གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༢ཉིན།

༄༅།། ལོ་རྒྱུས་ཀྱི་དཔང་དུ་ཞུགས་པའི་རྒྱལ་རྩེ་རྫོང་།


ལོ་རྒྱུས་རིག་གནས་གཏིང་ཟབ་པས། དུས་རབས་གསར་པར་སྐྱེ་སྟོབས་ལྡན།____ལོ་རྒྱུས་ཀྱི་དཔང་དུ་ཞུགས་པའི་རྒྱལ་རྩེ་རྫོང་།

     བོད་ལྗོངས་སུ་གནའ་བོའི་གྲོང་ཁྱེར་དང་གྲོང་ཚོ་མང་ལ། དེ་དག་ལས་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་པར་མཚོན་པ་དང་། ལྷག་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཁབ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ་སྔ་རྗེས་སུ་ཉམས་གསོ་དང་བསྐྱར་སྐྲུན་གནང་བས་དེང་གི་ཆར་ཡང་ས་མཐོ་འདི་རུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

     རྒྱལ་རྩེ་རྫོང་ནི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་གྱི་མཚན་སྙན་ཐོབ་པའི་གནའ་བོའི་གྲོང་རྡལ་ཞིག་ཡིན། དེ་གར་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་རྗེས་ཤུལ་ཡོད་པ་མ་ཟད། དེ་སྔའི་བོད་ཀྱི་གྲོང་ཁྱེར་གསུམ་པའི་མཚན་སྙན་ཡང་ཡོད། ངོ་མཚར་ཆེ་བའི་དཔལ་འཁོར་ཆོས་སྡེ་དང་། གནའ་ཉམས་དོད་པའི་ཕ་ལྷ་གཞིས་ཀ དཔའ་ཉམས་མངོན་པའི་རྫོང་རིའི་དབྱིན་འགོག་གནའ་ཤུལ་བཅས་ལས་གྲོང་རྡལ་དེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་མངོན་པར་བྱེད་པ་དང་། ལྷག་པར་1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཐེངས་གསུམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་གྱི་མཚན་སྙན་གནང་བས་གནའ་བོའི་གྲོང་རྡལ་དེའི་མཚན་སྙན་ཡང་བོད་ལྗོངས་ནས་རྒྱལ་ཡོངས་དང་། ཐ་ན་འཛམ་གླིང་དུ་གྲགས་ཡོད།

     རྒྱལ་རྩེ་ནི་ཕོ་བྲང་རྒྱལ་མཁར་རྩེའི་བསྡུས་མིང་ཡིན་ཞིང་། ཡར་ཀླུང་གཙང་པོའི་ཡན་ལག་མྱང་ཆུ་གཙང་པོའི་གཡས་ངོས་སུ་གནས་པ་དང་རྫོང་མཁར་བཙུགས་ནས་མི་ལོ་600སོང་ཡོད། ས་གནས་དེ་ནི་དེ་སྔ་ས་སྐྱ་དང་། གྲོ་མོ། འབྲས་ལྗོངས། འབྲུག་ཡུལ་བཅས་ལ་སྐྱོད་སའི་ལམ་མདོར་འཁེལ་བས་ལོ་རྒྱུས་ཐོག་ཚོང་པ་དང་ཡུལ་སྐོར་བ་འདུ་འཛོམས་བྱ་ཡུལ་ཞིག་ཡིན་ལ། ལྷ་ས་དང་གཞིས་རྩེ་གཉིས་ཀྱི་འབྲེལ་ཟམ་དུ་གྱུར་པའི་བོད་ཀྱི་གནས་ཡུལ་གལ་ཆེན་ཞིག་རེད།

     དུས་རབས་14པའི་དུས་འགོར་བསྐྲུན་པའི་རྫོང་རིའི་མཁར་རྫོང་ནི་ས་བབ་མཐོ་ཚད་སྤྱི་ཁྲེ་4181ཡོད་པའི་རྫོང་རིའི་ཐོག་ཆགས་ཡོད་ཅིང་། མཁར་རྫོང་ནང་རྫོང་གི་གཞུང་ལས་སྒྲུབ་ས་དང་། མཆོད་ཁང་། ལྷ་ཁང་དང་མཛོད་ཁང་སོགས་ཡང་འདུག གཟར་ཚད་ཆེ་བའི་རྡོ་སྐས་བརྒྱུད་ནས་རྩེ་མོར་འཛེགས་ཆོག་པ་དང་མཁར་རྫོང་ཧྲིལ་པོ་གྱང་གིས་བསྐོར་ཡོད་ལ། གྱང་གི་ནང་ངོས་སུ་མཆོད་རྟེན་དཀར་པོ་དང་ཚོས་གཞི་སྣུམ་པའི་ལྷ་ཁང་ཡང་ཡོད། མཁར་རྫོང་གི་གྱང་མཐུག་ལ་མཐོ་བ་དང་། སྒེའུ་ཁུང་ཧ་ཅང་ཆུང་ཆུང་བཟོས་ཡོད། མཁར་རྫོང་གི་རྩེ་མོར་འཛེགས་ན་ཕྱོགས་བཞི་མཚམས་བརྒྱད་མཐོང་ཐུབ་པས་སོ་ལྟ་བྱ་ཡུལ་ལེགས་པོ་ཞིག་རེད། ད་ཆ་མཁར་རྫོང་དེར་ཡོད་པའི་མངོན་གསལ་དོད་ཤོས་ནི་མེ་སྒྱོགས་འཇོག་སྟེགས་ཀྱི་རྗེས་ཤུལ་དང་། མདེའུ་ཕོག་ཤུལ་གྱིས་ཁེངས་པའི་གྱང་རོ། དབྱིན་འགོག་བཀོད་འདོམས་པུའུ་ཡི་སྡོད་གནས་བཅས་ཡོད་ཅིང་། དེང་འདིར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་དང་། བོད་ཀྱི་གནའ་བོའི་མཁར་རྫོང་བཟོ་སྐྲུན་གྱི་ཡུལ་སྐོར་བྱེད་གནས་གལ་ཆེན་ཞིག་ཡིན།
     མི་རྣམས་གཙང་ཁུལ་དུ་སྐྱོད་སྐབས། དགོན་པའི་ནང་མཆོད་རྟེན་ཡོད་པ་དང་། མཆོད་རྟེན་གྱི་ཁྲོད་དུ་དགོན་པ་གནས་ཤིང་། དགོན་པ་དང་མཆོད་རྟེན་གཅིག་ལ་གཅིག་རྟེན་དུ་གནས་པའི་རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་མི་མཇལ་ཐབས་མེད་ཡིན་ཅིང་། སྐུ་འབུམ་ཆེ་མོ་བཀྲ་ཤིས་སྒོ་མང་མཆོད་རྟེན་དེ་ནི་རྒྱལ་རྩེའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་སོ་དགུ་སྟེ། སྤྱི་ལོ་1427ལོར་ཡུམ་གྱི་དགོངས་རྫོགས་སུ་དམིགས་ནས་ཐོག་མའི་རྨང་བཏིང་ནས་བསྐྲུན་པ་ཞིག་ཡིན་པ་དང་། མཐོ་ཚད་ལ་སྤྱི་ཁྲེ་32ཡོད་པའི་བང་རིམ་བུམ་པ་དང་བཅས་བརྗིད་ཉམས་ཀྱིས་ཕྱུག་ཅིང་། ལྷ་ཁང་77དང་། སྒོ་108 སྐུ་འབུམ་དང་ལྡན་པའི་མཆོད་རྟེན་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་ལ། ད་བར་སྲུང་སྐྱོབ་ལེགས་ཤོས་བྱུང་བའི་མཆོད་རྟེན་གྱི་རྒྱལ་པོ་ལྟ་བུ་ཞིག་ཀྱང་རེད།

     ཕ་ལྷ་གཞིས་ཀ་ནི་བོད་ཀྱི་སྐུ་དྲག་ཆེ་ཁག་ཕ་ལྷ་ཁྱིམ་རྒྱུད་ཀྱི་མ་གཞིས་ཡིན་ཞིང་། མིང་ཆ་ཚང་ལ་ཕ་ཇོ་ལྷ་ཁང་ཟེར་གྱི་ཡོད། དེ་རྒྱལ་རྩེ་རྫོང་གྲོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་2ཀྱི་སར་གནས་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ་5357ཡོད་པ་རེད། 1994ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕ་ལྷ་གཞིས་ཀ་ལྗོངས་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བཞག་པ་དང་། 1996ལོར་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས། 2012ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད། ཕ་ལྷ་གཞིས་ཀ་ནི་མིག་སྔར་སྲུང་སྐྱོབ་ལེགས་ཤོས་བྱུང་བའི་སྐུ་དྲག་གི་གཞིས་ཀ་ཞིག་ཡིན་པས། རྩ་བའི་ཆ་ནས་དེ་སྔའི་རྣམ་པ་རང་སོར་གནས་ཡོད། ཕ་ལྷ་གཞིས་ཀ་གནས་ཡུལ་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ཡང་གནའ་ཉམས་དོད་ལ་ཡུལ་གྱི་བཀོད་པ་ལེགས་པ་དང་དེང་རབས་ཀྱི་ཉམས་འགྱུར་ཟབ་པས། 2015ལོར་རྒྱལ་ཁབ་ནས་བོད་ཀྱི་དེང་རབས་གྲོང་གསར་གྱི་མཚན་སྙན་གནང་ཡོད།

     རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་4020ཙམ་གྱི་སར་ཆགས་པའི་རྒྱལ་རྩེ་ནི་ལོ་རྒྱུས་ཐོག་ཚོང་ལས་དར་ཁུལ་ཞིག་ཡིན་པ་མ་ཟད། མི་རིགས་ལག་ཤེས་བཟོ་ལས་དར་ཁྱབ་ཆེན་པོ་ཡོད་པའི་ཁྲོད། རྒྱལ་རྩེའི་བོད་རུམ་ནི་འཛམ་གླིང་གི་གྲགས་ཅན་རུམ་གྱི་ཐོན་རྫས་གསུམ་གྱི་ཡ་གྱལ་ཞིག་རེད། ད་དུང་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྟ་རྒྱུག་མདའ་འཕེན་གཙོ་བོར་བྱེད་པའི་རྒྱལ་རྩེའི་མདའ་མང་ནི། དེ་བས་མིང་གྲགས་ཆེ་ལ་ངོ་མཚར་ཅན་གྱི་དུས་ཆེན་ཞིག་རེད། དེས་མ་ཚད་རྒྱལ་རྩེར་ལྷ་མོ་དང་ཞབས་བྲོའི་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པོ་ཡོད།

     གཙང་གཞུང་མྱང་སྟོད་དུ་ཆགས་པའི་རྒྱལ་རྩེའི་གནའ་ཤུལ་རིག་དངོས་མང་ལ་མི་རྣམས་ཀྱི་ཡུལ་སྲོལ་བཟང་པོར་གནས་པས། མ་ཡུམ་གངས་ལྗོངས་ཀྱི་ས་གཞི་ཆེན་མོའི་ཐོག ས་གནས་ཀྱི་ཁྱད་ཆོས་ཟབ་པ་དང་། མི་རིགས་ཀྱི་ཉམས་སྣང་དོད་ཅིང་། འཇིག་རྟེན་སྐྱེ་རྒུའི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པ་ཞིག་ཡོད། 2014ལོར་རྒྱལ་རྩེ་རྫོང་ཀྲུང་གོའི་རྫོང་མཛེས་ཤོས་ཀྱི་གྲས་སུ་ཚུད་པ་དང་། དེ་ནི་གནའ་གྲོང་དེ་དེང་རབས་ཕྱོགས་སུ་སྐྱོད་ནས་མུ་མཐུད་དུས་རབས་ཀྱི་གནས་བབ་འདོན་སྤེལ་བྱེད་པའི་མཚོན་ཚུལ་གང་ལེགས་ཤིག་རེད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1