གནའ་ཉམས་དོད་པའི་བར་སྐོར་ཁྲོམ་གཞུང་གི་འཆར་སྣང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-02


     དགུན་དུས་ཀྱི་ཉི་གཞོན་མུ་ལ་མུ་སྦྲེལ་གྱི་གངས་རི་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་སའི་བར་སྐོར་ཁྲོམ་གཞུང་གི་དར་ལྕོག་དང་བོད་བཟོའི་གྲོང་མིའི་སྡོད་ཁང་དུ་འཕྲོ་ཞིང་། བསང་དུད་ལྷོག་ལྷོག་ཏུ་འཕྱུར་བ་དང་མི་ཚོགས་ཀྱི་འདུ་ལོང་རབ་ཏུ་འཁྲུག གཙུག་ལག་ཁང་གི་མདུན་དུ་ཕྱག་འཚལ་མཁན་དང་བར་སྐོར་རྒྱག་མཁན་དེ་དག་ལོ་མང་རིང་བོད་ཀྱི་རིག་གནས་ཡུལ་སྲོལ་ཞིག་ལ་གྱུར་ཡོད།
     ཁ་ཤུལ་གྱི་དྲོད་འཇམ་ཉི་འོད་དང་བསྡོངས་ནས་གསར་འགོད་པས་གཙུག་ལག་ཁང་གི་མདུན་སྒོ་ནས་འགོ་བཙུགས་ཏེ་དད་ལྡན་པས་སྐོར་བ་རྒྱག་སའི་ཕྱོགས་སུ་ག་ལེར་བསྐྱོད། ཀྱག་ཀྱོག་གི་ལམ་བུར་རྡོ་གཡམ་གྲལ་སྒྲིག་པོ་བཏིང་ཡོད་པ་དང་གནས་སྐོར་བ་ཚོས་སྐོར་བ་ཡུན་རིང་བརྒྱབ་པར་བརྟེན་རྡོ་གཡམ་དག་འོད་ཐིང་ཐིང་དུ་གྱུར་འདུག ཕྱུ་པ་གྱོན་པའི་དད་ལྡན་པ་ཞིག་གིས་ཁ་འདོན་བྱེད་ཀྱིན་དུ་ཕྱག་ཡང་ཡང་འཚལ་བཞིན་འདུག
     2000ལོར་གཙུག་ལག་ཁང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་སུ་བཅུག་ཅིང་། བར་སྐོར་ནི་གཙུག་ལག་ཁང་ལ་སྐོར་བ་རྒྱག་ས་ཡིན་པ་དང་། ལྷ་སའི་སྐོར་ལམ་གསུམ་གྱི་གྲས་ཤིག་ཡིན། བར་སྐར་གྱི་རིང་ཚད་ཧྲིལ་པོར་སྨི་ཆིག་སྟོང་ལྷག་ཙམ་ཡོད་པ་དང་འཛམ་གླིང་ཐོག་དམིགས་བསལ་གྱི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་སྲོལ་རྒྱུན་རིག་གནས་ཁྲོམ་གཞུང་གི་གྲས་ཤིག་ཡིན། ཐང་རྒྱལ་རབས་དུས་སུ་གཙུག་ལག་ཁང་བསྐྲུན་པ་དང་དད་ལྡན་མང་ཚོགས་དེ་གར་འཛོམས་ནས་འཕེལ་རྒྱས་བྱུང་བའི་བར་སྐོར་ཁྲོམ་གཞུང་དུ་མིག་སྔར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས་སོགས་མི་རིགས་མི་འདྲ་བའི་མང་ཚོགས་མང་པོ་འདུས་སྡོད་ཡོད་པ་རེད།
     ཞི་འཇམ་བག་ཕེབས་ཀྱི་བར་སྐོར་ཁྲོམ་གཞུང་དུ། བོད་རིགས་ས་ཁུལ་གྱི་དད་ལྡན་མང་ཚོགས་ཚོས་རྒན་རྒོན་དང་བྱིས་པ་ཁྲིད་ནས་བར་སྐོར་རྒྱག་གིན་དུ་གསོལ་བ་སྨོན་ལམ་འདེབས་བཞིན་མཆིས། དེས་མ་ཟད་འཛམ་གླིང་ས་ཕྱོགས་ཁག་གི་མི་རྣམས་ལེ་དབར་སྟོང་གི་ས་ནས་གངས་ལྗོངས་ས་མཐོར་ཡོང་མུས་ལགས།
     བར་སྐོར་དུ་སྐོར་བ་རྒྱག་མཁན་ཚོའི་གོམ་སྒྲ་རེ་རེ་ནི་ཤ་ཚའི་བཅོལ་གཏམ་རེ་རེ་དང་འདྲ་སྟེ། མིའི་རིགས་ཀྱི་ཐུན་མོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་ཆུ་མོའི་རྒྱུན་ལྟར་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་ཞེས་བརྗོད་པ་དང་གཉིས་སུ་མ་མཆིས།
     དུས་ཡུན་ལོ་གཉིས་དང་མ་དངུལ་སྒོར་ཁྲི་1817བཏང་བའི་ལྷ་སའི་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོང་དང་ཉམས་བཟོའི་ལས་གྲྭ་དེ་2011ལོར་ལས་མཇུག་འགྲིལ་བ་རེད། ལས་གྲྭ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་རྒྱལ་ཁབ་ཀྱིས་བོད་དུ་ལག་བསྟར་བྱས་པའི་གཙོ་གནད་རིག་དངོས་22ཉམས་བཟོའི་ལས་གྲྭའི་ཁྲོད་ཀྱི་གྲས་ཤིག་ཡིན། དུས་ཡུན་ལོ་གསུམ་དང་ཁྱོན་མ་དངུལ་སྒོར་ཁྲི་1000ལྷག་བཏང་བའི་གཙུག་ལག་ཁང་གི་ལྡེབས་རིས་ཉམས་བཟོའི་ལས་གྲྭ་2015ལོར་ལས་མཇུག་འགྲིལ་བ་རེད། དེ་ནི་རང་རྒྱལ་གྱིས་གཙུག་ལག་ཁང་ཕྱི་ནང་གི་ལྡེབས་རིས་ཚང་མར་གཞི་ཁྱོན་ཆེ་བའི་ཉམས་བཟོ་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། ཉམས་བཟོའི་གཞི་ཁྱོན་སྨི་ངོས་གྲུ་4000ལྷག་ཙམ་ཟིན་གྱི་ཡོད།

     གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་བཅུའི་རིང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བར་སྐོར་ཉམས་བཟོ་དང་དུས་མཚུངས་གྲོང་མིའི་སྒོ་རར་ཉམས་བཟོ་བྱས་པ་དང་འབྲེལ་གྲོང་ཁུལ་རྙིང་པའི་ལམ་བུ་དང་ཆུ་མཁོ་འདོན་དང་ཆུ་འབུད་ཀྱི་མདོང་ལམ་བཅས་ལ་མ་དངུལ་འབོར་ཆེན་བཏང་བས། གནའ་བོའི་བར་སྐོར་སྲུང་སྐྱོང་དང་འཕེལ་རྒྱས་ནུས་ལྡན་བྱུང་ཡོད། དེས་ལྷ་ས་གྲོང་ཁྱེར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ཁྲོད་བར་སྐོར་ལས་བོད་རིགས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་རིན་ཐང་དང་ཉམས་འགྱུར་དེ་བས་ལེགས་པ་མངོན་ཐུབ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1