དེང་རབས་འཕྲུལ་ཆས་འཁོར་ཙམ་གྱིས།། ས་ཕྱོགས་ཀུན་ལ་དྲི་ངད་ལྡང་།།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-02



      དྲོད་ཀྱིས་གཏམས་ཤིང་དྲི་ངད་ལྡང་ལ། དྭངས་གཙང་གསེར་མདོག་གི་རང་བཞིན་འཛིན་པའི་འབྲུ་སྣུམ་དེང་རབས་འཕྲུལ་ཆས་ཀྱི་གསེང་ནས་བར་མེད་འབབ་དུས། དགུན་ཟླ་འགོ་མའི་ཙག་རླུང་ཇི་འདྲ་རྒོད་ཀྱང་། མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོའི་དཔལ་སྐྱིད་སྨད་མ་སྡེ་བའི་སྡེ་དམངས་རྣམས་ཀྱི་སེམས་སུ་དབྱར་ཟླ་དྲུག་པའི་དྲོད་ཁོལ་འཁྱིལ་ཡོད། ཁོ་ཚོའི་གདོང་གི་འཛུམ་མདངས་དེས་དགའ་བའི་དགའ་སྤྲོ་ཡོངས་སུ་མངོན་འདུག་ཅིང་། དེང་རབས་འཕྲུལ་ཆས་འཁོར་ཙམ་གྱིས། །ས་ཕྱོགས་ཀུན་ལ་དྲི་ངད་ལྡང་། །ཞེས་སྣུམ་བཙིར་བར་ཡོང་བའི་སྡེ་དམངས་རྣམས་ཀྱིས་གསར་འགོད་པར་བཤད།
      སྣུམ་འཚག་ཁང་དུ་སྣུམ་བཙིར་བའི་མགོ་བརྩམས་པ་ནས་བཟུང་། སྡེ་བ་ཧྲིལ་བོ་འབྲུ་སྣུམ་གྱི་དྲི་ངད་ཀྱིས་ཁེངས་ཡོད། དེའི་ཡར་སྔོན་དུ། སྣུམ་བཙིར་རན་ལ་སླེབས་དུས། སྡེ་དམངས་རྣམས་ཀྱིས་དེ་ལ་སེམས་ཁྲལ་ཆེན་པོ་བྱེད་པ་རེད། ཐག་ཉེ་ས་ན་ཡོད་པའི་སྣུམ་འཚག་ཁང་དུ་མི་མང་པ་དང་། ནུས་ཕྱོད་ཆུང་བ། ཐ་ན་གྲལ་རྗེས་མི་ཟིན་པ་སོགས་ཀྱི་གནད་དོན་ལ་ཕྲད་སྲིད་ཅིང་། ཐག་རིང་གི་ས་ཆར་སོང་ན་གླ་ཆ་དང་སྐྱེལ་གླ་དགོས་པས། རྒྱུ་ཚེགས་གཉིས་ཀྱི་དཀའ་ངལ་ལྡན། ཡིན་ན་ཡང་། ད་སྐབས་ཏེ་དབྱང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འོག་ཏུ། ད་ལོར་སྡེ་བའི་ནང་དུ་སྣུམ་འཚག་ཁང་བཙུགས་ཤིང་། རང་སྡེ་དང་ཉེ་འཁོར་གྱི་སྡེ་བའི་སྡེ་དམངས་ཀྱི་སྣུམ་བཙིར་བའི་དཀའ་གནད་སེལ་བར་མ་ཟད། དུས་མཚུངས་སུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འགན་གཙང་ལེན་ཚོང་གཉེར་གླ་དངུལ་ལེན་པའི་བྱེད་ཐབས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལོ་རེར་སྒོར་ཁྲི་2འཕར་སྣོན་བྱེད་ཐུབ་པར་གྱུར།
      དཔལ་སྐྱིད་སྨད་མ་སྡེ་བའི་སྡེ་མི་ཨ་དཔལ་གྱིས་བཤད་རྒྱུར། སྣུམ་འཚག་ཁང་ནི་ང་ཚོའི་སྡེ་བ་ལ་ཏེ་དབྱང་གྲོང་ཁྱེར་གྱིས་རོགས་སྐྱོར་འཛུགས་སྐྲུན་གནང་བ་རེད་ལ། དེས་ང་ཚོ་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་སྟབས་བདེ་མང་པོ་བསྐྲུན་བྱུང་། ད་ནས་བཟུང་ང་ཚོས་རང་སྡེའི་སྣུམ་འཚག་ཁང་དུ་སྣུམ་བཙིར་ཆོག་པས་གཅིག་ནས་སྟབས་བདེ་ལ། གཉིས་སུ་རིན་གོང་ཡང་འོས་ཤིང་འཚམ་པར་མ་ཟད། གསུམ་དུ་འཕྲུལ་ཆས་ལས་ཐོན་པའི་སྣུམ་དྭངས་ཤིང་གཙང་བ་རེད། དེ་བས་ཏེ་དབྱང་གྲོང་ཁྱེར་གྱི་རོགས་སྐྱོར་འཛུགས་སྐྲུན་ལ་བཀའ་དྲིན་ཆེ་ཟེར།
      སྣུམ་འཚག་ཁང་གི་འགན་ལེན་ཚོང་གཉེར་མཁན་ཧུའུ་ཅེན་གྱིས་གསར་འགོད་པར་བཤད་རྒྱུར། སྣུམ་འཚག་ཁང་ནི་ལོ་རེར་གླ་དངུལ་ལ་སྒོར་ཁྲི་2བྱིན་ཏེ་གླས་པ་ཡིན་ཞིང་། ལོ་ལྔ་ལ་འགན་ལེན་བྱས་ཏེ་གླས་ཡོད། མང་ཚོགས་སྣུམ་བཙིར་དུ་ཡོང་ན་སྣུམ་སྙིགས་རང་ལ་དགོས་ན། རྒྱ་མ་གང་རེར་སྒོར་ཟུར་དྲུག་གི་ལས་སྣོན་གླ་ཆ་བླངས་ཤིང་། སྣུམ་སྙིགས་མི་དགོས་ན་རིན་མེད་དུ་ལས་སྣོན་བྱེད་པ་རེད། སྣུམ་འཚག་ཁང་འདི་བཙུགས་པ་ནས་བཟུང་སྟེ། མང་ཚོགས་རྣམས་ལ་ཕན་བདེ་མང་པོ་བསྐྲུན་ཡོད་ཟེར།
      དཔལ་སྐྱིད་སྨད་མ་སྡེ་བས་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་སྔར་བས་རྒྱ་བསྐྱེད་དང་སྐྱེད་པ་འདི་ནི། མཛོད་དགེ་རྫོང་གིས་འཕེལ་རྒྱས་དཀའ་གནད་འབུར་དུ་བཟུང་བའི་ལས་ཀའི་བགྲོད་རིམ་གྱི་བསྡུས་གཟུགས་ཤིག་རེད། མཛོད་དགེ་རྫོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་གཙོའི་སློབ་གསོ་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བ་རྒྱུན་འཁྱོངས་དང་། གནད་དོན་ཇི་ལྟ་མང་ན། ཐབས་ཤེས་དེ་བས་མང་བའི་གདམས་པ་འདི་ནི་རྫོང་འདིའི་ལས་བཟོ་བ་དང་ཁེ་ལས་པའི་འགན་འཁྲི་ཤིག་དང་འདུ་ཤེས་ཤིག་ཏུ་ཆགས་འདུག འདི་ལྟ་བུའི་དོན་དངོས་དང་འཚམ་པའི་བརྗོད་གཙོའི་སློབ་གསོས་ནུས་ལྡན་ངང་དམངས་ཕྱུག་སྡེ་དྲག་གི་འཁོར་ལོ་བསྐོར་བར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཡང་གསོན་ཤུགས་བསྩལ་ཏེ། སྡེ་དམངས་རྣམས་ལ་སྔར་ལས་ཕུན་སུམ་ཚོགས་པའི་བདེ་སྣང་དང་ཐོབ་སྣང་ཡང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1