ལོ་50རིང་མཚོ་བོད་མཐོ་སྒང་གི་མཚོ་དང་མཚེའུ་རྒྱ་ཆེ་རུ་བསྐྱེད་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-06


ཀྲང་གོ་ཆིང་གིས་གསེར་གླིང་མཚོའི་རྒྱ་ཁྱོན་ལ་འགྱུར་ལྡོག་བྱུང་ཚུལ་ངོ་སྤྲོད་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། ཀྲུང་གོའི་ཚན་རིག་པས་ཉེ་བའི་ལོ་ངོ་50ལ་བར་བརྒལ་ཐུབ་པའི་འཁོར་སྐར་རྒྱང་ཚོར་བེད་སྤྱད་པའི་གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་གསལ། མཚོ་བོད་མཐོ་སྒང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་1ལས་ཆེ་བའི་མཚོ་དང་མཚེའུ་ཡི་གྲངས་ཚད་ནི་དུས་རབས་20པའི་ལོ་རབས་70པའི་1080ནས་2018ལོའི་1424བར་དུ་འཕར་ཡོད། མཚོ་ཡི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་ཁྲི་4ནས་སྨི་གྲུ་བཞི་མ་ཁྲི་5བར་འཕེལ་ཞིང་། རྒྱ་སྐྱེད་ཚད་ནི་མཚོ་སྔོན་པོ་ལྟ་བུ་མཚོ་2མང་དུ་ཕྱིན་པ་དང་མཚུངས། ཞིབ་འཇུག་ལས་མངོན་གསལ། མཚོ་བོད་མཐོ་སྒང་གི་མཚོའི་རྒྱ་ཁྱོན་ནི་མ་འོངས་པར་ད་དུང་སྔར་བཞིན་ཇེ་རྒྱས་སུ་འགྲོ་བའི་རྣམ་པ་ལྡན་ཡོད། 
    ནམ་ཟླའི་འགྱུར་ལྡོག་ཞིབ་འཇུག་ལ་ཧ་ཅང་གལ་ཆེ་བའི་མཚོ་བོད་མཐོ་སྒང་གི་མཚོའི་ཞིབ་འཇུག་གྲུབ་འབྲས་འདི་ནི། ཉེ་ཆར། རིག་གཞུང་དུས་དེབ་གྲགས་ཅན《ཚན་རིག་བརྡ་ཁྱབ》(《Science Bulletin》)ཐོག་ཏུ་སྤེལ་ཡོད། དེ་མཐུན་གྱི་ཚན་རིག་གྲངས་གཞིའང་ཀྲུང་གོའི་རྒྱལ་ཁབ་མཚོ་བོད་མཐོ་སྒང་ཚན་རིག་གྲངས་གཞི་ལྟེ་གནས་སུ་སྤེལ་ནས་མཉམ་རོལ་བྱས་ཡོད། ལས་རིགས་གཅིག་པའི་མཁས་དབང་གིས། ཞིབ་འཇུག་གྲུབ་འབྲས་དེས་མཚོ་བོད་མཐོ་སྒང་གི་དུས་ཡུན་རིང་པོར་འདུས་ཚད་ཆེ་བའི་མཚོའི་འགྱུར་ལྡོག་གྲངས་གཞི་གཅིག་བསྡུས་མཁོ་འདོན་བྱས་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་མཚོ་དང་མཚེའུ་ཡིས་ནམ་ཟླ་དང་འཁྱགས་རོམ་འགྱུར་ལྡོག་ལ་ཐེབས་པའི་ཤུགས་རྐྱེན་རྒྱུས་ལོན་བྱེད་པར་ཕན་པ་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་དང་དོ་དམ། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན། དེ་བཞིན་དུ་ཀྲུང་གོ་མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཕྱོགས་ཀུན་ལ་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་པ་བསྟན། 
     ཟླ་12ཚེས་1ཉིན་མཚོ་བོད་མཐོ་སྒང་གི་མཚོ་ཡི་ཞིབ་འཇུག་གསར་པའི་གྲུབ་འབྲས་དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲུང་གོ་ཆིང་གིས་པེ་ཅིང་གཞུང་ལས་ཁང་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་ངོ་སྤྲོད་བྱས་དོན། མཚོ་ནི་ཆུའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་མ་ཟད། ཆུ་འཁོར་སྐྱོད་ཀྱི་གྲུབ་ཆ་གལ་ཆེན་ཡང་རེད། ནམ་ཟླ་འགྱུར་ལྡོག་ལ་ཚོར་སྣང་སྐྱེན་པོ་ལྡན། མཚོ་བོད་མཐོ་སྒང་གི་མཚོ་ཁྱབ་ཚུལ་ནི་གཅིག་འདུས་ཡིན་ཞིང་། མིའི་རིགས་ཀྱི་བྱེད་སྒོས་ཤུགས་རྐྱེན་ཐེབས་ཚད་ཆུང་བ་དང་། ནམ་ཟླ་འགྱུར་ལྡོག་ཞིབ་འཇུག་གི་ཚད་གཞི་གཙོ་བོ་གཅིག་ཡིན་པ་སྟེ། མཚོ་བོད་མཐོ་སྒང་གི་གནམ་གཤིས་དྲོ་ཞིང་གཤེར་བར་འགྱུར་བའི་གནས་ཚུལ་དུ་མཚོ་དང་མཚེའུ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 
     ཀྲུང་གོ་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་སའོ་ཡི་ཞིབ་འཇུག་རུ་ཁག་གིས་དུས་ཚོད་རིང་པོར་གོ་རིམ་བསྒྲིགས་པའི་ཨ་རིའི་སྐམ་སའི་འཁོར་སྐར་(Landsat)རྒྱང་ཚོར་གྱི་གྲངས་གཞི་བེད་སྤྱད་ནས། མཚོ་བོད་མཐོ་སྒང་གི་ཉེ་བའི་ལོ་50(1970-2018)རིང་ཁྱོན་མཚོ་12ལ་ཞིབ་བཤེར་གྲངས་གཞི་བསྡུ་ལེན་བྱས་པ་རེད། སྨི་གྲུ་བཞི་མ་1ལས་ཆེ་བའི་མཚོའི་གྲངས་ཀ་དང་རྒྱ་ཁྱོན་གྱི་འགྱུར་ལྡོག་ལ་ཞིབ་ཅིང་ཕྲ་བའི་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་ལས། མཚོ་བོད་མཐོ་སྒང་གི་མཚོའི་གྲངས་འབོར་ནི་དུས་རབས་20པའི་ལོ་རབས་70པའི་1080ནས་2018ལོའི་1424བར་འཕར་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་མཚོའི་རྒྱ་ཁྱོན་ཡང་དེ་མཚུངས་སྨི་གྲུ་བཞི་མ་ཁྲི་4ནས་སྨི་གྲུ་བཞི་མ་ཁྲི་5བར་འཕེལ་ཡོད་པ་སྟེ། སྨི་གྲུ་བཞི་མ་ཁྲི་1འཕེལ་ཡོད། དེ་ནི་མཚོ་སྔོན་པོ་ལྟ་བུའི་མཚོ་གཉིས་ཇེ་མང་དུ་གྱུར་བ་དང་མཚུངས། དུས་མཚུངས་སུ། སེར་གླིང་མཚོ་ནི་2001ལོ་ནས་བཟུང་གནམ་མཚོ་ལས་ཆེ་རུ་ཕྱིན་ཡོད་པས། བོད་ལྗོངས་ཀྱི་མཚོ་ཆེན་ཨང་དང་པོར་གྱུར་ཡོད། མཚོ་བོད་མཐོ་སྒང་གི་མཚོའི་འགྱུར་ལྡོག་གི་དཔེ་མཚོན་གྱི་དངོས་དཔེ་དེ་རེད། སེར་གླིང་མཚོའི་རྒྱ་ཁྱོན་ནི་ལོ་50རིང་46%རྒྱ་སྐྱེད་ཡོད། 
     ཀྲང་གོ་ཆིང་གིས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་དོན། མཚོ་བོད་མཐོ་སྒང་གི་མཚོ་ནི་བསྟུད་མར་ཇེ་རྒྱས་སུ་འགྲོ་བ་ཁོ་ན་མ་རེད། 1970ལོ་ནས་1995ལོའི་བར་དུ་མཚོ་མང་ཆེ་བ་ཇེ་ཆུང་དུ་གྱུར་བའི་རྣམ་པ་མངོན་ཡོད་ཀྱང་། 2015ལོར་ཨེར་ཉི་ནོ་དོན་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་མཚོའི་གྲངས་འབོར་དང་རྒྱ་ཁྱོན་ཇེ་ཆུང་དུ་གྱུར་བར་ཕུད། 1995ལོའི་རྗེས་སུ། མཚོ་བོད་མཐོ་སྒང་གི་མཚོའི་གྲངས་ཀ་དང་རྒྱ་ཁྱོན་ནི་སྤྱིའི་ཆ་ནས་མུ་མཐུད་དུ་རྒྱ་སྐྱེད་པའི་རྣམ་པ་མངོན་ཡོད། འབབ་རྒྱུད་ཀྱི་ཆ་ནས་བལྟས་ན། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཕུད་པའི་འབབ་རྒྱུད་གཞན་དག་ཚང་མ་རྒྱ་སྐྱེད་བཞིན་ཡོད། ཞིབ་འཇུག་ལས་ད་དུང་ཤེས་རྟོགས་བྱུང་གསལ། མཚོ་བོད་མཐོ་སྒང་གི་མཚོའི་གྲངས་འབོར་དང་རྒྱ་ཁྱོན་གྱི་འགྱུར་ལྡོག་ནི་སྤྱིའི་ཆ་ནས་འབབ་ཁོངས་སུ་ཆར་ཆུ་འབབ་ཚད་ཀྱི་འགྱུར་ལྡོག་དང་གཅིག་གྱུར་ཡིན་པ་སྟེ། ཆར་འབབ་ཚད་ཇེ་མང་འགྲོ་བ་ནི་ནུབ་རླུང་དང་ཧུན་རྡུ་རྒྱ་མཚོའི་དུས་རླུང་གིས་ཆུ་རྡུལ་འདྲེན་ཚད་དང་ས་གནས་དེ་གའི་ཆུ་འཁོར་སྐྱོད་ཆེ་རུ་འགྲོ་བ་ལས་བྱུང་བ་རེད། མ་འོངས་པའི་ནམ་ཟླའི་རྣམ་པ་སྔོན་བཤེར་ལས་མངོན་གསལ། རྒྱ་སྐྱེད་པའི་རྣམ་པ་འདི་ནི་ཆེས་ཉུང་མཐར་ཡང་2035ལོའི་བར་རྒྱུན་བསྲིངས་རྒྱུ་དང་། གཞན་ཡང་། འཁྱགས་རོམ་ཁུལ་གྱིས་མཚོའི་འགྱུར་ལྡོག་ལ་ཐད་ཀར་རམ་གཞན་བརྒྱུད་ཀྱི་ཤུགས་རྐྱེན་གལ་ཆེན་བཟོ་བཞིན་ཡོད་ལ། མིག་སྔར་ཚད་འབེབས་ཞིབ་འཇུག་ད་དུང་ཅུང་དཀོན་པོ་ཡིན། 
    ཁོང་གིས་བཤད་དོན། གོམ་རིམ་རྗེས་མར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་རུ་ཁག་གིས་ཐེངས་འདིའི་ཞིབ་འཇུག་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག མཚོ་བོད་མཐོ་སྒང་དུ་རིམ་གྱིས་ཁུངས་མང་རྒྱང་ཚོར་གྲངས་གཞི་མཉམ་ལས་ལ་བརྟེན་ནས་མཚོའི་འགྱུར་ལྡོག་ལ་ལྟ་དཔྱད་ཚད་འཇལ་དང་ཆུ་ཚད་དོ་མཉམ་ལ་ཞིབ་འཇུག་བྱ་རྒྱུ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1