སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་པར་སྐྲུན་འགྲེམ་སྤེལ་བྱས་པ།

རྣམ་དཀར་ལྷ་མོ་དང་འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29




གདན་ཞུའི་སྐུ་མགྲོན་རྣམ་པས་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》ཡི་ཞལ་ཡོལ་འབྱེད་བཞིན་པ།

     གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ་11པའི་ཚེས་29ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》(པོད་༡-༡༡༨ པར་ལེན་པར་གཞི།)ཡི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དེ་ཁྲེན་ཏུའུ་གྲོང་ཁྱེར་གྱི་དུས་རབས་གྲོང་མཁར་འགྲེམ་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། གེ་སར་རིག་གནས་ཆེད་རམས་པ་འཇམ་དཔལ་རྒྱ་མཚོ་ལགས་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་འགོ་གཙོ་ཀྲུའུ་ཆིན། སི་ཁྲོན་དཔེ་སྐྲུན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་རྐང་བདག་ལས་འཛིན་བློ་བཟང་རྡོ་རྗེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། དེ་མིན་གེ་སར་རིག་གཞུང་ལ་དུང་ཞེན་དང་རྒྱབ་སྐྱོར་བླ་ལྷག་ཡོད་པའི་འགོ་ཁྲིད་དང་ཆེད་རམས་པ། སློབ་མ། རྩོམ་སྒྲིག་ཨུ་ཡོན་སོགས་བསྡོམས་པས་སྐུ་མགྲོན་༢༠༠ལྷག་ཐེངས་འདིའི་འགྲེམ་སྤེལ་ཚོགས་འདུར་ཞུགས། གངས་ལྗོངས་ཉི་གཞོན་གྱི་གསར་འགོད་པ་རྣམ་དཀར་ལྷ་མོས་ཐེངས་འདིའི་མཛད་སྒོར་མདོ་འཛིན་བྱས།

 ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་བ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཤིས་ཚིག་ཕུལ་བ།

སྡེ་དགེ་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝུའུ་ཀྲུང་ཀུའེ་ཡིས་ཤིས་ཚིག་ཕུལ་བ།

《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》(པོད་༡-༡༡༨ པར་ལེན་པར་གཞི།)ཡི་གཙོ་སྒྲིག་པ། སྒྲུང་པ་སྨིན་དབུས་པོས་སྒྲུང་བཤད་བཞིན་པ།

    དཔེ་ཚོགས་འདི་ཉིད་ནི་ཀྲུང་གུང་སྡེ་དགེ་རྫོང་ཏང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་འཆར་འགོད་དང་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་དང་སྡེ་དགེ་རྫོང་རིག་གནས་ཡུལ་སྐོར་ཅུས་གཉིས་ཀྱིས་འཚོལ་བསྡུ་དང་ལེགས་སྒྲིག་གནང་བ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་སྒྲུང་རྙིང་ཕྱོགས་བསྒྲིགས་ཤིག་ཡིན་ལ། འདི་ནི་ད་ལྟའི་བར་ཆེས་འཐུས་སྒོ་ཚང་བའི་སྒྲུང་དཔེ་རྙིང་པ་ཕྱོགས་བསྒྲིགས་བྱས་པའི་དཔེ་ཚོགས་ཤིག་ཡིན་ཏེ། དཔེ་ཚོགས་འདིར་ཁྱོན་གླིང་སྒྲུང་གི་པར་གཞི་མི་འདྲ་བ་༣༠༠ལ་ཉེ་བ་གུང་བསྒྲིགས་ཏེ་མཇུག་མཐར་པོད་༡༡༨ཀྱི་ནང་དུ་བསྡུ་རུབ་བྱས་ཡོད། སྒྲུང་རྙིང་འདི་དག་གི་ནང་དུ་ཤིང་དཔར་དང་བྲིས་མ། རྩ་ཆེ་བའི་མཚལ་པར་མ་སོགས་འདུས་ཡོད།
མཚལ་པར་མ།

ཤིང་པར། 

ལག་བྲིས།

     ཚོགས་ཐོག་ཏུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཚུགས་ནས་ལོ་འཁོར་༦༦ཡི་རིང་། དུས་རབས་གསར་བའི་རིག་གནས་ཀྱི་དགོས་མཁོ་དང་འཚམས་པ། མི་རིགས་རིག་གནས་ཡར་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་དཔེ་དེབ་སྤུས་ལེགས་ཇི་སྙེད་ཅིག་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། ད་རེས་ཀྱི་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ》པོད་བརྒྱ་དང་བཅོ་བརྒྱད་ཀྱི་བདག་ཉིད་ཅན་འདི་ཉེ་བའི་ལོ་ཤས་རིང་གི་ང་ཚོའི་དཔེ་སྐྲུན་ལས་ཀའི་གྲུབ་འབྲས་གཙོ་བོ་ཞིག་ཡིན་ལ། མ་འོངས་པར་ཡང་རིག་གནས་འཛུགས་སྐྲུན་གྱི་བྱ་བཞག་ལ་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན། 


    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་“མི་སེམས་རབ་ཏུ་སྒུལ་བའི་སྙན་རྩོམ་རིང་མོ་ཞིག་རེད།”ཅེས་ཚད་མཐོའི་གདེང་འཇོག་གནང་བ་བཞིན། དེབ་ཚོགས་འདི་ཉིད་དཔེ་སྐྲུན་བྱས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལག་ཏུ་བསྟར་བ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་“རིག་གནས་ཐོན་རྫས་སྐུལ་སྤེལ་བཏང་སྟེ་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་ཤིང་ཅན་གྱི་ཐོན་ལས་སུ་འགྱུར་དགོས།”ཞེས་པའི་དངོས་ཡོད་བླང་བྱ་དང་མཐུན་པར་མ་ཟད། དཔེ་སྐྲུན་ལས་རིགས་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་ཡང་མཐུན་པས་དོན་སྙིང་ངེས་ཅན་ལྡན་ནོ། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1