རྒྱ་བོད་སྒྱུ་རྩལ་མཁས་ཆེན་དག་པེ་ཅིང་དུ་འཛོམས་ནས། མཉམ་དུ་“བོད་ལྗོངས་ལས་འབྲེལ——བོད་ཀྱི་དེང་རབས་མཛེས་རྩལ་བརྩམས་ཆོས་གདན་ཞུའི་འགྲེམས་སྟོན།”ཞེས་པ་འགོ་ཚུགས་པར་རྟེན་འབྲེལ་ཞུ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-28



“བོད་ལྗོངས་ལས་འབྲེལ——བོད་ཀྱི་དེང་རབས་མཛེས་རྩལ་བརྩམས་ཆོས་གདན་ཞུའི་འགྲེམས་སྟོན།”ཞེས་པའི་འགྲེམས་སྟོན་ཚོམས་ཆེན་གྱི་འཛུལ་སྒོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་24ཉིན་གྱི་ཕྱི་དྲོར། ལི་ཁོ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པ་དང་། བོད་ལྗོངས་མཛེས་རྩལ་ཁང་དང་པེ་ཅིང་ཁི་ཁྲོང་རིག་གནས་ཀྱིས་སྒྲུབ་གཉེར་མཛད་པའི“བོད་ལྗོངས་ལས་འབྲེལ——བོད་ཀྱི་དེང་རབས་མཛེས་རྩལ་བརྩམས་ཆོས་གདན་ཞུའི་འགྲེམས་སྟོན།”དེ་ལི་ཁོ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ལས་བོད་ཀྱི་དེང་རབས་མཛེས་རྩལ་གསར་རྩོམ་གྱི་དུས་རབས་ཀྱི་ཁྱད་ཆོས་དང་བསམ་བློའི་ཉམས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད་ལ། ངོ་མཚར་བའི་རི་མོའི་བརྩམས་ཆོས་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱི་མཛེས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་དག་རྒྱལ་སའི་ལྟད་མོ་བར་སྙན་སེང་ཞུས་ཡོད། འགྲེམས་སྟོན་དུ་སྒྱུ་རྩལ་པ་25གདན་ཞུ་བྱས་པ་དང་།  ཀྲུང་གོའི་རི་མོ་དང་། རས་ངོས་ཚོན་བྲིས། ཐང་ག་སོགས་རྣམ་པ་མི་འདྲ་བའི་སྒྱུ་རྩལ་བརྩམས་ཆོས་འདུས་ཡོད་ལ། བསྡོམས་པས་བརྩམས་ཆོས་150ལྷག་འགྲེམས་སྟོན་བྱས་ཡོད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
འགྲེམས་སྟོན་དུ་ཞུགས་པའི་སྒྱུ་རྩལ་པ་ཁ་ཤས་ཀྱི་མཉམ་པར།
            ལྟད་མོ་བ་བརྒྱ་ལྷག་ཙམ་འགྲེམས་སྟོན་ལ་ལྟ་སྐོར་དུ་སླེབས་ཡོད་དེ། ལི་ཁོ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་མཛེས་རྩལ་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་འཁྲུག་ཆ་ཡང་ཧ་ཅང་དོད། སྙན་འཇེབས་ལྡན་པའི་བོད་ཀྱི་གླུ་གཞས་ཤིག་བཏང་རྗེས་ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ་མཱ་ཧྥུང་ཧུའེ་དང་། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི། ལི་ཁོ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་དང་ཐེངས་འདིའི་འགྲེམས་སྟོན་ཀྱི་སྤྱིའི་ཇུས་འགོད་པ་ལི་ཞའོ་ཁོ་བཅས་ཀྱིས་རེ་རེ་བཞིན་ཤིས་ཚིག་གསུངས་པ་དང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥེང་ཡོན་གྱིས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་།
            ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་“རིག་ཀློང་ས་མཐོ”དང“གངས་ལྗོངས་ཀྱི་ཚོན་སྦྱོང”“བོད་ལྗོངས་ཀྱི་སྤྲིན་བཟང”བཅས་ཁག་གསུམ་ལ་དབྱེ་ཡོད།  དེའི་ནང“རིག་ཀློང་ས་མཐོ”ཞེས་པའི་ཆ་ཤས་ཤིག་ལ་འགྲེམས་སྟོན་བྱས་པ་ནི་ཡུས་ཡིའུ་ཤིན་དང་། ལི་ཞའོ་ཁོ། ཧན་ཧྲུའུ་ལི་སོགས་རི་མོ་མཁས་ཅན་བཅུའི་བརྩམས་ཆོས་རེད། ལི་ཁོ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ལི་ཞའོ་ཁོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་དོན། ཁོང་ཚོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ལྗོངས་རང་གི་མི་མིན་རུང་། ཁོང་ཚོས་རང་ཉིད་ཀྱི་ལང་ཚོ་དང་ཟུངས་ཁྲག་དྲོན་མོ་ངོ་མཚར་བའི་ས་ཆ་དེར་ཕུལ་ཡོད་ལ། སྒྱུ་རྩལ་པ་ཁ་ཤས་རྒྱུན་དུ་བོད་དང་ནང་སར་འགྲོ་འོང་བྱེད་ཀྱིན་ཡོད། ཁོང་ཚོས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་གསར་གཏོད་བྱས་པ་མ་ཟད། བོད་ཀྱི་ཕུལ་བྱུང་རིག་གནས་ནང་སའི་ལྟད་མོ་བ་ཚོར་བརྒྱུད་བསྒྲགས་ཀྱང་བྱས་ཡོད་ཅེས་བཤད།
འགྲེམས་སྟོན་དུ་ཞུགས་པའི་ཐང་གའི་སྒྱུ་རྩལ་པས་ལི་ཞའོ་ཁོ་(གཡས་ཀྱི་དང་པོ)ལ་བརྩམས་ཆོས་ངོ་སྤྲོད་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་ཐང་གའི་སྒྱུ་རྩལ་པར་བཅར་འདྲི་བྱེད་བཞིན་པ།
            འཇིགས་མེད་འཕྲིན་ལས་དང་། པད་མ་བཀྲ་ཤིས། སྤེན་པ། བདེ་སྒྲོན་སོགས་དེང་རབས་སྒྱུ་རྩལ་པ་བརྒྱད་ཀྱི་མཛེས་རྩལ་བརྩམས་ཆོས་དེ་“གངས་ལྗོངས་ཀྱི་ཚོན་སྦྱོང”ཞེས་པའི་འགྲེམས་སྟོན་ཚོམས་ཆེན་དུ་འགྲེམས་སྟོན་བྱས་ཡོད།  ཁོང་ཚོས་གངས་ལྗོངས་ས་མཐོའི་རིག་གནས་ཀྱི་ས་རྒྱུ་གཤིན་པོར་རྩ་བ་ཚུགས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་བྱས་པ་དང་དུས་མཚུངས་སུ་ད་དུང་དུས་རབས་ཀྱི་ཁྱད་ཆོས་འདྲེས་པར་བྱས་ཡོད། རང་གཤིས་གསལ་བའི་མཛེས་རིས་ཀྱི་སྐད་ཆའི་ཐོག་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་དང་དངོས་ཡོད་འཚོ་བའི་མྱོང་ཚོར་མཚོན་པར་བྱས་ཏེ།  ད་ལྟའི་བོད་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་བརྗོད་བཞིན་ཡོད།
            ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་མཁན་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་པ་བདུན་ནི་བོད་ལྗོངས་ཀྱི་རྒན་དར་གཞོན་གསུམ་བཅས་མི་རབས་གསུམ་ཚུད་ཡོད་པ་དང་སྨན་ལུགས་དང་སྨན་གསར་ལུགས་སོགས་བོད་ལྗོངས་ས་ཁུལ་མང་པོ་ཞིག་གི་འབྲི་ལུགས་ཡོད། མཛེས་སྡུག་ལྡན་པའི་ཐང་ག་དེ་དག་“བོད་ལྗོངས་ཀྱི་སྤྲིན་བཟང”ཞེས་པའི་འགྲེམས་སྟོན་ཚོམས་ཆེན་དུ་འགྲེམས་སྟོན་བྱས་རྗེས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
            ལི་ཞའོ་ཁོ་ཡིས་ད་ལྟ་ཐང་ག་ནི་བོད་ཀྱི་རིག་གནས་མཚོན་བྱེད་ཀྱི་རྟགས་མཚན་ཤིག་ཏུ་གྱུར་ཡོད་པ་དང་། མཚོན་བྱེད་ཀྱི་ནང་དོན་དང་སྐད་བརྡ་རང་ངོས་ཀྱི་ཐད་བཅས་ལ་ཐོད་བརྒལ་གསར་པ་བྱུང་ཡོད་ལ། དུས་རབས་འཕེལ་རྒྱས་ཀྱི་དུས་ད་ལྟར་གསོན་ཤུགས་གསར་པ་རྒྱས་འདུག་པར་བསྟན།
ལྟད་མོ་བས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ།
ལྟད་མོ་བས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ།
            ལི་ཞའོ་ཁོ་ཡིས་བཤད་དོན། ད་ཐེངས་ཀྱི་འགྲེམས་སྟོན་ནི་འདུ་འཛོམས་ཤིག་ཡིན་ཏེ། ས་ཁོངས་མི་འདྲ་བ་དང་། གཤིས་ཀ་མི་འདྲ་བ། ཉམས་མྱོང་གི་བརྒྱུད་རིམ་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ། དེ་མིན་སྒྱུ་རྩལ་གྱི་ལམ་བུ་མི་འདྲ་བ་འཚོལ་ཞིབ་བྱེད་མཁན་སྒྱུ་རྩལ་པ་ཚོ་མཉམ་དུ་འཛོམས་པ་ཞིག་རེད། འདི་དག་ཚང་མ་ནི་བོད་ཀྱི“ལས་འབྲེལ”དང་དེ་བཞིན་བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོད་པའི་རྐྱེན་གྱིས་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཡང་རིག་གནས་ཀྱི་གདེང་ཚོད་མངོན་པའི་འགྲེམས་སྟོན་ཞིག་ཡིན་ཞིང་། དེས་དེང་རབས་ཀྱི་སྒྱུ་རྩལ་པས་ཇི་ལྟར་བྱས་ཏེ་མི་རིགས་ཀྱི་རིག་གནས་དེ་འཛམ་གླིང་རིག་གནས་ཁྲོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ་དང་རང་ངོས་ཀྱི་རིན་ཐང་འདོན་སྤེལ་བྱ་རྒྱུ་བཅས་ལ་བློ་སྒོ་འབྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1