གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༥ཉིན།

ཀོང་ཏུང་ཞིང་ཆེན་གྱིས་གསེར་ཐར་རྫོང་དུ་དབུལ་ཐར་འགག་སྒྲོལ་ཐད་རྟོག་ཞིབ་བྱས།


    ཉེ་ཆར། ཀོང་ཏུང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའང་ཅེན་གིས་ལས་སྒྲུབ་རུ་ཁག་ཁྲིད་ནས་གསེར་ཐར་རྫོང་ཤར་ནུབ་ས་ཁུལ་དབུལ་སྐྱོར་མཐུན་སྦྱོར་དཔྱད་ཞིབ་ཚོ་ཆུང་གི་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཤར་ནུབ་ས་ཁུལ་གྱི་མཐུན་སྦྱོར་རོགས་འདེགས་བྱ་ཡུལ་ཤེལ་གྲུབ་ཡུལ་ཤོག་གི་དྲོད་ཁང་སྔོ་ཚལ་རྨོ་འདེབས་ལྟེ་གནས་དང་ཀོང་ཀྲོའུ་ཡིས་རོགས་འཛུགས་བྱས་པའི་གསེར་ཐར་རེ་བཅོལ་སློབ་གྲྭའི་འཛུགས་སྐྲུན་ཡུལ་དངོས་སུ་རྟོག་ཞིབ་གནང་བས་མ་ཚད། གསེར་ཐར་རྫོང་གི་ལས་སྒྲུབ་སྙན་སེང་ལ་ཉན་འཇོག་བྱས་པ་དང་། འབྱུང་འགྱུར་གྱི་དབུལ་སྐྱོར་ཐབས་ལམ་དང་ལས་སྒྲུབ་བྱེད་ཐབས་སྐོར་ལ་དགོངས་འཆར་བཏོན་པ་རེད།
    ཁུལ་ཨུའི་རྒྱུན་ཨུ།གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧུ་པིའོ་ཡིས་རྟོག་ཞིབ་བྱེད་སའི་ནང་ཞུགས་ཡོད་པ་རེད།
    ལས་སྒྲུབ་རུ་ཁག་གིས་ཤེལ་གྲུབ་ཡུལ་ཚོའི་དྲོད་ཁང་སྔོ་ཚལ་རྨོ་འདེབས་ལྟེ་གནས་སུ་ཕྱིན་པ་དང་། ལིའང་ཀྲུའུ་རེན་གྱིས་སྔོ་ཚལ་རྨོ་འདེབས་ཁང་གི་འཛུགས་སྐྲུན་གནས་ཚུལ་དང་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་རྗེས་མཛུབ་སྟོན་གནང་དོན། གསེར་ཐར་རྫོང་ནི་ས་མཐོའི་ཡུལ་གྲུ་ཡིན་པས་དཀར་མཛེས་ཁུལ་གྱི་ས་ཁུལ་རིམ་པ་དྲུག་ཅན་གྱི་གྲས་སུ་ཡོད་པ་རེད། མང་ཚོགས་ཀྱི་སློབ་གསོ་མྱོང་བའི་ཆུ་ཚད་དམའ་བ་དང་བསམ་བློ་རྗེས་ལུས་ཡིན་པ། ས་ཁམས་ཁོར་ཡུག་དང་མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་ཀྱིས་ཤན་ཤུགས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཅིང་ཤེས་བྱའི་ཆུ་ཚད་དམའ་བས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་ཚོད་འཛིན་ཐེབས་པ་རེད། མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་བསྒྱུར་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་སྐྱེད་གཏང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན་ནས། གསེར་ཐར་རྫོང་གི་དབུལ་ཐར་འགག་སྒྲོལ་དང་ཤར་ནུབ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་བ། དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་གསར་པ་ཧུར་ཐག་གི་འཚོལ་དགོས།
    ཤེལ་གྲུབ་ཡུལ་ཤོག་རུ་སྔོ་ཚལ་རྨོ་འདེབས་དྲོད་ཁང་འཛུགས་སྐྲུན་བྱས་རྗེས་གསེར་བ་ཡུལ་ཤོག་གི་ཡུལ་གྲོང་ལྔ་ཡི་མང་ཚོགས་སྡེ་བ32དང་ཁྱིམ་ཚང2284 ཡི་མི་གྲངས9332ལྷག་གི་ཁྲོད་དབུལ་ཕོངས་སྡེ་བ23དང་ཁྱིམ་ཚང566གི་ནང་མི་གྲངས 2735ལྷག་གི་ཡོང་སྒོ་འཕར་སྣོན་མངོན་གསལ་དོད་པོ་བྱུང་བར་བརྟེན། དབུལ་ཐར་ལམ་བུ་ཐོག་གལ་ཆེའི་གོམ་སྟབས་ཆེན་པོ་ཞིག་སྔོན་དུ་སྤོ་ཐུབ་ཡོད་པ་རེད།
    ལས་སྒྲུབ་རུ་ཁག་ཤེལ་གྲུབ་ཡུལ་ཚོའི་སྔོ་ཚལ་རྨོ་འདེབས་ལྟེ་གནས་དང་བྲལ་རྗེས། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཀོང་ཀྲོའུ་ཡིས་རོགས་འཛུགས་བྱེད་པའི་གསེར་ཐར་རེ་བཅོལ་སློབ་གྲྭར་རྟོག་ཞིབ་གནང་བ་རེད། སྐབས་དེར། ཧུ་པིའོ་ཡིས་ངོ་སྤྲོད་གནང་བ་རེད། ཁོང་གིས་གསེར་ཐར་རྫོང་ནི་དཀར་མཛེས་ཁུལ་གྱི་མཐོ་འབྲིང་མེད་པའི་རྫོང་གྲོང་བཞི་ཡི་གྲས་ཤིག་ཡིན་ལ། སློབ་བྱོལ་ཚོད་འཛིན་གྱི་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན། གསེར་ཐར་རྫོང་གི་སློབ་ལོ་རན་པའི་སློབ་མ་སུམ་སྟོང་ལྷག་གི་འོས་འགན་སློབ་གསོ་དང་ལེན་བྱ་ཐུབ་པར་གྱུར་ཡོད། ཡུལ་གྲོང་ལྟེ་གནས་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་སོགས་སློབ་གསོའི་མཁོ་ཆས་མི་འདང་བའི་དཀའ་ངལ་དུས་ཐོག་ཏུ་འདི་ཐག་གཅོད་བྱ་ཆེད། གསེར་ཐར་རྫོང་གིས་ཀོང་ཀྲོའུ་གྲོང་ཁྱེར་གྱི་རོགས་སྐྱོར་ལ་བརྟེན་ནས་རེ་བཅོལ་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་གཞི་སྤྱི་ལོ2019ལོའི་སྤྱི་ཟླ7པར་ལས་མགོ་བརྩམས་པ་དང་། ད་ལྟ་ལས་གྲྭའི་བརྒྱ་ཆ60ཙམ་གྲུབ་ཟིན། སྔོན་དཔག་བྱས་ན2020ལོའི་སྤྱི་ཟླ10པར་དངོས་སུ་ལེགས་གྲུབ་བྱུང་ནས་བེད་སྤྱོད་ཐུབ་རྒྱུ་རེད། ཀོང་ཀྲོའུ་གསེར་ཐར་རེ་བཅོལ་སློབ་གྲྭ་འཛུགས་སྐྲུན་བྱས་རྗེས། གསེར་ཐར་རྫོང་གི་སློབ་གསོའི་སྒྲིག་བཀོད་མི་འདང་བའི་སྟོང་ཆ་ཁ་སྐོང་བྱས་ཤིང་། གསེར་ཐར་གྱི་འབྱུང་འགྱུར་སློབ་གསོའི་བྱ་བཞག་འཕེལ་རྒྱས་གཏང་བར་རྨང་གཞི་བརྟན་པོར་བཏིང་ཡོད་ཅེས་གསུངས་པ་རེད།
    ལིའང་ཀྲུའུ་རེན་གྱིས་གསུང་དོན། སློབ་གསོའི་བྱ་བཞག་ནི་བྱས་རྗེས་ད་རབས་ལ་བཞག་ཅིང་འབྲས་བུ་རྗེས་རབས་ལ་སྨིན་པའི་ལོ་བརྒྱའི་ལས་གྲྭ་ཞིག་ཡིན། དངོས་སུ་དབུལ་ཐར་ཡོང་བ་དང་དབུལ་ཐར་དག་མ་ཡོང་བའི་གནད་འགག་ནི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་ལ། ནུས་ཤུགས་ཡོད་དགུ་བཏོན་ནས་སློབ་གསོའི་ལས་དོན་གནད་དུ་འཛིན་དགོས། དེ་དང་ཆབས་ཅིག་ཏུ། དབུལ་སྐྱོར་དང་ཤེས་རབ་ཀྱི་སྐྱོར་མ། སྤོབས་པའི་སྐྱོར་མ་བཅས་ཟུང་དུ་སྦྲེལ་ཏེ། དབུལ་ཐར་མངོན་འགྱུར་དང་དབུལ་ཐར་གྲུབ་འབྲས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་བསྟན།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1