པེ་ཅིང་གི་APECཡི་དབུ་ཁྲིད་མི་སྣའི་གཟའ་འཁོར་གཅིག་རིང་གི་གྲོས་ཚོགས་དེ་དེ་རིང་འཚོགས་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


སྤྱི་ཟླ་11པའི་ཚེས་5ཉིན། 2014ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་འགོ་ཁྲིད་མི་སྣའི་གཟའ་འཁོར་གཅིག་རིང་གི་གྲོས་ཚོགས་དེ་དངོས་སུ་འཚོགས་འགོ་བརྩམས།  ཐེངས་འདིའི་APECཡི་གཟའ་འཁོར་གཅིག་རིང་གི་གྲོས་ཚོགས་གྱི་བྱེད་སྒོ་ཁག་ནི་གཤམ་གསལ་ལྟར་ཡིན། སྤྱི་ཟླ་11པའི་ཚེས་5ནས་ཚེས་6བར་དུ། ད་ལོའི་ཆེས་མཇུག་མཐའི་མཐོ་རིམ་འགོ་ཁྲིད་ཀྱི་གྲོས་ཚོགས་འཚོག་རྒྱུ་ཡིན་པ་དང་། ཚེས་7ནས་ཚེས་8བར་དུ། APECཡི་སྐབས་26པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོག་རྒྱུ་རེད། ཚེས་10ནས་ཚེས་11བར་དུ། APECཡི་ཐེངས་22པའི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་འཚོག་རྒྱུ་དང་། གཟའ་འཁོར་གཅིག་རིང་གི་གྲོས་ཚོགས་འཚོགས་པའི་སྐབས་སུ་ད་རུང་APECཡི་བཟོ་ཚོང་འགོ་ཁྲིད་མི་སྣའི་རྩེ་འཛོམས་འཚོག་རྒྱུ་རེད། APECཡི་འགོ་ཁྲིད་མི་སྣ་དང་བཟོ་ཚོང་འདྲི་རྟོག་ལས་འཛིན་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་གླེང་མོལ་ཚོགས་འདུ་སོགས་བཟོ་ཚོང་ལས་རིགས་ཀྱི་བྱེད་སྒོ་དང་འགོ་ཁྲིད་མི་སྣའི་བར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་འདུག

ད་ལོ་ནི་APECབཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཡིན་ལ། ཀྲུང་གོས་ལོ་ངོ་13འགོར་རྗེས་ཡང་བསྐྱར་APECགྲོས་ཚོགས་འཚོགས་པའི་ལོ་ཡང་ཡིན། ལོ་ངོ་13པོ་འདི་ནི་ཀྲུང་གོའི་སྟོབས་ཤུགས་མགྱོགས་མྱུར་ངང་འཕེལ་བའི་དུས་སྐབས་ཤིག་ཡིན་པ་མ་ཟད། ཀྲུང་གོ་རིམ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ལ་ཞུགས་ཏེ། དེའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་བའི་ལོ་ཡང་ཡིན། 2001ལོར་ཧྲང་ཧའེ་ནས་APECགྲོས་ཚོགས་འཚོགས་ཤིང་། སྐབས་དེར་ཀྲུང་གོའི་GDPའཇར་པན་གྱི་ཕྱེད་ཙམ་ལས་ཟིན་གྱི་མེད། འོན་ཀྱང་ལོ་ངོ་13འགོར་རྗེས་ཀྱི་དེ་རིང་། ཀྲུང་གོ་འཇར་པན་ལས་རྣམ་པར་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་མ་ལག་ཆེ་ཤོས་ཨང་གཉིས་པར་གྱུར་ཡོད། དེར་བརྟེན། APECགྲོས་ཚོགས་སླར་ཡང་ཀྲུང་གོ་ནས་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་རྣམ་པ་དང་ནང་དོན་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པས། ལོ་ངོ་13སྔོན་གྱི་གྲོས་ཚོགས་དང་བསྡུར་ཐབས་མེད་པ་ཞིག་ཡིན་པར་ཐེ་ཚོམ་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1