རྫ་ཆུ་ཁའི་ནགས་སྲུང་བར་གསའ་འཕྲད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-29


        སྤྱི་ཟླ་11པའི་ཚེས26ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་བཙན་མདའ་ཤང་ཕུ་མ་གྲོང་ཚོར་གསའ་ཐོན་པ་དང་། མིས་གསའ་སྐྱོབ་པའི་གནས་ཚུལ་ཞིག་བྱུང་འདུག འདི་ནི་མི་རྣམས་ཀྱིས་སེར་ཤུལ་རྫོང་བཙན་མདའ་ཤང་ཁོངས་སུ་གསའ་མཐོང་ཐེངས་གསུམ་པ་དེ་ཡིན་པ་རེད།

          ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་གསའ་མཐོང་བའི་གནས་ཚུལ་དེ་ནི་སེར་ཤུལ་རྫོང་གི་ནགས་སྲུང་པ་རྣམས་ནགས་ཚལ་ཉེན་ཟོན་སྐོར་ཞིབ་འགྲོ་དུས་ཤེས་རྟོགས་བྱུང་བ་ཞིག་ཡིན་ཞིང་། སྐབས་དེར་ཕུ་མ་གྲོང་ཚོར་གསའ་གཉིས་ཀྱིས་གནའ་བ་འཕྲོག་རྩོད་བྱེད་བཞིན་ཡོད་པ་དང་། གཅན་གཟན་གཉིས་ཕན་ཚུན་འཐབ་པའི་བརྒྱུད་རིམ་ནང་དེའི་ཁྲོད་ཀྱི་གསའ་གཅིག་ལ་རྨུག་རྨས་ཚབས་ཆེན་ཕོག་ཡོད། ནགས་སྲུང་པ་ཉེ་བར་བཅར་བ་ཚོར་དུས་གསའ་གཉིས་ཀྱིས་ད་གཟོད་གཞི་ནས་འཛིང་མཚམས་བཞག་པ་དང་། གསའ་གཅིག་མྱུར་མོར་ནགས་གསེབ་ཏུ་བྲོས་ཕྱིན་ཡོད་པ་རེད། ནགས་སྲུང་པ་རྣམས་ནས་རྨས་སྐྱོན་ཕོག་པའི་གསའ་དེའི་བདེ་འཇགས་ཆེད། གནས་ཚུལ་དེ་ས་ཁོངས་དོ་དམ་གྱི་རྩ་དོན་ལྟར་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་པ་དང་། ས་གནས་དེ་གའི་ཤང་ཏང་ཨུད་སྲིད་གཞུང་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དུས་ཐོག་ཏུ་མི་སྣ་སྒྲིག་འཛུགས་བྱས་ནས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཡོད།

          ད་དུང་གསའ་ཡིས་མི་ལ་མི་འཚེ་བ་བྱ་ཆེད། འབྲེལ་ཡོད་མི་སྣས་དགོས་ངེས་ཀྱི་འགོག་སྲུང་བྱ་ཐབས་སྤྱད་རྗེས། རྨས་སྐྱོན་ཕོག་པའི་གསའ་ཡི་རྨས་ཚུལ་སོགས་ལ་བརྟག་དཔྱད་གང་ལེགས་བྱས་ཏེ། གསའ་དེའི་སུག་ལག་གཡོན་པ་གཉིས་ཀར་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་འགུལ་སྐྱོད་བྱེད་མི་ཐུབ་པར་གྱུར་ཡོད་པ་ཤེས་རྟོགས་ཐུབ་ཡོད། མཐར་ས་གནས་དེའི་ཤང་ཏང་ཨུད་སྲིད་གཞུང་དང་གྲོང་མི་རྣམས་ཀྱིས་སེམས་ཤུགས་མཉམ་སྒྲིལ་གྱི་རོགས་སྐྱོབ་འོག གསའ་དེ་ཕྱུགས་ནད་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱས་ཡོད། སེར་ཤུལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གསའ་དེར་སྨན་བཅོས་དང་གསོས་ཡག་པོ་གཏོང་ཆེད་ཆེད་སྒོར་5000བཏང་ཡོད་པ་མ་ཟད། གསའ་གསར་རྙེད་བྱུང་བ་དང་གསའ་སྲུང་སྐྱོབ་དང་སྨན་བཅོས་ཀྱི་ལས་ནང་ཞུགས་པའི་ནགས་སྲུང་པར་སྒོར་2000གི་དངུལ་སྨར་གཟེངས་བསྟོད་ཕུལ་ཡོད། མིག་སྔར། སྨན་དོན་མི་སྣས་གསའ་དེར་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨ་ཁ་སོས་རྗེས་ཡང་བསྐྱར་རི་ཁྲོད་དུ་གློད་རྒྱུ་ཡིན་པ་རེད།

              འདི་ནི་སྤྱི་ལོ་2015ལོའི་ཟླ་11པའི་ནང་སེར་ཤུལ་རྫོང་བཙན་མདའ་ཤང་གི་ལས་བྱེད་པ་དང་གྲོང་མི་ཚོས་ཐུན་མོང་ཐོག་རྨས་སྐྱོན་ཕོག་པའི་གསའ་བསྐྱབས་རྗེས་དང་། སྤྱི་ལོ་2017ལོའི་ཟླ་9པའི་ནང་ས་གནས་དེ་གའི་བྲག་ཕུག་ཅིག་ལས་གསའ་ཕྲུག་གསུམ་གསར་རྙེད་བྱུང་རྗེས་མིས་གསའ་མཐོང་ཐེངས་གསུམ་པ་དེ་ཡིན་པ་རེད། དེའི་ཐད་སེར་ཤུལ་རྫོང་གི་རྫོང་ཨུད་ཧྲུའུ་ཅི་ཡོན་ཀོང་མིང་གིས་འདི་དག་ལས་སེར་ཤུལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཇེ་མང་འགྲོ་བཞིན་ཡོད་པ་ཤེས་ཐུབ་ལ། མི་དང་རང་བྱུང་ཁམས་བར་དང་། མི་དང་སྲོག་ཆགས་བར་འཆམ་མཐུན་མཉམ་གནས་བྱེད་པ་ཡང་མཚོན་ཐུབ་ཅེས་གསུངས་འདུག

པར་རིས་དང་བརྙན་ཐུང་མཁོ་འདོན་བྱེད་མཁན། སེར་ཤུལ་རྫོང་ཨུད་དྲིལ་བསྒྲགས་པུའུ།
          མུ་འབྲེལ་ཤེས་བྱ།
          གསའ་ནི་གཅན་གཟན་གྱི་རིགས་ཡིན་ལ།  ཡུལ་སྐད་དུ་རྩྭ་གཟིག་དང་། སྲོག་ཆགས་རིག་པའི་ནང་དུ་གངས་གཟིག་ཟེར། གཟུགས་དབྱིབས་དང་ཆེ་ཆུང་ནི་གཟིག་དང་འདྲ། ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་50ནས་60བར་ཡོད་པ་དང་། རིང་ཚད་ལ་སྨི་1ལྷག་ཟིན། མགོ་བོ་ཆུང་ལ་ཟླུམ་པ། རྣ་བ་ཆུང་བ། ལུས་ཀྱི་སྤུ་རིང་ཞིང་ཁུ་ལུ་མཐུག་པ། གཟུགས་པོ་ཕལ་ཆེ་བའི་སྤུ་མདོག་སྐྱ་ཤར་དང་། དེའི་སྟེང་གྲ་འགྲིག་པོ་དང་ཁ་དྭངས་མི་གསལ་བའི་ཁྲ་ཐིག་མདོག་ནག་པོའི་ཨ་ལོང་གི་རི་མོ་ལྡན། བྲང་ཁོག་དང་ལྟོ་བའི་ངོས་ཀྱི་སྤུ་མདོག་དཀར་ཞིང་ཁྲ་ཐིག་གི་ཨ་ལོང་མེད། གསའ་དང་གཟིག་རིགས་གཞན་བར་མི་འདྲ་བའི་ཁྱད་པར་གཙོ་བོ་ནི། སྲོག་ཆགས་དེ་གཉིས་ཀྱི་སྤུ་མདོག་གཅིག་མཐུན་མིན་པ་ཕུད། དབྱེ་བ་འབྱེད་བདེ་ཤོས་ནི་གསའ་ལ་ཆེས་སྦོམ་ཞིང་རིང་བའི་རྔ་མ་ཞིག་ཡོད། རྔ་མའི་རིང་ཚད་ལ་སྨི་༡ཙམ་ཟིན་པས་ལུས་པོའི་རིང་ཚད་དང་སྙོམས་ཀྱི་ཡོད། གསའ་ཡི་འཚོ་གནས་བྱེད་ས་གཙོ་བོ་ནི། གླིང་ཆེན་ཨེ་ཤ་ཡའི་དབུས་ཁུལ་དང་ལྷོ་ཁུལ་གྱི་ས་མཐོ་ཡིན་པ་དང་། ཀྲུང་གོའི་མཚོ་བོད་ས་མཐོ་དང་། ཕ་མིར་ས་མཐོ། ནང་སོག་ས་མཐོ་སོགས་སུ་གནས། དགུན་དུས་ས་བབ་མཐོ་སར་ཟས་འཚོལ་དཀའ་བར་རྟེན། མཐོ་ཚད་སྨི་2000ནས་3000བར་གྱི་ས་བབ་དམའ་བའི་གྲོང་ཚོའི་ཉེ་འགྲམ་དུ་འོང་། འདི་ནི་གཟིག་རིགས་གཞན་དང་འདྲ་བར་གཏུམ་དྲག་ཅན་ཞིག་ཡིན་སྟབས། ས་དྲོད་སླེབས་དུས་མཐོ་ཚད་སྨི་5000ནས་6000བར་གྱི་ས་མཐོ་སར་གཉན་དང་། གཙོད། གླ་བ། རི་བོང་། ཤྭ་བ་མཆུ་དཀར། གནའ་བ། སྤྱང་ཀི། འཕར་བ་སོགས་བསད་ནས་ཟ་བ་དང་། ཚེ་ཚད་ལོ་ཉི་ཤུ་ལྷག་ཡིན། གཅན་གཟན་འདི་ནི་རྒྱལ་སྤྱིའི་དཔྱད་དེབ་དམར་པོའི་ནང་རིགས་རྒྱུད་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1