གནའ་རབས་གླིང་གི་མཁར་རྫོང་དེ།། དེང་སང་དཀར་མཛེས་རྫོང་དུ་མཇལ།།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-09


གནའ་རབས་གླིང་གི་མཁར་རྫོང་དེ།། དེང་སང་དཀར་མཛེས་རྫོང་དུ་མཇལ།།

གེ་སར་རིག་གནས་བཀའ་དྲིན་ལས།། དབུལ་ཐར་ཕྱུག་འགྱུར་ལམ་མཆོག་རྙེད།།

2019ལོའི་སྤྱི་ཟླ9པའི་ཚེས16ཉིན་ལ་ཁུལ་ཡོངས་སུ་གེ་སར་གྱི་མཚན་མིང་བཏགས་ཤིང་ས་ཁྱོན་དང་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེས་ཆེ་བ། རིག་གནས་སྲུང་སྐྱོང་སྒྲིག་ཆས་ཆེས་ཆ་ཚང་བའི་ཡུལ་སྐོར་རིག་གནས་ཀྱི་གནའ་གྲོང་དང་པོ་སྟེ་གེ་སར་རྒྱལ་པོའི་མཁར་གྲོང་ཡོངས་སུ་གྲུབ་ནས་གྲུབ་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ་བ་རེད། དེ་ནས་བཟུང་གནས་མཆོག་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་དང་ཚོང་དོན་ཟོང་འགྲུལ་ལྟེ་གནས། དམངས་སྲོལ་རིག་གནས་ལྟེ་གནས་གཅིག་འདུས་ཡིན་པའི་དཀར་མཛེས་རྫོང་དུ་གནའ་རབས་གླིང་གི་མཁར་རྫོང་ཞིག་དུས་དང་བར་སྟོང་བརྒྱུས་ནས་འཕོས་པ་ཇི་བཞིན་འཛམ་གླིང་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་ཁྲ་ཚོམ་མེར་བསྟབས།

མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར6དང་བྱེ་བ3བཏང་ཞིང་། རྒྱ་ཁྱོན་བསྡོམས་འབོར་མུའུ1454ཡོད་ལ། ཁང་པ128བསྐྲུན་ཡོད་པའི་ཇུས་འགོད་ཞིབ་ཅིང་ཕྲ་ལ་གཞི་ཁྱོན་རྔམ་བརྗིད་ཆེ་བ། བསྟན་དོན་ཕུན་སུམ་ཚོགས་ཤིང་། དོན་སྙིང་གལ་ཆེན་ལྡན་པའི་རི་ཆུ་དང་ཡུལ་སྐོར། རིག་གནས། དབུལ་སྐྱོར་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འཛོམས་པའི་མཁར་གྲོང་དེ་ལ་ད་རུང་མིང་གཞན་ཞིག་ཡོད་པ་སྟེ་དབུལ་སྐྱོར་གནད་སྨིན་སྡེ་བརྒྱའི་ཐོན་ལས་རྟེན་གཞི་ཞེས་ཟེར་བ་རེད། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་ལེ་ཅན་ཕིང་གིས་དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་གོ་སྐབས་མྱུར་བསྟུན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་དུ་བསྒྱུར་ནས་གྲོང་སྡེ་དབུལ་ཕོངས128ཀྱི་དུད་ཚང་དབུལ་ཕོངས3309ཡི་དབུལ་པོ15376གི་དབུལ་ཐར་འབྱོར་འབྲིང་གི་རེ་འདོད་བཅངས་ཡོད་པའི་དབུལ་སྐྱོར་གནད་སྨིན་སྡེ་བརྒྱའི་ཐོན་ལས་རྟེན་གཞི་སྟེ་གེ་སར་རྒྱལ་པོའི་ཐོན་ལས་མཁར་གྲོང་དེ་དཀར་མཛེས་རྫོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་དར་རྒྱས་ཆེན་པོ་ཡོང་བའི་ཕུགས་འདུན་གྱི་མཁར་གྲོང་མིང་དོན་མཚུངས་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།  ལེ་ཅན་ཕིང་གིས་གསུངས་པ་ལྟར་ད་ལྟ་གེ་སར་རྒྱལ་པོའི་ཐོན་ལས་མཁར་གྲོང་དུ་ལས་རིགས་མི་གཅིག་པ་བཅུ་ཕྲག་ལྷག་དང་ཁྱད་ཆོས་མི་གཅིག་པའི་ཚོང་དུད100ལྷག་འཛོམས་ཡོད་ཅིང་།  དཀར་མཛེས་རྫོང་གི་ཆུ་གཤེར་རྩམ་པ་དང་བོད་ཀྱི་གྲོ་ཕྱེ། བོད་ཟས། ནས་ཆང་དང་ནས་རག    ཞོ་དང་ཕྱུར་བ་སོགས་ཞིམ་དགུ་འཛོམས་པའི་ཟས་མཆོག་མཐོང་རྒྱུ་ཡོད་ལ། འགོ་སྣམ་ལས་བཟོས་པའི་ས་གདན་དང་ཞྭ་མོ། བོད་སྦྲ། མ་ཎི་རྡོ་བརྐོས། བྱེ་སེར་གྱི་ས་རྫ། སྟོང་ཁོག་གི་ཀོ་དམར་སོགས་ལག་བཟོ་སྒྱུ་རྩལ་ཐོན་རྫས་ཁྲ་ཆུང་མིག་ལམ་དུ་མངོན་རྒྱུ་ཡོད་ཅིང་། བེ་ཤ་དང་གླ་བ་ཤ་མོ། དབྱར་རྩྭ་དགུན་འབུ། སྙི་བ་དང་གཡའ་གྲོ་སོགས་སྒང་པ་བོད་དུ་སྐྱེས་པའི་རི་སྐྱེས་ཐོན་རྫས་རྩ་ཆེན་རྣམས་ཀྱང་འཛད་སྤྱོད་པ་ཚོས་མིག་མཐོང་ལག་རེག་བྱེད་ཆོག་པ་རེད། ཐ་ན་ཞིང་འབྲོག་མང་ཚོགས་ཀྱི་དེ་སྔོན་བེད་མེད་དུ་ལུས་པའི་སྲོལ་རྒྱུན་ཞིང་འབྲོག་ལས་ཀྱི་མཁོ་ཆས་རྩག་རྩིག་ཡན་ཆད་མཁར་གྲོང་དེར་ཐོན་དུས་འགྲེམས་རྫས་སུ་གྱུར་ནས་རིན་ཐང་ལྷག་པར་མངོན། ཕྱོགས་བཞི་མཚམས་བརྒྱད་ནས་མེ་ཏོག་སེར་ཆེན་ལ་སྦྲང་འབུའི་ཚོགས་འཁོར་བ་བཞིན་ཡོང་བའི་འགྲུལ་བ་རྣམས་སེང་འབྲུག་སྟག་རྩེ་རྫོང་དང་དཔའ་ཐུལ་སུམ་ཅུའི་རྫོང་། གེ་སར་རིག་གནས་མྱོང་རོལ་བྱེད་ས། གེ་སར་རིག་གནས་དངོས་མང་བཤམས་སྟོན་ཁང་སོགས་ལྗོངས་བཀོད་ཆེ་གྲས་དང་གེ་སར་རྒྱལ་པོའི་གཏམ་རྒྱུད་དང་སྦྱར་བའི་ལྗོངས་བཀོད་ཆུང་གྲས1000ལྷག་ཏུ་ལྟ་སྐོར་དང་མྱོང་རོལ་བྱེད་ཞོར། ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་བྱེད་ཆོག་ཅིང་། ཟས་མཆོག་སྣ་དགུ་ལ་ལོངས་སུ་སྤྱོད་ཆོག་པ་དང་། ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤིག་དྲན་རྟེན་དུ་ཁྱེར་ཆོག་པ་རེད།  

མཁར་གྲོང་དུ་ཞུགས་ནས་གེ་སར་གྱི་སྒྲུང་ལ་ཉན་པ་དང་གླུ་བྲོ་ལ་ལྟ་བཞིན་པའི་ཚེ། ངོ་མ་ལོ་ངོ་སྟོང་གི་སྔོན་དུ་གྲགས་པའི་གེ་སར་གྱི་དུས་རབས་སུ་བསླེབས་པའི་ཚོར་སྣང་ཞིག་དབང་མེད་དུ་སྟེར་གྱིན་འདུག   དབུལ་སྐྱོར་ཐོན་ལས་ཡུལ་སྐོར་རིག་གནས་བྱེད་ཡུལ་དུ་བསྐྲུན་པ་ནི་ངོ་མ་གསར་གཏོད་ཀྱི་བློ་གྲོས་ཡག་པོ་ཞིག་རེད་ཅེས་པ་ནི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་དཀར་མཛེས་རྫོང་དུ་ཡུལ་སྐོར་བྱེད་སར་ཡོང་བའི་པེ་ཅིང་གི་འགྲུལ་པ་ཅང་མིང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།

གནའ་རབས་གླིང་གི་མཁར་རྫོང་དེ།། དེང་སང་དཀར་མཛེས་རྫོང་དུ་མཇལ།།

ཡུལ་དུས་བསྟུན་པའི་གསར་སྐྲུན་དེ།།  ཐོན་ལས་དབུལ་སྐྱོར་མིག་དཔེར་འོས།།

ཉེ་ཆར་བློ་མཐུན་གཅོད་པ་དོན་གྲུབ་ལགས་ཀྱིས་བྲིས་པའི་མཛེས་སྡུག་སྟོང་གིས་སྤྲས་པའི་གེ་སར་རྒྱལ་པོའི་མཁར་གྲོང་ཞེས་པའི་རྩོམ་ཡིག་ནང་དུ་གེ་སར་མཁར་གྲོང་འདིར་མ་མཐའ་ཡང་ཁྱད་ཆོས་བཞི་ཡོད་པ་བཤད་འདུག་སྟེ། གཅིག་ནི་དཀར་མཛེས་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་རིམ་པ་སོ་སོའི་ལས་བྱེད་པ་རྣམས་ཀྱིས་གེ་སར་མཁའ་གྲོང་འཛུགས་སྐྲུན་ལ་བློ་སེམས་རྩེ་གཅིག་གིས་མཐོང་ཆེན་དང་འབད་འབུངས་ལྷོད་མེད་བགྱིས་པ་བཤད་མ་དགོས་པར་མ་ཟད། ཐོག་མའི་རེ་འདུན་འདི་བགྲང་བྱ་གཉིས་ཙམ་གྱི་ནང་དུ་ལེགས་འགྲུབ་བྱུང་བ་ངོ་མཚར་ཆེ་བ་དང་། གཉིས་ནི་གེ་སར་རིག་གནས་ཀྱི་འཛུགས་སྐྲུན་ཐད་བོད་པའི་གནའ་རབས་ལོ་རྒྱུས་ཀྱི་ཡིག་ཆ་དང་། གླིང་སྒྲུང་གི་ནང་དོན། མང་ཚོགས་ཀྱི་ངག་རྒྱུན་བཅས་ལས་བརྗོད་པ་དང་ཕལ་ཆེར་མཐུན་པ་བྱུང་ཡོད་པས་ཧ་ཅང་རིན་ཐང་ལྡན་ཞིང་། འབྱུང་འགྱུར་གེ་སར་འཛུགས་སྐྲུན་གྱི་མ་དཔེ་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་མཆིས། གསུམ་ནི་གེ་སར་རྒྱལ་པོའི་མཁར་གྲོང་གི་འཛུགས་སྐྲུན་གཞི་རྒྱ་ཆེ་ཞིང་འགྲོ་སོང་མ་དངུལ་འབོར་ཆེན་བཏང་ཞིང་། རོང་འབྲོག་དབུལ་པོ་མང་པོའི་འཚོ་རྟེན་ཡིན་ལ་གནའ་ནས་ད་ལྟའི་བར་དུ་མངོན་འགྱུར་བྱུང་མ་མྱོང་ཞིང་། གནམ་འོག་ཏུ་གེ་སར་མཁར་གྲོང་ཆེན་མོ་ཨང་དང་པོ་ཡིན་ཞེས་འཆད་ཆོག་ལ་གེ་སར་མཁར་གྲོང་ཆེན་པོ་མེད་པའི་སྟོང་ཆའི་ཁ་སྐོང་ཡང་བྱས་ཡོད། མཐོང་མ་ཐག་ཏུ་གནའ་རབས་ཀྱི་གླིང་གི་མཁར་གྲོང་མངོན་སུམ་མིག་ལམ་དུ་ཤར་བ་དང་མཚུངས་པའི་སྣང་བ་སྦྱིན། བཞི་ནི་ཕྱིས་སུ་གངས་ལྗོངས་སྒྲུང་པ་མང་པོ་འདུས་སྡོད་ཀྱི་རྟེན་གཞི་དང་། རྒྱལ་ཁབ་ཕྱི་ནང་གི་གེ་སར་ཆེད་མཁས་པ་མང་པོ་བགྲོ་གླེང་བྱེད་སའི་ཁྱིམ་གཞིས། གེ་སར་ཟློས་གར་འཁྲབ་སྟོན་བྱེད་སའི་འདུ་ར་ཁྲ་མོ། རིན་ཐང་གཞལ་མེད་ཀྱི་གེ་སར་གནའ་རྫས་ལྟ་གཟིགས་བྱེད་སའི་རྟེན་མཛོད་ཁང་། རྟ་རྒྱུག་འགྲན་བསྡུར་བྱེད་སའི་གནས་མཆོག་ཐང་བཅས་སུ་འགྱུར་བ་བསྙོན་དུ་མེད། ཅེས་ཁོང་གིས་དེ་ལྟར་ཕྱོགས་བསྡོམས་མཛད་པར་དོན་ལ་གནས་ཤིང་རྗེས་སུ་ཡི་རང་ངོ་།། ཡུལ་དུས་དང་བསྟུན་པའི་ཐོན་ལས་དབུལ་སྐྱོར་གྱི་ལས་གྲྭ་ཆེན་པོ་དེ་ལས་ང་ཚོ་ལ་གོ་བསྐོན་བསླབ་བྱ་ཅི་ཞིག་ཐོབ་འདུག་ཅེ་ན། མ་མཐའ་ཡང་ལྔ་འཐོབ་དགོས་པ་འདྲ་སྟེ། གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་བེད་སྤྱོད་གཏོང་མཁས་པོ་བྱ་རྒྱུ་དེ་རེད། གཉིས་ནི་ཡུལ་བབ་དང་བསྟུན་ནས་གསར་གཏོད་གསར་སྐྲུན་གྱི་བློ་གཤོགས་ཆེ་དགོས་པ་དེ་རེད། གསུམ་ནི་མིག་རྒྱང་རིང་པོས་ཇུས་འགོད་རྩེ་གྲ་བྱ་རྒྱུ་དེ་རེད། བཞི་ནི་མི་དམངས་ཀྱི་སྐྱིད་སྡུག་ནམ་ཡང་སེམས་ལ་ཉར་རྒྱུ་དེ་རེད། ལྔ་ནི་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་ཉམས་པ་མེད་པ་བཅས་སོ།།

གནའ་རབས་གླིང་གི་མཁར་རྫོང་དེ།། དེང་སང་དཀར་མཛེས་རྫོང་དུ་མཇལ།།

ངོ་མཚར་སྟོང་ལྡན་མཁར་གྲོང་དེ།། དཔལ་འབྱོར་གཡང་མཛོད་འགྱུར་ལ་འབད།།

  གེ་སར་རྒྱལ་པོའི་མཁར་གྲོང་གི་འབྱུང་འགྱུར་འཕེལ་རྒྱས་སྐོར་གླེང་བའི་ཚེ། དཀར་མཛེས་རྫོང་ཨུའི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅན་གོ་ཡིས་གེ་སར་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་སྤེལ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་དམ་ཟབ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ནི་ད་ལྟ་དང་མ་འོངས་པའི་གེ་སར་རྒྱལ་པོའི་མཁར་གྲོང་གི་འཕེལ་ཕྱོགས་མི་ནོར་བ་དེ་ཡིན་ཞིང་། འགྲུལ་པ་ཚོས་དུས་བཞི་གང་ཡིན་རུང་གེ་སར་རྒྱལ་པོའི་མཁར་གྲོང་དུ་རྒྱུན་སྲིང་ཐུབ་པའི་གེ་སར་རིག་གནས་དང་ཆོས་ལུགས་རིག་གནས། གསར་བརྗེའི་རིག་གནས་བཅས་ལ་མྱོང་རོལ་བྱེད་ཆོག་པའི་གཏན་འཇགས་ལས་རིགས་ཀྱི་བྱེད་སྒོ་སྤེལ་ས་བཟོས་ནས་མང་ཚོགས་ལས་ཞུགས་བྱེད་ཚད་ཆེ་རུ་གཏང་དགོས། དུས་དང་དུས་སུ་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན། མེ་ཏོག་དང་པར་རིས་བརྙན་ལེན་བརྩམས་ཆོས་འགྲེམས་སྟོན། ཡུལ་ཐོན་ཁྱད་ཆོས་ཐོན་རྫས་འགྲེམས་འཚོང་སོགས་ཀྱི་བྱེད་སྒོར་རབ་རིམ་སྤེལ་ཤུགས་ཆེ་རུ་བཏང་ནས་འགྲུལ་བ་ཚོ་བྱེད་སྒོ་སྣ་མང་གི་ནང་དུ་ཞུགས་ཆོག་པའི་གོ་སྐབས་བསྐྲུན་དགོས། བྱེད་སྒོ་ཁག་ཀྱང་དྲྭ་ཐོག་དང་དྲྭ་ཕྱིར་སྤེལ་རྒྱ་ཆེ་རུ་གཏང་དགོས། ད་དུང་གློག་རྡུལ་ཚོང་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གེ་སར་རྒྱལ་པོའི་མཁར་གྲོང་དུ་ནམ་ཡིན་ཡང་ཕྱི་ནང་གི་འགྲུལ་བ་རྒྱུན་མི་ཆད་ཅིང་། མི་གཡང་གི་དཔལ་མི་ཡལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མི་ཉམས་པ། མང་ཚོགས་ཀྱི་ཡོང་འབབ་ཆུ་བོའི་རྒྱུན་བཞིན་ཆད་རྒྱུ་མེད་པ་བཅས་བྱ་རྒྱུ་ནི་གནད་འགག་རེད་ཅེས་བཤད་པ་རེད།

ཅན་གོ་ཡིས་བཤད་པའི་སྐད་ཆ་དེ་ལས་ང་ཚོས་ངོ་མཚར་སྟོང་གིས་ཕྱུག་པའི་གེ་སར་མཁར་གྲོང་དེ་འཛམ་གླིང་གི་ནོར་གཡང་འགུགས་པའི་གཡང་མཛོད་ཅིག་ཏུ་བསྐྲུན་ནས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྨོན་བྱེད་པའི་དགོས་མཁོ་བསྐང་རྒྱུ་ཡིན་པ་ཤུགས་སུ་རྟོགས་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1