༄༅།། བྱིས་པའི་མིག་ཟུང་རྒྱང་སྒྲིབ་སྔོན་འགོག་ཅི་ལྟར་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-02



        ལོ་ཆུང་བྱིས་པའི་མིག་ཟུང་རྒྱང་སྒྲིབ་སྔོན་འགོག་བྱེད་པར་སྤྱི་ཚོགས་དང་ཁྱིམ་ཚང་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་དགོས།
        རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྤེལ་བའི་གསར་འགྱུར་ཚོགས་འདུའི་སྟེང་། ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སི་ཡིས་བསྟན་དོན། 2018ལོའི་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་ནི་བརྒྱ་ཆའི་53.6སླེབས་ཡོད་པ་དང་། དེའི་ནང་ལོ་6ཅན་གྱི་བྱིས་པ་དང་སློབ་ཆུང་སློབ་མ། དམའ་འབྲིང་སློབ་མ། མཐོ་འབྲིང་སློབ་མ་སོ་སོའི་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་དེ་བརྒྱ་ཆའི་14.5དང་36དང་71.6དང་81བཅས་རེད། ཞིང་ཆེན་15ཡི་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་ཞིང་ཆེན་24ཡི་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་དེ་བརྒྱ་ཆའི་50ལ་བརྒལ་ཡོད།

       མིག་སྔར་ལོ་ཆུང་བྱིས་པར་རྒྱང་སྒྲིབ་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཆེད། སློབ་གསོ་པུའུ་སོགས་རྒྱལ་ཁབ་སྡེ་ཁག་དགུ་ཡིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་ཐབས“སུམ་ཅུ”གཏན་འབེབས་བྱས་པ་འགྲེམས་སྤེལ་བྱས་ཏེ་རྒྱང་སྒྲིབ་སྔོན་འགོག་ལ་ཚོད་འཛིན་དང་རྩ་བའི་ནད་འབྱུང་སྔོན་འགོག་བྱས་པ་དང་། དེ་དང་ཆབས་ཅིག་སློབ་གསོ་པུའུ་ཡིས་སློབ་མའི་མིག་ཤེད་བདེ་ཐང་གི་གནས་ཚུལ་ལ་སྐབས་བསྟུན་ཞིབ་བཤེར་བྱ་རྒྱུ་དེ《རྒྱལ་ཁབ་སློབ་མའི་གཟུགས་གཞི་བདེ་ཐང་གི་ཚད་གཞིའི》ལོ་འཁོར་གྱི་ཚོད་ལྟའི་ཞིབ་བཤེར་བསྐྱར་ཞིབ་རྣམ་གྲངས་ཁྲོད་འཇུག་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་2018ལོའི་ས་གནས་ཁག་ཏུ་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་ཞིབ་བཤེར་གཏན་འབེབས་བྱས་ནས་ཞིང་ཆེན་སོ་སོས་རྒྱང་སྒྲིབ་ཀྱི་ནད་ཕོག་ཚད་དེ་ལོ་རེར་བརྒྱ་ཆའི0.5ནས1བར་ཇེ་ཉུང་དུ་འགྲོ་དགོས་པའི་དམིགས་འབེན་བཏོན་པ་དང་། ད་ལོའི་ཟླ་12བར་ཞིང་ཆེན་སོ་སོར་ཞིབ་བཤེར་ཚད་འཇལ་བྱ་རྒྱུ་རེད།  
       རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་དང་ཐ་ན་ལོ་ཆུང་བྱིས་པའི་གཟུགས་གཞིའི་ལུས་སྟོབས་མཐོ་རུ་གཏོང་བར“རྒྱལ་ཁབ་ཀྱི་འགུལ་སྐྱོད”དགོས་པ་མ་ཟད། ལྷག་པར་དུ་སྤྱི་ཚོགས་སོ་སོས་ཧུར་ཐག་གིས་དང་ལེན་དང་གཞོགས་འདེགས་བྱེད་དགོས་པ་དང་ཁྱིམ་ཚང་དང་ཁྱིམ་བདག་གིས་རང་རྟོགས་ངང་འབད་བརྩོན་བྱེད་དགོས། ཕྲུ་གུ་ཕྱི་རོལ་ནས་ལུས་རྩལ་སྦྱོང་བརྡར་བྱེད་པར་རྩ་འཛུགས་བྱེད་པ་དང་། སྦྱོང་བརྡར་ཁོར་ཡུག་བཟང་བོ་བསྐྲུན་པ། ལུས་རྩལ་སྦྱོང་ཡུལ་གྱི་ར་བ་མཁོ་འདོན་བྱེད་པ་དང་དེ་ལ་ཆ་རྐྱེན་བསྐྲུན་པ། ཁྱིམ་ཚང་གིས་བྱིས་པར་གློག་རྡུལ་གློག་བརྙན་སོགས་སྟོན་པའི་སྒྲིག་ཆས་མཁོ་འདོན་བྱ་རྒྱུ་ཇེ་ཉུང་དུ་གཏོང་དགོས་པ་མ་ཟད། ལུས་རྩལ་ཡོ་བྱད་མང་ཙམ་བསྒྲིགས་དགོས་པ། ཁྱིམ་བདག་ཚོས་བྱིས་པའི་སློབ་གསོའི་ཐད་ཀྱི་སེམས་ཁྲལ་ཇེ་ཉུང་དུ་གཏོང་དགོས་པ། སློབ་སྦྱོང་ལ་སེམས་ཁུར་བྱེད་པའི་ཁྲོད་ཕྲུ་གུའི་མིག་ཤེལ་གོན་པ་དང་གཟུགས་པོའི་བདེ་ཐང་ལའང་མཐོང་ཆེན་བྱེད་དགོས་པས། ཕྲུ་གུ་ཚོ་ཕྱི་རོལ་དུ་སོང་སྟེ་རྩེད་འཇོ་ལ་རོལ་བར་སྐུལ་ལྕག་བྱེད་པ་ནི་ངེས་དོན་གྱི་བྱིས་པའི་མིག་ཟུང་ལ་གཅེས་སྐྱོང་ཡག་པོ་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན།

       མིག་ཟུང་གི་རྒྱང་སྒྲིབ་ནད་སྔོན་འགོག་བྱེད་པར་འོད་སྔོན་མིག་ཤེལ་དང་མིག་སྲུང་གློག་སྒྲོན་ལ་རྨོངས་དད་བྱེད་མི་དགོས།
       གཞོན་ནུ་ལོ་ཆུང་གི་མིག་ཟུང་རྒྱང་སྒྲིབ་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་ཐོབ་ཡོད། ང་ཚོས་ཤེས་གསལ་ལྟར། འོད་སྔོན་པོས་མིའི་མིག་ལ་གནོད་པ་བཟོ་སྲིད། འོ་ན་ཁྲོམ་རའི་ཐོག་དར་རྒྱུག་ཆེ་བའི་འོད་སྔོན་འགོག་པའི་མིག་ཤེལ་དང་། འོད་སྔོན་མེད་པའི་མིག་སྲུང་གློག་སྒྲོན་གྱིས་རྒྱང་སྒྲིབ་ནད་སྔོན་འགོག་བྱེད་པར་ཕན་པ་བསྐྲུན་ཐུབ་བམ།

       མིག་སྔར་ཁྲོམ་རའི་ཐོག་འཚོང་བཞིན་པའི“འོད་སྔོན་པོ་དང་ལྡེམ་འོད་མེད་པའི”མིག་སྲུང་གློག་སྒྲོན་ལ་ཆེད་མཁས་པས་དེ་རིགས་ཀྱི་དྲིལ་བསྒྲགས་སྐད་ཆ་ལ་གནད་དོན་འདུག་ཅེས་བཤད། འོད་སྔོན་པོ་མེད་པར་བཟོ་བ་ནི་དགོས་པ་མེད་པ་ཞིག་ཡིན་ཏེ། འོད་སྔོན་པོ་ནི་རང་བྱུང་འོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འོད་སྔོན་པོ་ལ་དེ་འདྲའི་གནོད་པ་མེད་པས་རྩ་བ་ནས་མེད་པར་བཟོ་དགོས་པ་ཞིག་མིན། གཙོ་བོ་ཚད་ལས་མ་བརྒལ་ན་རུང་། ཁྱིམ་བདག་གིས་བྱིས་པར་འོད་སྔོན་འགོག་པའི་མིག་ཤེལ་གྱོན་དུ་བཅུག་པ་དེས་དེ་ལས་ལྡོག་སྟེ་སྣ་མང་ཕུན་སུམ་ཚོགས་པའི་མཐོང་ཚོར་གྱི་འཇིག་རྟེན་ལ་ནོར་འཁྲུལ་བྱུང་དུ་འཇུག་སྲིད་པས་དགོས་པ་མེད་དོ། མིག་ཤེད་ལ་སྲུང་སྐྱོང་བྱ་རྒྱུ་དེ་འོད་ཁུངས་ཡག་པོ་སྤྱོད་པ། འོད་ཡག་དག་པར་སྤྱོད་པ་དང་དུས་མཚུངས་སུ་ཉིན་ལྟར་ཆུ་ཚོད་2ཡན་ལ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པ་དང་། མིག་ཟུང་དང་བར་ཐག་ཉེ་བའི་ལས་ཀ་སྐར་མ་20བྱས་རྗེས་མགོ་བོ་བཏེགས་ནས་རྒྱང་རིང་ཕྱོགས་ལ་སྐར་ཆ20བལྟས་ཏེ་མིག་གི་ངལ་དུབ་གསོ་དགོས་པ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1