ཀྲུང་གོས་བརྟན་སྐར་རིམ་པའི་ནག་དོང་ཆེ་ཤོས་གསར་དུ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-02



          པེ་ཅིང་དུས་ཚོད་2019ལོའི་ཟླ་11པའི་ཚེས་28ཉིན་གྱི་ཐོ་རེངས་ཀྱི་དུས་སུ།  རྒྱལ་སྤྱིའི་ཚན་རིག་དུས་དེབ་《རང་བྱུང་།》ཞེས་པའི་ཐོག་ཀྲུང་གོའི་ཚན་རིག་གླིང་རྒྱལ་ཁབ་གནམ་དཔྱད་ཁང་གི་ལིའུ་ཅི་ཧྥུང་དང་ཀྲང་ཧའོ་ཐུང་གིས་མགོ་ཁྲིད་པའི་ཞིབ་འཇུག་རུ་ཁག་གི་གསར་རྙེད་གལ་ཆེན་ཞིག་སྤེལ་འགོད་བྱས་བྱུང་།  ཞིབ་འཇུག་རུ་ཁག་གིས་རང་རེའི་ལག་རྩལ་ལ་བརྟེན་ནས་ཞིབ་འཇུག་དང་བཟོ་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཀུའོ་ཧྲོའུ་ཅིན་རྒྱང་ཤེལ་(LAMOST)སྤྱད་དེ་ད་ལྟའི་བར་སྤུས་ཚད་ཆེ་ཤོས་ཀྱི་བརྟན་སྐར་རིམ་པའི་ནག་དོང་ཞིག་རྙེད་པ་མ་ཟད། LAMOSTཡི་ལེགས་ཆ་སྤྱད་ནས་ནག་དོང་གཞན་པ་འཚོལ་བའི་ཐབས་ལམ་གསར་པ་ཞིག་ཀྱང་མཁོ་འདོན་བྱས་འདུག  ཉི་མའི་སྤུས་ཚད་ལས་ཀྱང་ལྡབ་70ཡིས་ཆེ་བའི་ནག་དོང་འདི་ནི་རིག་གཞུང་ལས་ལུང་བསྟན་པའི་སྤུས་ཚད་ཀྱི་མཐའ་ལས་ཆེས་ཆེར་བརྒལ་ཞིང་།  མི་རྣམས་ཀྱིས་བརྟན་སྐར་རིམ་པའི་ནག་དོང་ཐད་ཀྱི་ངོས་འཛིན་ཡང་ཟློག་པར་བྱས་པས། བརྟན་སྐར་གྱི་རིམ་འགྱུར་དང་ནག་དོང་གྲུབ་ལུགས་ཀྱི་གཞུང་ལུགས་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་རེ་བའང་རྙེད། 
          ནག་དོང་ཞེས་པ་ནི་རང་ཉིད་ནས་འོད་མི་འཕྲོ་ཞིང་སྟུག་ཚད་ཧ་ཅང་ཆེ་བའི་ལྐོག་གྱུར་གྱི་གོ་ལའི་གཟུགས་ཤིག་ཡིན་ལ།དེར་ཧ་ལས་པའི་འགུག་ཤུགས་ཆེན་པོ་ལྡན་པས།  དངོས་པོ་གང་ཐམས་ཅད་ཤོངས་པ་དང་།  ཐ་ན་མྱུར་ཚད་ཤིན་ཏུ་མགྱོགས་པའི་འོད་ཐིག་ཀྱང་དེ་ལས་ཐར་ཐབས་མེད་པར་སྡུད་འགྲོའོ། །  དེ་ཡང་སྤུས་ཚད་མི་འདྲ་བར་གཞིགས་ནས། ནག་དོང་ལ་སྤྱིར་བཏང་དུ་བརྟན་སྐར་རིམ་པའི་ནག་དོང་དང་།  སྤུས་ཚད་འབྲིང་བའི་ནག་དོང་།  སྤུས་ཚད་ཤིན་ཏུ་ཆེ་བའི་ནག་དོང་བཅས་སུ་དབྱེ་ཡོད།  དེའི་ནང་།  བརྟན་སྐར་རིམ་པའི་ནག་དོང་ནི་སྤུས་ཚད་ཆེ་བའི་བརྟན་སྐར་འཇིག་པ་ལས་གྲུབ་ཅིང་། འཇིག་རྟེན་ཁམས་ཀྱི་ཕྱོགས་མང་པོ་ན་གནས་པ་ཞིག་རེད།  དགུ་ཚིགས་ཁྱིམ་རྒྱུད་ནང་བརྟན་སྐར་རིམ་པའི་ནག་དོང་དུང་ཕྱུར་ཡན་ཡོད་པར་གཞུང་ལུགས་ཀྱི་ལུང་བསྟན་ཡོད་མོད། འོན་ཀྱང་ད་ལྟའི་བར་དུ་གནམ་དཔྱད་པས་དགུ་ཚིགས་ཁྱིམ་རྒྱུད་དུ་བརྟན་སྐར་རིམ་པའི་ནག་དོང་20ཙམ་ལས་རྙེད་མེད་ལ།  དེ་དག་ཀྱང་ཚང་མའང་བརྟན་སྐར་ནག་པོའི་འཇིབ་བསགས་མཐའ་སྐར་རླུང་གཟུགས་ལས་བྱུང་བའི་Xའཕྲོ་ཐིག་ལ་བརྟེན་ནས་ངོས་འཛིན་བྱས་པས།  ནག་དོང་དེ་རིགས་ཀྱི་སྤུས་ཚད་ཀྱང་ཉི་མ་20ཡི་སྤུས་ཚད་ལས་ཆུང་བ་འབའ་ཞིག་ཡིན་འདུག 
          བྱེད་ཐབས་གསར་བ་བཙལ་ནས་གྲངས་འབོར་ཤིན་ཏུ་ཆེ་ཞིང་Xའཕྲོ་ཐིག་གི་འགྱེད་འཕྲོ་ལ་མ་བརྟེན་པའི་ནག་དོང་རྙེད་རྒྱུ་དེ་ཉེ་བའི་ལོ་ཤས་རིང་གི་ཞིབ་འཇུག་བྱ་ཡུལ་གཙོ་བོ་དང་དེའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
          2016ལོའི་སྟོན་དུས་ནས་བཟུང་།  རྒྱལ་ཁབ་གནམ་དཔྱད་ཁང་གཙོས་པའི་ཞིབ་འཇུག་ཚོགས་པས་LAMOSTསྤྱད་དེ་སྐར་མ་ཆ་སྡོད་ཞིབ་འཇུག་བྱ་ཡུལ་དུ་བཟུང་བ་མ་ཟད།  དུས་ཡུན་ལོ་གཉིས་དང་ཕྱེད་ཀའི་རིང་བར་སྣང་ཁྱབ་ཁོངས་ཆུང་ཆུང་ཞིག་ལས་བརྟན་སྐར་3000ལྷག་ལ་ལྟ་ཞིབ་ཚད་ལེན་བྱས།མཇུག་འབྲས་ལས་ཤེས་གསལ་ལྟར་ན།  Xའཕྲོ་ཐིག་གི་འགྱེད་འཕྲོ་ལྷིང་འཇགས་ཡིན་པའི་སྐར་མ་ཆ་སྡོད་མ་ལག་(LB-1)ཁྲོད་དུ་སྤུས་ཚད་ཉི་མ་ལས་ལྡབ་བརྒྱད་ཀྱིས་ཆེ་བའི་བརྟན་སྐར་སྔོན་པོ་ཞིག་“མཐོང་མི་ཐུབ་པའི”གོ་ལའི་གཟུགས་ཤིག་ལ་དུས་འཁོར་རང་བཞིན་གྱི་སྐོར་བ་རྒྱག་བཞིན་ཡོད་པ་ཤེས།  འོད་རིས་ཁྱད་པར་ཅན་ལས་“མཐོང་མི་ཐུབ་པའི”གོ་ལའི་གཟུགས་དེ་ནི་ནག་དོང་ཞིག་ཡིན་སྲིད་ཅིང་།ཞིབ་འཇུག་པས་དེ་འཕྲལ་འདི་ལ་“ངོས་འཛིན”བྱས་པ་སྟེ།  ཁོང་ཚོས་སི་ཕེན་གྱི་སྨི་10.4ཅན་གྱི་ཀ་ན་ལི་རྒྱང་ཤེལ་ཆེན་པོ་དང་ཨ་རིའི་སྨི་10ཅན་གྱི་ཁའེ་ཁེ་རྒྱང་ཤེལ་སྤྱད་ནས་LB-1གི་འོད་རིས་ཀྱི་ངོ་བོ་སྔར་བས་ཀྱང་བློ་ཐག་ཆོད་པོས་གཏན་འཁེལ་བྱས་པ་དང་།  ནག་དོང་དེའི་སྤུས་ཚད་ཉི་མ་ལས་ལྡབ70ཡིས་ཆེ་བ་བརྩིས་པ་རེད།  དེ་ཡང་འདིར་གླེང་དགོས་པ་ཞིག་ནི་ལོ་གཉིས་དང་ཕྱེད་ཀའི་ལྟ་ཞིབ་ཚད་ལེན་གྱི་དུས་ཡུན་ནང་LAMOSTཡིས་ཞིབ་འཇུག་འདི་ཉིད་ལ་ལྟ་ཞིབ་ཚད་ལེན་ཐེངས་26བྱས་པར་ཁྱོན་བསྡོམས་ཕྱིར་མངོན་པའི་དུས་ཚོད་ཕལ་ཆེར་ཆུ་ཚོད་40ཙམ་ཡིན་འདུག  ལིའུ་ཅི་ཧྥུང་གིས།  གལ་སྲིད་སྨི་བཞི་ཅན་གྱི་རྒྱང་ཤེལ་དཀྱུས་མ་སྤྱད་དེ་ནག་དོང་འདི་འདྲ་ཞིག་འཚོལ་དགོས་ཚེ་ལོ་ངོ་40ཡི་དུས་ཡུན་དགོས་ནས།  འདི་ལས་ཀུའོ་ཧྲོའུ་ཅིང་རྒྱང་ཤེལ་འདི་ཉིད་ཀྱི་ལྟ་ཞིབ་ཚད་ལེན་ལས་ཕྱོད་ཧ་ཅང་མཐོ་བ་ལེགས་པར་མཚོན་ཡོད་ཅེས་བཤད།
          མིག་སྔར་བརྟན་སྐར་རིམ་འགྱུར་གྱི་དཔེ་དབྱིབས་ནི་ཉི་མའི་ལྕགས་རིགས་ཀྱི་འཛོམས་ཚད་ལྟར་ཆེས་ཆེ་བ་ཉི་མའི་སྤུས་ཚད་ཀྱི་ལྡབ་25ཡིན་པའི་ནག་དོང་བཟོས་ཆོག  གསར་དུ་རྙེད་པའི་ནག་དོང་འདིའི་སྤུས་ཚད་དེ་ད་ཡོད་ཀྱི་བརྟན་སྐར་རིམ་འགྱུར་གཞུང་ལུགས་ཀྱི་ཁྱབ་ཁོངས་ལས་ཡོངས་སུ་བརྒལ་ཡོད་པས།  ཨ་རིའི་སྐུལ་འོད་ལ་བརྟེན་པའི་འགུག་ཤུགས་རླབས་ཀྱི་གནམ་དཔྱད་ལས་ཁུངས་LIGOཡི་འགོ་གཙོ་ཏ་ཝེ•ལེ་ཚིས་དཔྱད་གཏམ་སྤེལ་དོན།  “དགུ་ཚིགས་ཁྱིམ་རྒྱུད་ནས་ཉི་མའི་སྤུས་ཚད་ལས་ལྡབ་70ཡིས་ཆེ་བའི་ནག་དོང་རྙེད་པ་འདིས།  གནམ་དཔྱད་པར་བརྟན་སྐར་རིམ་པའི་ནག་དོང་གི་གྲུབ་ཚུལ་གྱི་དཔེ་དབྱིབས་ལ་སྒྱུར་བཅོས་བྱེད་དུ་འཇུག་ངེས་ལ།  ཁྱད་དུ་འཕགས་པའི་གྲུབ་འབྲས་འདི་ལ་བརྟེན་ནས་ཨ་རིའི་སྐུལ་འོད་ལ་བརྟེན་པའི་འགུག་ཤུགས་རླབས་ཀྱི་གནམ་དཔྱད་ལས་ཁུངས་LIGOདང་ཡོབ་གླིང་གི་བུ་མོའི་སྐར་ཚོམ་འགུག་ཤུགས་རླབས་ཀྱི་གནམ་དཔྱད་ལས་ཁུངས་Virgoཞེས་པ་གཉིས་ཀྱིས་ལོ་ངོ་བཞིའི་རིང་འཚོལ་ཞིབ་བགྱིས་པའི་ནག་དོང་ཆ་ཅན་གྱི་ཕྱོགས་སྡེབ་དོན་ཆེན་གཉིས་ཟུང་འབྲེལ་བྱས་ན།   ནག་དོང་གོ་ལའི་གཟུགས་ཀྱི་དངོས་ལུགས་ཞིབ་འཇུག་གི་བསྐྱར་དར་ལ་སྐུལ་འདེབས་གཏོང་ངེས་རེད།”ཅེས་བཤད།  རྗེས་ཕྱོགས་LAMOSTཡི་ལས་ཕྱོད་མཐོ་བའི་ལྟ་ཞིབ་ཚད་ལེན་འདི་ཉིད་སྤྱད་དེ།  གནམ་དཔྱད་པས་མི་མངོན་ཟབ་སར་“ལྷིང་འཇགས”ཀྱི་ཚུལ་དུ་སྦས་པའི་ནག་དོང་གི་རིགས་གཞན་རྙེད་པ་དང་ཡང་ན་ནག་དོང་སྐོར་དང་སྐོར་བྱས་ཏེ་རྙེད་པའི་དུས་རབས་གསར་པ་ཞིག་གཏོད་པའི་རེ་ཡོད།
          ལས་ཀ་འདི་ནི་LAMOST(ཀྲུང་གོའི་དར་རྒྱས)དང་ཅ་ན་ལི་(སི་ཕེན་གྱི་ཅ་ན་ལི་གླིང་ཕྲན)རྒྱང་ཤེལ་ཆེན་པོ།  ཁའེ་ཁེ་རྒྱང་ཤེལ་(ཨ་རིའི་ཞ་ཝེ་དབྱི)དང་ཆན་ཏི་ལའི་ Xའཕྲོ་ཐིག་གནམ་དཔྱད་ལས་ཁུངས་(ཨ་རི)བཅས་ཀྱི་ལྟ་དཔྱད་ཚད་ལེན་གཞི་གྲངས་ལ་ཁུངས་བཅོལ་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན།  ཞིབ་འཇུག་འདིའི་ནང་ཞིབ་འཇུག་པ་55ཡོད་ཅིང་།  ཁོང་རྣམས་ཀྲུང་གོ་དང་ཨ་རི།  སི་ཕེན།  ཨོ་སི་ཁྲུ་ལི་ཡ།  དབྱི་ཐ་ལི།  ཕོ་ལན།  ཧོ་ལན་བཅས་རྒྱལ་ཁབ་7གྱི་ལས་ཁུངས་29ནས་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1