གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༢ཉིན།

ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་།


            ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག་རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་གི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་11ཚེས་29ཉིན་གྱི་ཕྱི་དྲོ་རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་པའི་འཛུགས་སྐྱོང་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འཕྲལ་སྒྲུབ་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་ནུས་པའི་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་བྱ་རྒྱུ་དང་། རིགས་ཁག་གི་གནོད་འཚེ་དོན་རྐྱེན་ལ་དུས་ཐོག་ཏུ་ཁ་གཏད་གཅོག་རྒྱུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་གི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱེད་པ་དང་། ཕྱི་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་གྱི་ཕན་ཐོགས་ཡོད་པའི་བྱ་ཐབས་དཔྱད་གཞིར་འཛིན་ནས། རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཞུའེ་ལན་གྱིས་གནད་དོན་དེར་གསལ་འགྲེལ་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་སྟོན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམས་ཀྱིས་གསལ་འགྲེལ་ནན་ཏན་ངང་གསན་པ་དང་ཆབས་ཅིག་གྲོས་བསྡུར་ཡང་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་དང་རྒྱལ་ཁབ་ཀྱི་སྔ་ཕྱི་བར་གསུམ་དུ་འཕྲལ་སྒྲུབ་དོ་དམ་གྱི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་ཟམ་མི་ཆད་པར་བརྗེ་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་གནོད་འཚེ་དང་ཐོན་སྐྱེད་དོན་རྐྱེན་གྱི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཡང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མངོན་གསལ་དོད་པའི་དོན་རྐྱེན་ཚབས་ཆེ་རིགས་མང་པོ་ཞིག་ལ་བདེ་བླག་ངང་ཁ་གཏད་བཅག་ཡོད་པ་དང་། ནུས་ལྡན་སྒོ་ནས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་མེད་པ་བཟོ་བ། ཉེན་སྐྱོབ་གནོད་སེལ་དང་འཕྲལ་སྒྲུབ་དོ་དམ་གྱི་ངོ་མཚར་ལྡན་པའི་ལེའུ་མང་པོ་གཏོད་ཡོད་པས། རང་རྒྱལ་གྱི་འཕྲལ་སྒྲུབ་དོ་དམ་མ་ལག་སྒྲིག་གཞི་ལག་བསྟར་བྱེད་པའི་ཁྲོད་རང་སོའི་ཁྱད་ཆོད་དང་བཟང་ཆ་མངོན་པར་བྱས་ཡོད་ཅེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཚབས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། གནོད་འཚེའི་རིགས་མང་བ་དང་། ཁྱབ་རྒྱ་ཆེ་བ། དོན་རྐྱེན་ལྷག་བདེ་བ། གྱོང་གུན་ཆེན་པོ་བཟོ་བ་བཅས་ནི་གཞི་རྩའི་རྒྱལ་ཚུལ་ཞིག་རེད། ཆབས་ཅིག་ཏུ་རང་རྒྱལ་གྱི་རིགས་ཁག་གི་མངོན་མེད་རྐྱེན་ངན་དང་བདེ་འཇགས་ཉེན་ཁ་ཡང་རྙོག་འཛིང་ཆེ་བ་དང་། ཐོན་བདེ་བ་དང་ཐོན་མང་བས། སྤྱི་པའི་བདེ་འཇགས་དང་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འཕྲལ་སྒྲུབ་དོ་དམ་གྱི་མ་ལག་དང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི། ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་དང་། ཡུན་རིང་གི་ལས་འགན་ཞིག་ཀྱང་ཡིན་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ཉེན་ཁ་སྔོན་འགོག་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འབྱུང་ཁུངས་ནས་བདེ་འཇགས་ཉེན་ཁ་ཚབས་ཆེན་ལ་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གནོད་འཚེ་དངོས་སུ་མ་ཐོན་གོང་ནས་ཐག་གཅོད་བྱེད་དགོས། ཉེན་ཁ་དཔྱད་དཔོག་དང་། ལྟ་ཞིབ་ཚད་ལེན། ཉེན་བརྡ་སྔོན་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་། གཏེར་རི། གཞུང་ལམ་འགྲིམ་འགྲུལ། མེ་གསོད་སོགས་ལས་གནས་གལ་ཆེན་ཁྱབ་ཁོངས་སུ་བདེ་འཇགས་ཉེན་ཁ་ལྟ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གནོད་འཚེ་སྣ་མང་དང་མུ་འབྲེལ་གནོད་འཚེའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ནུས་པ་མཐོ་རུ་གཏོང་དགོས། འཕྲལ་སྒྲུབ་ཇུས་གཞིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྒྲུབ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱེད་དགོས། གནད་འཕིགས་བཅོས་སྐྱོང་ལག་བསྟར་བྱེད་དགོས་པ་དང་། ཉེན་བརྡ་ཁྱབ་བསྒྲགས་གནད་ལ་འཕིགས་པ། ཉེན་འགོག་གནོད་སེལ་གནད་ལ་འཕིགས་པ། སླར་གསོ་བསྐྱར་སྐྲུན་གནད་ལ་འཕིགས་པ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱ་རྒྱུ་བཅས་གནད་ལ་འཕིགས་པ་བྱེད་དགོས། ཁྲིམས་ལྟར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་འཕྲུལ་སྒྲུབ་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འཕྲལ་སྒྲུབ་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་བཟོ་བཅོས་རྒྱག་པ། དུས་ཚོད་དམ་འཛིན་གྱིས་འཕྲལ་སྒྲུབ་དོ་དམ་དང་། རང་བྱུང་གནོད་འཚེ་འགོག་བཅོས། འཕྲལ་སྒྲུབ་མྱུར་སྐྱོབ་སྒྲིག་འཛུགས། རྒྱལ་ཁབ་མེ་གསོད་མྱུར་སྐྱོབ་མི་སྣ། ཉེན་ཁའི་རྫས་འགྱུར་སོགས་ཐོན་རྫས་བཅས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཞིབ་འཇུག་དང་གཏན་འབེབས་བཟོ་དགོས། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་གྱི་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་དམངས་ཀྱི་བདེ་འཇགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་འཇགས་དྲིལ་བསྒྲགས་དེ་ཁེ་ལས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ། ཁྱིམ་ཚང་བཅས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཕན་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། བདེ་འཇགས་ཀྱི་ཤེས་བྱ་ཁྱབ་བརྡལ་གཏོང་བ། བདེ་འཇགས་ཀྱི་རིག་གནས་གསོ་སྐྱོང་བྱེད་པ། རྒྱུན་རྣམ་ཅན་གྱི་འཕྲལ་སྒྲུབ་ཁ་འགྲེམ་ནང་སྦྱོང་སྤེལ་ནས། སྡེ་ཁུལ་གྱི་སྡོད་དམངས་སྣེ་ཁྲིད་བྱས་ཏེ་གནོད་མེད་རྐྱེན་ངན་ལྟ་བཤེར་དང་བཅོས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། བདེ་འཇགས་ཉེན་ཁའི་དྲ་སྦྲེལ་ཅན་གྱི་དོ་དམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གནོད་འཚེ་འགོག་པ་དང་། གནོད་འཚེ་ཉུང་དུ་གཏོང་བ། གནོད་འཚེ་མྱུར་སྐྱོབ་བྱེད་པ་བཅས་ཀྱི་མི་དམངས་ཀྱི་མཐའ་ཐིག་བརྟན་པོ་འཛུགས་དགོས་ཞེས་སྟོན་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས། ཆེད་ལས་དང་རྒྱུན་ལྡན་གཅིག་ལྕོགས་དང་། ལན་ཆ་མགྱོགས་པ། སྤྱོད་ཚུལ་ལེགས་པ། འཇོན་ཐང་ཆེ་བ་བཅས་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག་ཞིག་འཛུགས་དགོས། བྱ་ཐབས་སྣ་ཚོགས་བཟུང་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་ཆེད་ལས་དཔུང་ཁག་དང་དང་བླངས་པའི་དཔུང་ཁག་ཕན་ཚུན་ཟུང་འབྲེལ། མཉམ་དུ་སྦྱོང་བརྡར་བྱེད་པ་དང་། རོགས་སྐྱོབ་མཉམ་ལས་སྒྲིག་འཛུགས་སོགས་བྱ་ཐབས་བཟུང་ནས། ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག་གི་དམག་འཐབ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གང་མགྱོགས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་བཏང་ཐོག རིགས་ཁག་གི་གནོད་འཚེ་དང་དོན་རྐྱེན་གྱི་རོགས་སྐྱོབ་ནུས་པ་མཐོ་རུ་གཏོང་དགོས། གྲངས་ཚད་ཉུང་ཞིང་སྤུས་ཁ་ལེགས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འཇོན་ཐང་དང་སྟོབས་ཤུགས་ཆེ་རུ་གཏོང་བ། ཐག་ཉེ་སར་བཀོད་སྒྲིག་བྱེད་པ་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། གོ་རིམ་ལྡན་པའི་ངང་རོགས་སྐྱོབ་བྱེད་པ་བཅས་ཀྱི་རྩ་དོན་ལྟར་ས་ཁོངས་འཕྲལ་སྒྲུབ་རོགས་སྐྱོབ་ལྟེ་གནས་སྐྲུན་དགོས། མཁའ་འགྲུལ་གྱི་འཕྲལ་སྒྲུབ་རོགས་སྐྱོབ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་མཁའ་ཐོག་བར་ཁམས་འགན་ལེན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། མྱུར་བགྲོད་མེ་འཁོར་གྱི་བཟང་ཆ་བེད་སྤྱད་ནས་སྟོབས་ཤུགས་མགྱོགས་མྱུར་སྐྱེལ་འདྲེན་བྱེད་པའི་མ་ལག་འཛུགས་དགོས། དཔུང་ཁག་གི་བཀོད་འདོམས་སྒྲིག་གཞིའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྒྲུབ་དོ་དམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་དྲག་བྱེད་པ། འཕྲལ་སྒྲུབ་དོ་དམ་གྱི་རིག་པའི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
            ཞི་ཅིན་ཕིང་གིས། འཕྲལ་སྒྲུབ་དོ་དམ་སྒྲིག་ཆས་ཀྱི་ལག་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིགས་ཁག་གི་ཚན་རྩལ་ཐོན་ཁུངས་ལེགས་བཅོས་བྱེད་པ་དང་ཟླ་སྒྲིལ་གཏོང་བ། འཕྲལ་སྒྲུབ་དོ་དམ་ཚན་རྩལ་གྱི་རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ལ་བརྟེན་ནས་འཕྲལ་སྒྲུབ་དོ་དམ་གྱི་ཚན་རིག་ཅན་དང་ཆེད་ལས་ཅན། རིག་ནུས་ཅན། ཞིབ་གཉེར་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོན་ཐོན་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱབ་ནས། གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ལན་ཆ་དང་ཐག་གཅོད་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས། ཚན་རྩལ་ཆ་འཕྲིན་ཅན་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པ་བྱེད་པ་དང་། ཆ་འཕྲིན་ཅན་གྱི་ཐོག་ནས་འཕྲལ་སྒྲུབ་དོ་དམ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་པ་དང་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ། བཀོད་འདོམས་དང་བཀོད་ཇུས་ལ་རོགས་འདེགས་བྱེད་པའི་ནུས་པ། རོགས་སྐྱོབ་ལག་ལེན་ནུས་པ། སྤྱི་ཚོགས་སྐུལ་སློང་ནུས་པ་བཅས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་གཅིག་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་ནས། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཚབས་ཆེའི་རང་བྱུང་གནོད་འཚེ་དང་བདེ་འཇགས་དོན་རྐྱེན་གྱི་བརྟག་དཔྱད་དཔྱད་དཔོགས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགན་གནས་ཡག་པོ་མི་སྲུང་བའི་རྐྱེན་གྱིས་གྱོན་གུན་ཆེན་པོའམ་སྤྱི་ཚོགས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་སྒྲིག་ཁྲིམས་ལྟར་འགན་དཀྲི་བདའ་འདེད་ནན་པོ་གཏོང་དགོས། འཕྲལ་སྒྲུབ་དོ་དམ་ཚན་པའི་ཕྱོགས་བསྡུས་བཟང་ཆ་དང་འབྲེལ་ཡོད་ཚན་པ་ཁག་གི་ཆེད་ལས་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་། འགན་འཁྲི་ཁག་བགོས་གཞིར་བཟུང་རང་སོ་སོའི་འགན་འཁྲི་འཁུར་བ་དང་། སྔོན་འགོག་དང་རོགས་སྐྱོབ་ཀྱི་འགན་འཁྲི་འབྲེལ་མཐུད་ཡག་པོ་བྱས་ནས། འགན་འཁྲི་མཚམས་ཆད་མེད་པ་དང་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
            ཞི་ཅིན་ཕིང་གིས། འཕྲལ་སྒྲུབ་དོ་དམ་ཚན་པས་ལོ་ཧྲིལ་པོའི་ཉིན་གྲངས་365དང་། ཉིན་རེའི་ཆུ་ཚོད་24ཚང་མར་འཕྲལ་སྒྲུབ་ལས་རེས་བྱེད་པ་དང་། འཕྲད་སྲིད་པའི་ཐལ་སྐྱོད་གནས་ཚུལ་དང་འཆི་གསོན་གྱི་ཚོད་གམས་ཐེག་ཐུབ་པ་བྱེད་དགོས། འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་གི་བཀོད་འདོམས་པ་ཡོངས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ལམ་ནན་པོ་སྲུང་བ། ཉེན་ཁར་མི་འཛེམས་པ། དམངས་ཀྱི་ཆེད་དུ་ཡོད་ཚད་ཕུལ་བ་བཅས་བྱས་ཐོག ཏང་དང་མི་དམངས་ནས་ཡིད་ཆེས་ཐོབ་པའི་སྟོབས་ཤུགས་ལ་འགྱུར་བ་བྱེད་དགོས། འཕྲལ་སྒྲུབ་དོ་དམ་ལ་ལས་འགན་ལྗི་བ་དང་། གནོན་ཤུགས་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ཅིང་། འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་ནི་ལེགས་སྐྱེས་འབུལ་མང་ཤོས་དང་། བློས་གཏོང་བྱེད་མང་ཤོས་ཤིག་ཡིན་པས། ཕྱོགས་ཁག་གིས་དཔུང་ཁག་དེར་ཐུགས་འཁུར་དང་རྒྱབ་སྐྱོར་བྱས་ཏེ། ལས་རིགས་ཀྱི་གཟི་བརྗིད་ཚོར་སྣང་དང་ཡིད་འགུག་ནུས་པ་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1