བུ་འདྲ་སྟེ་ཡིད་གྱི་རྟིང་བར་རྒྱ་མཚོ་གང་ཉིད་གཏམས་པར་བྱེད།
སྟོང་གསུམ་འགེངས་པའི་དབྱངས་གསལ་གསེར་མིག་འཁྱུག་པའི་རླབས་སྒྲས་གཞོན་པའི་ལང་ཚོ་དཔྱིད་དུ་འདྲེན།
ཆར་གྱིས་བྲན་པའི་རི་ལུང་འདི་ལ་འཇའ་ཡི་སྣེ་མོ་ག་ཙམ་འདུག
རིག་པས་བཞེངས་པའི་སློབ་ཁང་འདི་ལ་གཡའ་དྭངས་མེ་ལོང་ཅི་ཙམ་མཆིས།
ཞོགས་པའི་ཟེར་མ་མཐོ་རིས་བགྲོད་པའི་ཐེམ་སྐས་ཡིན་ནོ་རི་བོའི་རྩེ་རུ་འགོས་ཐུབ་བམ།
ཞོགས་པའི་དུས་ཚོད་ཕུགས་འདུན་འགྲུབ་པའི་དྲན་སྐུལ་ཡིན་ནོ་བརྩོན་པའི་དབྱུ་གུས་གཞུ་ཐུབ་བམ།
ཞོགས་པའི་སྨུག་སྤྲིན་ཤེས་རིག་འཚུབ་པའི་རྡུལ་ཕྲན་ཡིན་ནོ་སྐོམ་པའི་ཁ་ལ་རྔུབ་ཐུབ་བམ།
ཞོགས་པའི་བསིལ་རླུང་ལེ་ལོ་འཇོམས་པའི་དཔུང་རོགས་ཡིན་ནོ་ཐབས་ཤེས་གྲོགས་ལ་འདྲེན་ཐུབ་བམ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1