གཙོ་ངོས།>> དམངས་སྲོལ།>>དུར་འཇུག

ཕག་མོ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༡༡ཉིན།

༄༅།། བོད་ཀྱི་དུར་ལས་དང་འབྲེལ་ཏེ་ཁོར་ཡུག་སྲུང་སྐྱོང་གི་སྐོར་མདོ་ཙམ་གླེང་བ།


[ནང་དོན་གནད་བསྡུས།] དེང་སྐབས་རྒྱལ་ནང་གི་ཡུལ་གྲུ་ཀུན་ཏུ་ས་བརྐོ་རྡོ་སློག་དང་། བཟོ་ལས་ཐོན་སྐྱེད། དུར་ལས་སོགས་བགྱིས་ཏེ་ཕྱོགས་མང་པོའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་དང་མཁའ་དབུགས་འབག་བཙོག་བྱེད་པ་ཚབས་ཆེན་ཡིན་པས། འདིར་དེང་རབས་སྐྱེ་ཁམས་རིག་པའི་ལྟ་བ་སྤྱད་ནས་བོད་ཀྱི་དུར་ལས་ཀྱིས་ཁོར་ཡུག་ལ་ཕན་གནོད་ཇི་ལྟ་བུ་ཡོད་ཚུལ་དང་དེ་སེལ་པའི་ཐབས་ལམ་སྐོར་མདོ་ཙམ་གླེང་ཡོད།
[བརྡ་ཆད་གཙོ་བོ།] དུར་ལས།  ཁོར་ཡུག་སྲུང་སྐྱོང་།  རྟེན་འཚོ་མ་ལག  སྐྱེ་ཁམས་ཆོས་ཉིད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G2127(275)
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)03-0104-08
གླེང་གཞི།
            འཇིག་རྟེན་སའི་ཁམས་ཆགས་ཏེ་འགྲོ་བ་མིའི་རིགས་བྱུང་ཞིང་འཕེལ་བ་ནས་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ།  རིག་གནས་བཅས་མང་པོ་བྱུང་ཞིང་འཕེལ་ཏེ།    དུར་ལས་བྱེད་ཚུལ་གྱི་གོམས་སྲོལ་ཡང་སྣ་ཚོགས་ཤིག་བྱུང་ཡོད། དེ་ཡང་བོད་མི་རིགས་ལ་མཚོན་ན་དུར་ལས་བྱེད་སྲོལ་ལ་གཙོ་བོ་ས་དུར་དང་། ཆུ་དུར། མེ་དུར། གནམ་དུར་བཅས་རིགས་བཞི་ཡོད་པ་ལས། ཐུན་མོང་མ་ཡིན་པའི་སྐྱེ་བོ་ཁྱད་པར་ཅན་ལ་དུར་ལས་བྱེད་སྲོལ་ཡང་ཐུན་མོང་མ་ཡིན་པ་རེ་ཡོད་པ་རེད། སྤྱིར་ས་དུར་དང་། ཆུ་དུར། མེ་དུར། རླུང་དུར་བཅས་ཀྱི་ཆོ་ག་གང་ཡིན་ཡང་དེ་ཉིད་ཕྱིའི་སྐྱེ་ཁམས་ཁོར་ཡུག་དང་མིའི་བདེ་ཐང་སོགས་གང་ཅི་ཐད་འབྲེལ་བ་ཟབ་མོ་ཡོད་པས། འབྲེལ་བ་འདིའི་ཐད་ནས་བོད་ཀྱི་དུར་ལས་ཀྱི་ཆོ་ག་ལ་ནང་གསེས་ཀྱིས་བཟང་ངན་བཀར་ན། གནམ་དུར་ནི་རབ་དང་། ཆུ་དུར་དང་ས་དུར་གཉིས་ནི་འབྲིང་། མེ་དུར་ལ་གནོད་པའམ་ཉེས་པ་ཆེ་བས་ཐ་མར་རྩིས་ཆོག་པར་འདོད།
            དེ་ལས་ས་དུར་དང་ཆུ་དུར་གཉིས་ནི་དེང་སྐབས་ཉམས་དམས་སུ་སོང་ཞིང་རྒྱུག་མི་ཆེ་བས་འདིར་གཙོ་བོ་མེ་དུར་དང་གནམ་དུར་གཉིས་ཀྱི་དགེ་སྐྱོན་ཅུང་ཙམ་གླེང་བར་བ་སྟེ།
དང་པོ། མེ་དུར་གྱི་གནོད་པ་དང་སྐྱོན་སེལ།
            གཅིག མེ་དུར་གྱི་ཆོ་ག མེ་དུར་ནི་བོད་ཀྱི་གདོད་མའི་ཆོས་ལུགས་བམ་པོའི་“ཕུང་བོ་མེ་ལ་སྟྀམ་པའི་”ཆོ་ག་ཞིག་ཡིན་ཞིང་། སྔོན་ཆད་བོད་པ་རྣམས་ཀྱིས་མེ་དུར་བྱེད་པ་ལ་སྲེག་ཐབ་བཟོས་ཏེ། སྲེག་ཐབ་སྤུར་གྱི་ཞབས་རྟེན་ལ་གསོམ་ཤིང་དང་ཅོག་ཤིང་གང་རུང་སོགས་ཁྲུ་གང་ཅན་གྱི་ཤིང་དུམ་འཇོག་པ་དང་། དེའི་མཐའ་རུ་གསོམ་ཤིང་དང་ཅོག་ཤིང་ཕྲ་མོ་འབར་བདེ་བ་མང་པོ་བསྟར་ལ་བསྒྲིགས་ཤིང་།  འབར་ཁུ་ལ་རབ་ཡིན་ན་མར་ཁུ་དང་།  མར་ཁུ་མེད་ན་འབྲུ་མར་ཡང་ཆོག མེ་དུར་བྱེད་པ་ལ་སྦྱིན་སྲེག་གི་མཆོད་རྫས་ངེས་པར་དུ་གྲངས་ཚང་དགོས།  སྤུར་བཞུས་ཚར་རྗེས་སྲེག་ཐབ་དེ་ཡང་སྤྱིར་བཏང་མཚན་མོ་དེ་གར་མེད་བརླག་ཏུ་གཏོང་བ་ཡིན་མོད།  འོན་ཀྱང་བླ་མ་དང་དགེ་བཤེས་སོགས་གཞན་ལས་རྟོགས་པ་དང་འཕྲིན་ལས་ཐུན་མོང་མ་ཡིན་པ་ལྡན་པ་ཞིག་ཡིན་ན་སྲེག་ཐབ་དེ་ཉིན་གསུམ་མམ་བདུན་ཚིགས་གཅིག་རིང་འཇོག་སྲོལ་ཡོད་པ་མ་ཟད། གདུང་རྟེན་ལ་རིལ་བུ་འབབ་པའམ་ཡང་ན་རི་མོ་སྣ་ཚོགས་སོགས་རྣམ་པ་མི་འདྲ་བའི་རིང་བསྲེལ་འབབ་པར་བཞེད།   ཆོས་ཕྱོགས་ནས་རིང་བསྲེལ་དེ་རྟེན་ཕུན་སུམ་ཚོགས་པར་བརྩི་ལུགས་ཡོད་པས་མཆོད་རྟེན་དང་སྐུ་འདྲའི་གཟུངས་གཞུག་ཏུ་འབུལ་པའི་སྲོལ་ཡོད། ཐབ་ཤུལ་དེ་ཡང་སྔར་ཡོད་ཇི་ལྟ་བ་བཞིན་ལེགས་སྒྲུབ་དང་མེའི་འཚིག་རོ་སོགས་ཅི་ཡང་མི་སྣང་བར་གཙང་བཟོ་བྱེད་རྒྱུ་གལ་ཆེན་དུ་འཛིན་པ་ནི་ཤི་ན་ཤི་རྗེས་དཀར་བའི་རྟེན་འབྲེལ་ཡག་པོ་ཞིག་ཏུ་རྩི་བའི་སྲོལ་དུ་བཤད་ཀྱང་།  དོན་དུ་ཤི་བདག་ལ་མྱ་ངན་མི་ཡོང་བ་དང་ཁོར་ཡུག་ལ་བཙོག་བཟོ་མི་ཐེབས་པའི་ཐབས་དམ་པ་ཞིག་ཡིན་པར་འདོད།   མེ་དུར་ཀྱི་ཆོ་ག་འདི་ནི་དང་ཐོག་གདོད་མའི་བོན་གྱི་དུས་རབས་ནས་བྱུང་ཡོད་པར་སྣང་སྟེ།   《རྒྱལ་རབས་གསལ་བའི་མེ་ལོང་》དུ།   “གནམ་གྱི་ཁྲི་བདུན་ཟེར་ཏེ། སྲས་རྣམས་ཀྱིས་རིམ་པ་བཞིན་ཆིབ་ཁ་ཐུབ་ཙ་ན། རྣམས་རིམ་པ་བཞིན་དུ་རྨུ་ཐག་ལ་བྱས་ནས། ནམ་མཁའ་ལ་འཇའ་ཡལ་བ་བཞིན་འགྲོ་”①ཞེས་དང་།  “ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ།  ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ་”②ཞེས་གསུངས་པ་ལྟར་བོད་ཀྱི་མཁས་པ་མང་པོ་ཞིག་གིས་སྐབས་འདི་ནས་བཟུང་བོད་ལ་ཕུང་བོ་མེ་ལ་སྟྀམ་ཚུལ་གྱི་ཆོ་ག་ཡོད་པར་འདོད།  ཕྱིས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་བ་ནས་བོད་ལ་ནང་བསྟན་གྱི་ཆོ་ག་ལྟར་ཕུང་བོ་སྦྱིན་སྲེག་གི་རྫས་སུ་བྱིན་གྱིས་བརླབས་ནས་མེ་ལྷར་མཆོད་པའི་སྲོལ་དར།  དེ་ལ་སྐུ་གདུང་སྦྱིན་སྲེག་དང་གདུང་བཞུ།   ཞུགས་འབུལ་ཞེས་ཞེ་ཚིག་གི་འབོད་སྟངས་མི་འདྲ་བ་ཙམ་ལས་དོན་དུ་ཕུང་བོ་མེ་ལ་སྲེག་པ་དེ་བསྟན། གདོད་མའི་དུས་སྐབས་སུ་དེར་སྤུར་མཆོད་ཀྱང་ཟེར་སྲོལ་ཡོད།
            མེ་དུར་གྱི་སྲོལ་འདི་དང་ཐོག་རྒྱ་གར་ནས་རིམ་བཞིན་བོད་དུ་དར་ཡོང་བར་འདོད་མཁན་ཡང་ཡོད་མོད། འོན་ཀྱང་ནང་བསྟན་བོད་དུ་དར་བ་ནས་བཟུང་བོད་ཀྱི་མེ་དུར་ལ་ཆ་རྐྱེན་ཡོད་དེ།  སྔོན་ཐུ་བྷོད་བཙན་པོའི་དུས་སྐབས་སུ་རྒྱལ་པོ་དང་བླ་དཔོན་སོགས་རིགས་རུས་མཐོ་བ་འབའ་ཞིག་དང་ཁྱད་པར་དུ་འགོ་ནད་ཀྱིས་འཆི་བ་དང་མཛེ་ནད་ཀྱིས་འཆི་བ་སོགས་ཡིན་ན་གཙོ་བོ་ནད་རིགས་ཕྱི་ལ་མི་ཁྱབ་པའི་ཆེད་དུ་ངེས་པར་དུ་མེ་དུར་བྱེད་དགོས། ཡིན་ཡང་དེང་སྐབས་བོད་ཁམས་སྤྱི་ལ་མཚོན་ན་རིགས་རུས་མཐོ་དམན་དང་འགོ་ནད་ཡོད་མེད་ཀྱི་དབྱེ་བ་མེད་པར་མི་སུ་འདས་ཀྱང་མེ་དུར་གྱི་ལས་ལ་འཇུག་པ་ཤུགས་ཆེ།
            གཉིས།  མེ་དུར་གྱིས་ཁོར་ཡུག་ལ་ཐེབས་པའི་གནོང་པ། མེ་དུར་གྱི་ཆོ་ག་འདི་ལ་ཕྱོགས་མང་པོའི་ཐད་ནས་གནོད་པ་ཆེ་སྟེ། ཆོ་ག་དེ་རང་བྱུང་གི་ཆོས་ཉིད་(自然规律)དང་སྐྱེ་ཁམས་ཀྱི་ཆོས་ཉིད་(生态规律)བཅས་ལ་འགལ་ཡོད་པ་མ་ཟད།  ཁྱད་པར་དུ་མར་གྱུར་སེམས་ཅད་ཐམས་ཅད་དང་། འགྲོ་བ་རིགས་དྲུག་གི་དོན་བསམ་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་ཡང་རྩ་བ་ནས་འགལ་ཡོད་དེ།
            1.རྟེན་འཚོ་མ་ལག་(生态系统)གི་ཐད་ནས་བརྗོད་ན།   དེ་ཡང་“ཕལ་ཆེར་ལོ་ངོ་དུང་ཕྱུར་བཞི་བཅུ་ཞེ་དྲུག་ཡས་མས་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ས་གཞི་ཆགས་”③ཤིང་།  ཕྱི་སྣོད་ཀྱི་འཇིག་རྟེན་ལ་བརྟེན་ནས་“ཕལ་ཆེར་ལོ་ངོ་དུང་ཕྱུར་སུམ་ཅུ་སོ་ལྔ་ནས་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ་འབྱུང་བ་ལྔ་བོ་མཐུན་པར་བསྡེབས་ནས་ནང་བཅུད་ཀྱི་ཐོག་མ་སྟེ་གདོད་མའི་ཚེ་སྲོག་བྱུང་།་”④ཆེས་ཐོག་མའི་གདོད་མའི་ཚེ་སྲོག་དེ་འཕེལ་འགྱུར་བྱས་ནས་ཕྲ་ཕུང་གཅིག་གིས་གྲུབ་པའི་གདོད་ལྟེ་སྐྱེ་དངོས་(原核生物)དང་།  རྩི་ཤིང་སོགས་བྱུང་ཞིང་།  རྩི་ཤིང་དེ་རིགས་ལ་བརྟེན་བྱས་ནས་སྲོག་ཆགས་བྱུང་། དེ་ཡང་ལོ་ངོ་མང་པོའི་འཕེལ་འགྱུར་ལས་རྩི་ཤིང་དང་སྲོག་ཆགས་ཀྱང་རིགས་བགྲང་གིས་མི་ལང་བ་འཕེལ་ཏེ་རང་བྱུང་གི་རྟེན་འཚོ་མ་ལག་མང་པོ་གྲུབ།  འགྲོ་བ་མིའི་རིགས་དང་སྲོག་ཆགས་ཡོད་ཚད་རྟེན་འཚོ་མ་ལག་འདིའི་ཁྲོད་ཀྱི་འཛད་སྤྱོད་མཁན་(消费者)ཡིན།  འཛད་སྤྱོད་མཁན་གྱི་སྲོག་ཆགས་རིགས་སོ་སོའི་བར་ཕན་ཚུན་གཅིག་གིས་གཅིག་ལ་གཟན་བྱེད་པས་གཟན་གྱི་འབྲེལ་བ་ཞིག་རང་བཞིན་གྱིས་ཆགས། དེ་བས་མི་ཤི་ན་མིའི་བེམ་པོ་ཤ་བཟའི་སྲོག་ཆགས་གང་རུང་ངམ་ཡང་ན་འབུ་ཕྲའི་གཟན་དུ་བྱས་ན། གཅིག་ནས་རྟེན་འཚོ་མ་ལག་གི་སྲོག་ཆགས་བར་གྱི་ཕན་ཚུན་གཅིག་གིས་གཅིག་ལ་གཟན་བྱེད་པའི་གཟན་གྱི་འབྲེལ་བའི་ཆོས་ཉིད་དང་མཐུན་ཞིང།  གཉིས་ནས་རྟེན་འཚོ་མ་ལག་གི་“ཐོན་སྐྱེད་བྱེད་མཁན་(生产者)དང་འཛད་སྤྱོད་བྱེད་མཁན(消费者)  དབྱེ་འབྱེད་བྱེད་མཁན་(分解者)་”⑤བར་གྱི་འབྲེལ་བའི་ཆོས་ཉིད་དང་ཡང་ཧ་ཅང་མཐུན་མོད།  འོན་ཀྱང་མེ་དུར་གྱི་ཆོ་ག་འདིས་ཕུང་བོ་མེ་ལ་བསྲེག་སོང་བས་གོང་གསལ་གྱི་ཆོས་ཉིད་དེ་གཉིས་དང་ཡོངས་སུ་འགལ་བ་རེད།
            2.སྐྱེ་དངོས་རིག་པའི་“དངོས་རྫས་འཁོར་བསྐྱོད་(物质循环)”⑥ཀྱི་ཟུར་ནས་བརྗོད་ན། ས་གཞི་ནས་རྩི་ཤིང་སྐྱེས། རྩི་ཤིང་ལ་བརྟེན་ནས་རྩྭ་གཟན་དང་ཤ་གཟན་ཏེ་སྲོག་ཆགས་བྱུང་།  རྩི་ཤིང་སྐམ་ཞིང་སྲོག་ཆགས་ཤི་ན་འབུ་ཕྲའི་བྱེད་ནུས་འོག་དེའི“གཟུགས་དང་ཕུང་བོ་གྲུབ་བྱེད་ཀྱི་རྒྱུ(C、 H、 O、 N、 P、 S、 K、 Ca、 Mg、 Fe、 Mn、 Zn、Cu、B)དང་རྒྱུ་དེས་གྲུབ་པའི་ཚེ་སྲོག་གི་འདྲེས་སྦྱོར་དངོས་པོ་(生命的化合物)་”⑦རྣམས་ས་གཞིར་འཐིམས།  རྒྱུ་དེ་དག་ཡང་བསྐྱར་རྩི་ཤིང་སོགས་སྐྱེད་བྱེད་ཀྱི་རྒྱུ་བྱས་ཏེ་རྩི་ཤིང་སྐྱེས། རྩི་ཤིང་ལ་བརྟེན་ནས་སྲོག་ཆགས་བྱུང་། རྩི་ཤིང་སྐམ་ཞིང་སྲོག་ཆགས་ཤི་ན་དེའི་ཕུང་བོ་དང་གཟུགས་གྲུབ་བྱེད་ཀྱི་རྒྱུ་དེ་ཡང་བསྐྱར་ས་གཞིར་འཐིམས།   འདི་ལྟར་རྒྱུ་དེ་སྐྱེ་དངོས་དང་སྐྱེ་དངོས་མ་ཡིན་པའི་བར་རམ་ཡང་ན། སྐྱེ་དངོས་ཕན་ཚུན་གྱི་བར་དུ་ཡང་དང་བསྐྱར་དུ་འཁོར་སྐྱོད་བྱས་ཚེ་རྒྱུ་དེ་དག་དུས་ཡུན་རིང་པོར་ཡལ་བ་མེད་པར་རང་བྱུང་འཁོར་བསྐྱོད་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ་ངེས་པ་འདི་ནི་རང་བྱུང་གི་ཆོས་ཉིད་ཅིག་ཡིན། འོན་ཀྱང་མེ་དུར་གྱི་ཆོ་ག་འདིར་མཚོན་ན་ཤི་བོ་དེའི་ཐད་ནས་མེ་དུར་བྱས་པའི་སྐབས་དེ་ནས་བཟུང་ཤི་བོ་དེའི་“ཕུང་བོ་གྲུབ་བྱེད་ཀྱི་རྒྱུ་(C、 H、 O、N、 P、 S、 K、 Ca、Mg、 Fe、Mn、Zn、Cu、B)དང་རྒྱུ་དེས་གྲུབ་པའི་ཚེ་སྲོག་གི་འདྲེས་སྦྱོར་དངོས་པོ་”⑧སོགས་མེས་འཚིག་ཟིན་པས་གོང་གསལ་གྱི་འཁོར་བསྐྱོད་ཀྱི་རྒྱུ་དེ་རྩ་བ་ནས་འགག་སོང་།  དེའི་ཕྱིར་མེ་དུར་གྱི་ཆོ་ག་འདི་རང་བྱུང་གི་ཆོས་ཉིད་དང་རྩ་བ་ནས་འགལ་འདུག་པས་ཉེས་པ་ཧ་ཅང་ཆེ། དེ་ལས་ཆུ་དུར་དང་ས་དུར།   གནམ་དུར་གསུམ་ལ་མཚོན་ན་གོང་གི་འཁོར་བསྐྱོད་ཀྱི་རྒྱུ་དེ་ནམ་ཡང་འགག་པ་མེད་པས་རྒྱུ་དེས་ཡང་དང་བསྐྱར་དུ་ཚེ་སྲོག་སོགས་བསྐྱེད་པའི་རྫས་བྱེད་སྲིད་དོ།།
            3.ཚེ་སྲོག་ཐམས་ཅད་འབྱུང་བ་ལྔ་ལས་བསྐྱེད་ཅིང་ཐ་མར་འབྱུང་བ་ལྔ་ལ་འཐིམས་ཞེས་པའི་ཐད་ནས་བརྗོད་ན།  ཆུ་དུར་དང་ས་དུར་དང་གནམ་དུར་གསུམ་གང་རུང་ཡིན་ཡང་།  དང་པོ་འབྱུང་བ་ལྔ་ལས་བསྐྱེད་ཅིང་ཐ་མར་འབྱུང་བ་ལྔ་ལ་འཐིམས་འགྲོ། འོན་ཀྱང་མེ་དུར་ལ་མཚོན་ན་དང་པོ་འབྱུང་བ་ལྔ་ལས་བསྐྱེད་ནའང་ཐ་མར་ལུས་པོ་འགྲུབ་བྱེད་ཀྱི་རྒྱུ་ས་ཡི་ངོ་བོ་ས་ལ་འཐིམས་ཐུབ་མེད་པས་གོང་གི་ཆོས་ཉིད་དང་འགལ་རེད།
            4.ཁོར་ཡུག་བཙོག་བཟོའི་ཐད་ནས་བརྗོད་ན། དེང་སྐབས་མེ་དུར་བྱེད་པ་ཧ་ཅང་མང་བས་མེ་དུར་གྱིས་ནམ་མཁའི་མཁའ་དབུགས་འབག་བཙོག་བྱེད་ཅིང་། ཁྱད་པར་དུ་དེང་སྐབས་ཀྱི་མེ་དུར་ལ་གཅིག་ནས་སྲེག་བྱེད་ཀྱི་རྫས་མི་ཚང་།   གཉིས་ནས་རླངས་སྣུམ་གྱིས་སྲེག་བཞིན་ཡོད་པས་གནམ་མཁའི་མཁའ་དབུགས་ཁྲོད་རྒྱུན་ཆད་མེད་པར་ཐལ་རྡུལ་དང་ཏན་འགྱུར་དངོས་པོ།(NO)   དབང་གཅིག་ཐན་རྫས།(CO) དབང་གཉིས་མུ་ཟི།(SO2)  མུ་ཟི་ཆང་།(H2X)   དངུལ་ཆུ(Hg)སོགས་མཁའ་དབུགས་འབག་བཙོག་བྱེད་པའི་ཚད་ཧ་ཅང་མཐོ།  གལ་ཏེ་མཁའ་དབུགས་ལ་འབག་བཙོག་ཐེབས་པ་ཡིན་ན་དེ་རླུང་གི་རྒྱུ་བར་བསྟུན་ནས་ནམ་མཁའི་ཕྱོགས་བཞི་མཚམས་བརྒྱད་སོགས་ཡུལ་ཁམས་ཀུན་ལ་ཁྱབ་སྟེ་འཇིག་རྟེན་འདིའི་སྟེང་གི་སྐྱེ་དངོས་དང་བཅས་པའི་སེམས་ཅན་ཡོད་ཚད་ལ་ནད་ཡམས་སྣ་ཚོགས་བསྐྱེད་ཅིང་གཟུགས་པོ་བདེ་ཐང་སོགས་ཕྱོགས་གང་ཐད་ལ་གནོད་པ་ཧ་ཅང་ཆེ།
            གསུམ། གནོང་པ་དེ་སེལ་བའི་ཐབས་ལམ། ང་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་མེ་དུར་བྱེད་ལུགས་འདིར་དོ་སྣང་བྱས་ཏེ། ཚད་ལྡན་གྱི་སྦྱིན་སྲེག་བྱེད་ལུགས་དང་བསྟུན་ཚེ་ནམ་མཁའི་མཁའ་དབུགས་ལ་དེ་འདྲའི་གནོད་པ་ཆེན་པོ་ཐེབས་མི་སྲིད། དེ་ཅིའི་ཕྱིར་ཞེ་ན། བོད་ཀྱི་སྲོལ་རྒྱུན་གྱི་སྦྱིན་སྲེག་བྱེད་ལུགས་ལྟར་ན། ཐོག་མར་བླ་མ་ཚད་ལྡན་ཞིག་གི་གདམས་པ་ལྟར་སྦྱིན་སྲེག་བྱེད་སའི་ས་གདམས་ཤིང་ས་གཞི་བྱིན་གྱིས་བརླབས།  དེ་ནས་སྲེག་ཐབ་བཟོས་རྗེས་སྲེག་ཐབ་སྤུར་གྱི་ཞབས་རྟེན་ལ་གསོམ་ཤིང་དང་ཅོག་ཤིང་བཞག་སྟེ། མར་ཁུ་དང་འབྲུ་མར་ཡང་ན་ཡུངས་ཀར་གྱི་སྣུམ་སོགས་འབར་ཁུ་བྱས་ཏེ། སྦྱིན་སྲེག་གི་རྫས་ཆེན་བཅུ་གཉིས་སོགས་ཚང་བར་བྱས་རྗེས་བེམ་པོ་མཆོད་རྫས་སུ་བསྒྱུར་ཏེ་སྦྱིན་སྲེག་བྱེད།   རྫས་ཆེན་བཅུ་གཉིས་དེ་དག་《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་འབུམ་》ལྟར་ན།  “ཡམ་ཤིང་མར་ཁུ་ཏིལ་དུར་འབྲས་ཞོ་ཟན།། ཀུ་ཤ་ཡུངས་ཀར་སོ་བ་ནས་སྲན་གྲོ།”⑨ཞེས་ཡམ་ཤིང་། མར་ཁུ།  ཏིལ།  རྩྭ་དུར་བ། འབྲས། ཞོ་ཟན་(རྩམ་པ་དང་འབྲས་སོགས་བསྲེས་པའི་རྫས་ཤིག)ཀུ་ཤ  ཡུངས་ཀར།  སོ་བ།  ནས།  སྲན་མ།  གྲོ་བཅས་བཅུ་གཉིས་ཚང་དགོས་ཤིང་།   ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ལྟར་ན་རྫས་ཆེན་དེ་དག་རེ་རེར་ཞི་རྒྱས་དབང་དྲག་ཐུན་མོང་མ་ཡིན་པའི་བྱེད་ལས་དང་ཁྱད་ཆོས་སོགས་མངའ་བར་གསུངས།    གཞན་ད་དུང་གསེར་དངུལ་གཡུ་བྱུ་རུ་མུ་ཏིག་བཅས་རིན་ཆེན་སྣ་ལྔ་དང་དར་ཚོན་སྣ་ལྔའི་རྫས་སོགས་ཀྱང་ཚང་དགོས་པར་མ་ཟད་ཐུན་མོང་མ་ཡིན་པའི་མཆོད་རྫས་ལ་ཙན་དན་དཀར་དམར་དང་སྨན་རིགས་སྣ་ཚོགས་ཀྱང་ཚང་དགོས།   དེ་ལྟར་པོ་རྫས་ཆེན་བཅུ་གཉིས་སོགས་དང་སྦྱར་ཏེ་བམ་པོ་མེ་ལ་སྲེག་ཚེ། རྫས་དེ་དག་གི་ནུས་པས་མཁའ་དབུགས་ལ་བཙོག་བཟོའི་དྲི་ངན་སེལ་ཞིང་སེམས་ཅན་ལ་གནོད་པ་ཆེར་མི་འབྱུང་བར་གསུངས།    གལ་ཏེ་བེམ་པོ་རྐྱང་བ་བསྲེག་པ་དང་སྲེག་བྱེད་རླངས་སྣུམ་སོགས་བྱས་ན།  རང་བྱུང་མཁའ་དབུགས་འབག་བཙོག་བྱེད་པར་མ་ཟད། ཆར་ཆུ་དུས་སུ་མི་འབབ་པ་དང་།  ནད་ཡམས་སྣ་ཚོགས་སྐྱེད་བྱེད་ཀྱི་རྒྱུ་བྱེད་དོ།།
            སྤྱིར་བཏང་བོད་ཀྱི་འདས་མཆོད་ཀྱི་ཆོ་ག་འདེམས་མཁན་དེ་ཉིད་འཇིག་རྟེན་བྱ་དངོས་ཀྱི་ཆོས་ཉིད་རྟོགས་པའི་ཚད་དང་ལྡན་པའི་བླ་མ་ཞིག་ཡིན་ན། འདས་མཆོད་ཆོ་ག་སྒྲུབ་ལུགས་ལ་ཧ་ཅང་དོ་སྣང་བྱེད་པ་མ་ཟད། དགོས་པ་མེད་ན་སྤྱིར་བཏང་དུ་མེ་དུར་གྱི་ཆོ་ག་མི་འདེམས། ཁོ་ཚོས་མེ་དུར་གྱིས་སྐྱེ་ཁམས་ཁོར་ཡུག་བཙོག་བཟོ་ཐེབས་ཏེ་རང་བྱུང་ཆོས་ཉིད་ལ་གནོད་པ་ཆེན་པོ་བྱེད་ངེས་པ་དང་། གལ་ཏེ་རང་བྱུང་ཆོས་ཉིད་ལ་གཏོར་བརླག་བྱས་ན་རང་བྱུང་གི་གནོད་འཚེ་འབྱུང་བ། “རང་བྱུང་གནོད་འཚེ་ཡོད་ཚད་ཀྱི་འབྱུང་རྐྱེན་འགྲོ་བ་མིའི་རིགས་ཡིན་”⑩པ་སོགས་ཀྱི་གནས་ལུགས་རྟོགས་ཡོད་པ་རེད། དེ་བས་རང་རེ་བོད་ལ་མཚོན་ན་འདས་མཆོད་ཀྱི་ཆོ་ག་འདི་ངེས་པར་བླ་མར་ཞུ་དགོས་པའི་ལམ་སྲོལ་ཞིག་ཆགས་ཡོད་པ་འདི་ནི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་བྱུང་གནས་ལུགས་དང་ཆེས་ཆེར་མཐུན་པས་ང་ཚོ་ཕྱི་རབས་པ་རྣམས་ནས་རྒྱུན་འཛིན་དང་བཀོལ་སྤྱོད་བྱེད་རིགས་པར་སེམས།
གཉིས་པ། གནམ་དུར་གྱི་ཆོ་ག་དང་ཕན་ཡོན།
            གཅིག   གནམ་དུར་གྱི་ཆོ་ག  གནམ་དུར་ནི་གཤིན་པོ་བར་གཡེང་བའི་ཆོ་ག་ལ་བྱ།  བོད་དུ་གཤིན་པོ་བྱ་དུར་བྱེད་སའི་དུར་ཁྲོད་ཤིན་ཏུ་མང་།   དེ་ཡང་དུར་ཁྲོད་ལ་གཤིན་པོ་དོ་དམ་བྱེད་མཁན་ཡོད་མེད་ཀྱི་ཆ་ནས་དུར་བདག་ཡོད་པའི་དུར་ཁྲོད་དང་དུར་བདག་མེད་པའི་དུར་ཁྲོད་རིགས་གཉིས་ཡོད།  དུར་བདག་ཡོད་པའི་དུར་ཁྲོད་ལ་མཚོན་ན་གཤིན་པོ་དུར་ཁྲོད་དུ་བསྐྱལ་རྗེས་དུར་ཁྲོད་པས་གཤིན་པོའི་བེམ་པོ་དུམ་བུར་གསིལ་ཞིང་རྩམ་བསྲེས་བརྒྱབ་ནས་མཁའ་འགྲོའི་ཚོགས་ལ་སྐོར་བ་སོགས་ཀྱི་སྦྱིན་མཆོད་ཀྱི་ཆོ་ག་བསྒྲུབས་རྗེས། བྱ་རྒོད་ཀྱི་ཁྱུ་ཚོགས་ལ་སྦྱིན་ངེས་ཡིན།  དུར་བདག་མེད་པའི་དུར་ཁྲོད་དེ་ས་གནས་མི་འདྲ་བའི་དབང་གིས་བྱེད་ལུགས་ཀྱི་ཆོ་གའང་མི་འདྲ་བ་རིགས་གཉིས་ཡོད་དེ།   གཅིག་ནི་གཤིན་པོ་དུར་ཁྲོད་དུ་བསྐྱལ་རྗེས་དགེ་སློང་འགའ་གདན་དྲངས་ནས་སྨོན་ལམ་ལེགས་པོར་བཏབ་སྟེ།  ཚ་གསུར་འཕུད་པ་དང་བྱ་འབོད་བྱས་རྗེས།    པུར་བསྐྱལ་མཁན་གྱི་མི་ཚོགས་རྣམས་བམ་པོ་དུར་ཁྲོད་དུ་བཞག་རྗེས་ཕྱིར་རང་ཡུལ་ལ་ལོག་འགྲོ་ངེས་ཡིན། གཞན་ཞིག་ནི་གཤིན་པོ་དུར་ཁྲོད་དུ་བསྐྱལ་རྗེས་པུར་བདག་གིས་བེམ་པོ་དུམ་བུར་གསིལ་ཞིང་མཆོད་སྦྱིན་གྱི་ཆོ་ག་བསྒྲུབས་རྗེས་བྱ་རྒོད་ཀྱི་ཁྱུ་ཚོགས་ལ་གཏོར་ཏེ་ཟ་རུ་འཇུག་པ་དང་།  ཤུལ་དུ་ལུས་པའི་རུས་ལྷུ་ཆེ་བ་རྣམས་ཡང་བསྐྱར་ཆུང་ངུར་བརྡུངས་ཏེ་ཤ་རུས་མ་ལུས་པར་བྱ་ཚོགས་ལ་ཟ་རུ་བཅུག་སྟེ་ཤུལ་གཙང་མ་བྱེད་ངེས་ཡིན།
            བམ་པོ་བྱ་ལ་གཡེང་བའི་དུར་སྲོལ་འདི་བོད་ལ་དུས་སྔ་མོ་ཉིད་ནས་ཡོད་པར་སྙམ་སྟེ། གཅིག་བོད་ཀྱི་ཁོར་ཡུག་གི་ཆ་ནས་བལྟས་ན།  བོད་ཡུལ་འདི་རི་མཐོ་ཞིང་གནས་དབེན་པ།  ནགས་ཚལ་སྟུག་ཅིང་།  གཅན་གཟན་དང་འདབ་ཆགས་མང་བས་དུར་སྲོལ་འདིའི་ཕྱིའི་ཆ་རྐྱེན་ཚང་ཡོད་པ་རེད།  གཉིས་གནའ་བོའི་བོད་པ་ལ་མི་ཤི་ན་བེམ་པོ་རི་མཐོ་ས་དང་གནས་དབེན་ས། ནགས་ཚལ་སོགས་སུ་བསྐྱུར་ཏེ་གཅན་གཟན་དང་བྱ་རིགས་ལ་ཟ་རུ་འཇུག་པའི་སྲོལ་ཡོད་པ།   གསུམ་བོད་པ་རྣམས་མི་ཤི་རྗེས་ཕུང་པོ་འབྱུང་བཞིའི་ཁམས་དང་བསྟུན་དགོས་པའི་ཆོས་ལུགས་ཐད་ཀྱི་རྒྱབ་བརྟེན་གྱི་ལུང་ཡོད་པ་སྟེ།    བེམ་པོ་ཆུ་ལ་བསྐྱུར་པས་ན་ཆུ་དུར་དང་།  བེམ་པོ་ས་འོག་ཏུ་སྦས་པས་ན་ས་དུར། བེམ་པོ་མེ་ལ་སྟྀམ་པས་ན་མེ་དུར། བེམ་པོ་བྱ་ལ་གཡེང་སྟེ་བྱ་རྒོད་པོས་ནམ་མཁའི་དགོངས་བསྟད་དེ་མཐའ་མར་སྐྱི་སེར་རླུང་ལ་འཐིམས་པས་ན་རླུང་དུར་རམ་བ་དུར་ཡང་ན་གནམ་དུར་ཞེས་བཤད་སྲོལ་ཡོད་པ་རེད། དེའི་ཕྱིར་《རྒྱལ་རབས་གསལ་བའི་མེ་ལོང་》དུ་གནམ་གྱི་ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ།   ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ་ཞེས་གནམ་གྱི་ཁྲི་བདུན་ཡང་གནམ་དུར་ཡིན་ཤས་ཆེ་བར་སེམས།   དེས་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་གནམ་དུར་གྱི་ཆོ་ག་འདི་ནི་གནའ་བོའི་རྒྱ་གར་དང་བོད་མི་རིགས་གཉིས་ལ་མ་གཏོགས་གཞན་མི་རིགས་གང་ལའང་མེད་པའི་འདས་མཆོད་བྱེད་སྲོལ་རང་རྐྱ་འཕེར་བ་ཞིག་ཡིན།   དེང་དུས་ཀྱང་བོད་ཡུལ་དུ་ཕུང་བོ་གཟན་བསྐྱུར་གྱི་ལས་ཞེས་རྩིས་མཐོང་བྱེད་མཁན་ཤིན་ཏུ་མང་།
            གཉིས།  གརམ་དུར་གྱི་ཕར་ཡོར།  ཁོར་ཡུག་བཙོག་བཟོའི་ཐད་ནས་བརྗོད་ན།  ཆུ་དུར་གྱིས་ཆུའི་ཁོར་ཡུག་ལ་བཙོག་བཟོ་བྱེད་པ་དང་།  ས་དུར་གྱིས་སའི་ཁོར་ཡུག་ལ་བཙོག་བཟོ་བྱེད།  མེ་དུར་གྱིས་ནམ་མཁའི་མཁའ་དབུགས་ལ་བཙོག་བཟོ་བྱེད།   འོན་ཀྱང་གནམ་དུར་ལ་མཚོན་ན་ས་ཆུ་མེ་རླུང་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་ནམ་མཁའ་སོགས་གང་ལའང་བཙོག་འགྱུར་དང་གནོད་པ་མི་བྱེད།   སྐྱེ་ཁམས་རྟེན་གནས་ཀྱི་ཐད་ནས་བརྗོད་ན།  དུར་ལས་དང་སྐྱེ་ཁམས་བར་འབྲེལ་བ་ཟབ་མོ་ཡོད་དེ། ས་དུར་གྱིས་སའི་སྐྱེ་ཁམས་རྒྱ་ཆེན་པོ་བཙོག་བཟོ་དང་འཕྲོ་བརླག་བྱེད་ཅིང་།  ཆུ་དུར་གྱིས་ཆུ་མི་གཙང་བར་བཟོས་ཏེ་ཆུའི་སྐྱེ་ཁམས་རྟེན་གནས་དང་དེར་གནས་ཀྱི་སེམས་ཅན་ཀུན་ལ་གནོད་པ་བྱེད། འོན་ཀྱང་གནམ་དུར་ལྟ་བུར་མཚོན་ན་དེ་འདྲ་མ་ཡིན་པར་སྐྱེ་ཁམས་རྟེན་གནས་ཀྱི་ཐད་ནས་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པ་སྟེ།    དཔེར་ན། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག(生态系统)ཐད་ནས་བརྗོད་ན།    ནགས་ཚལ་དང་ནགས་ཚལ་ལ་གནས་པའི་བྱ་བྱེའུ་འབའ་འབུ།  གཅན་གཟན་རི་དྭགས་ཡོད་ཚད་ཀྱིས་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་གྲུབ་ཅིང་། རྩྭ་ཐང་དང་རྩྭ་ཐང་དུ་གནས་པའི་བྱ་བྱེའུ་འབའ་འབུ། གཅན་གཟན་རི་དྭགས།  རྟ་ནོར་ལུག་གསུམ།  འགྲོ་བ་མིའི་རིགས་ཡོད་ཚད་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གྲུབ་ཡོད།  སྐྱེ་ཁམས་མ་ལག་ཁྲོད་ཀྱི་སྐྱེ་དངོས་ཡོད་ཚད་གཅིག་གིས་གཅིག་ལ་བརྟེན་ཅིང་གཟན་བྱེད་པས“གཟན་གྱི་དྲ་བ་(食物网)”⑾ཆེན་པོ་ཞིག་ལོ་ངོ་དུང་ཕྱུར་མང་པོའི་འཕེལ་འགྱུར་ལས་རང་བཞིན་གྱིས་ཆགས་ཡོད། འགྲོ་བ་མི་རིགས་ཀྱིས་ནགས་ཚལ་བཅད་ཅིང་།   རི་དྭགས་བསད།  རྩྭ་ཐང་བདག་ཏུ་བཟུང་བ་སོགས་ཀྱིས་གཟན་དྲ་དེར་གཏོར་བརླག་ཚབས་ཆེན་ཐེབས་ཏེ་གཅན་གཟན་དང་རི་དྭགས།   བྱ་རིགས་མང་པོ་ཞིག་འཇིག་རྟེན་སྟེང་བག་ལ་ཞ་བར་གྱུར་ཏེ། ས་གཞིའི་སྟེང་རང་བྱུང་གི་གནོད་འཚེ་མང་པོ་བསླངས་པས་སྐྱེ་ཁམས་ལ་གནོད་པ་ཧ་ཅང་ཆེ། དཔེར་ན། ཉེ་བའི་ལོ་འགའི་སྔོན་གྱི་རང་རེའི་རྩྭ་ཐང་གི་ཨ་བྲའི་གནོད་པ་ལྟ་བུར་མཚོན་ནའང་དེ་ནི་རྩྭ་ཐང་གི་འདབ་ཆགས་བྱ་རིགས་ཇེ་ཉུང་དུ་སོང་སྟེ་རྩྭ་ཐང་གི་སྐྱེ་ཁམས་དོ་མ་མཉམ་པ་ལས་བྱུང་བའི་རང་བྱུང་གི་གནོད་པ་ཞིག་ཏུ་འཁུམས།   ཡིན་ནའང་བོད་ཀྱི་གནམ་དུར་ནི་བེམ་པོ་བྱ་ལ་ཟ་རུ་འཇུག་པ་ཡིན་པས་དེས་“སྐྱེ་ཁམས་དོ་མཉམ་”⑿གྱི་ཐད་སྙོམ་སྒྲིག་གི་ནུས་པ་གལ་ཆེན་ཐོན་ཞིང་རང་བྱུང་ཁམས་ཀྱི་སྐྱེ་ཁམས་ཆོས་ཉིད་དང་ཧ་ཅང་མཐུན་པོ་ཡོད།
            མཐོ་སྒང་གི་བྱ་རྒོད་མྱུར་སྐྱོབ་ཀྱི་ཐད་ནས་བརྗོད་ན། སྤྱིར་བྱ་རྒོད་ཀྱི་ཁྱུ་ཚོགས་ལ་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི།    བྱ་རྒོད་པོས་ནམ་མཁའི་དབྱིངས་བསྟད་དེ་ཕྱོགས་བཞིར་རྒྱང་ལྟ་བྱེད་སྐབས། རྒྱང་གྲགས་མང་པོས་ཆོད་པའི་ས་གཞི་སྟེང་གི་གཟུགས་ཕྲ་རགས་ཕལ་མོ་ཆེ་གསལ་པོར་མཐོང་ཐུབ་པས་གནས་གང་ན་གཅན་གཟན་གྱིས་རི་དྭགས་ཅི་བསད་ཡོད་པ།  གནས་གང་ན་སྲོག་ཆགས་ཤི་ཡོད་པ་སོགས་རང་ཉིད་ཀྱི་ཁ་ཟས་ག་ས་གང་དུ་ཡོད་པ་གསལ་པོར་མཐོང་འཕྲད། བྱ་ཁྱུ་ཁྲིད་དེ་གནས་དེར་འཕུར་ཏེ་བྱ་རིགས་མང་པོས་ལྷན་དུ་སྲོག་ཆགས་ཀྱི་བེམ་པོ་གཙང་མར་ཟ་བས་བྱ་རྒོད་དེ་རིགས་ནི་བོད་ཁམས་ཀྱི་མི་གཙང་བ་དག་ཕྱགས་བདར་བྱེད་པའི་གཙང་སྦྲ་མཁན་དུ་བརྗོད་ཆོག
སྔོན་ཆད་མདོ་དབུས་མཐོ་སྒང་དུ་གཅན་གཟན་དང་རི་དྭགས་སོགས་རིགས་མང་པོ་ཡོད་པས་བྱ་རྒོད་ཀྱི་ཁྱུ་ཚོགས་ལ་འཚོ་རྟེན་ཕུན་སུམ་ཚོགས་པོ་ཡོད།   འོན་ཀྱང་འགྲོ་བ་མིའི་རིགས་ཀྱིས་བསྟུད་མར་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་བཟོས་པས་འདབ་ཆགས་རིགས་མང་པོ་ཞིག་མཐོ་སྒང་ནས་བག་ལ་ཞ་བར་གྱུར་ཏེ།  བྱ་རྒོད་ཀྱི་འཚོ་རྟེན་ཡང་གཙོ་བོ་བོད་ཀྱི་གནམ་དུར་ལ་བརྟེན་དགོས་པ་བྱུང་བས་བོད་ཀྱི་གནམ་དུར་ལ་བྱ་རྒོད་ཀྱི་རིགས་འཚོ་གནས་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེ་བས་མཐོ་སྒང་དུ་དེང་སྐབས་ཀྱང་བྱ་རྒོད་ཁྱུ་དང་ཁྱུ་མཐོང་ཐུབ་པ་འདི་བོད་ཀྱི་གནམ་དུར་གྱི་བཀའ་དྲིན་ཡིན།  འོན་ཀྱང་ཉེ་བའི་ལོ་བཅུའི་ནང་།  མཐོ་སྒང་གི་བྱ་གོ་བོའི་རིགས་ཀྱི་གྲངས་ཀ་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་ཕྱིན་ཏེ།  རྩ་མེད་དུ་འགྲོ་བར་ཉེན་ཁ་ཤིན་ཏུ་ཆེ་བ་འདི་ཡང་བོད་ཀྱི་གནམ་དུར་བྱེད་ལུགས་དང་འབྲེལ་བ་ཆེན་པོ་ཡོད་དེ།  ད་ལྟའི་གནམ་དུར་བྱེད་ལུགས་ལྟར་ན།  ཐོག་མར་བེམ་པོ་བྱ་རྒོད་ཀྱི་ཁྱུ་ཚོགས་ལ་ཟ་རུ་བཅུག་རྗེས་ཤུལ་དུ་ལུས་པའི་རུས་པ་ལྷུ་ཆེ་བ་རྣམས་ཡང་དང་བསྐྱར་གྱིས་ཆུང་ངུར་གསིལ་ཏེ་རྩམ་བསྲེས་བརྒྱབ་རྗེས་ཤ་རུས་ཡོངས་སུ་བྱ་བརྒྱའི་ཚོགས་ལ་གཙང་མ་གཙང་དག་བྱས་ཏེ་ཟ་རུ་བཅུག་པ་དེས་བྱ་གོ་བོའི་ཟ་སྐལ་མེད་པར་བཟོས་པ་རེད། དེ་བས་ང་ཚོས་གནའ་བོའི་གནམ་དུར་བྱེད་ལུགས་ལྟར་གཤིན་པོའི་བེམ་པོ་དུམ་བུར་མི་གསིལ་བར་བྱས་ན་བྱ་རྒོ་བོའི་རིགས་མྱུར་སྐྱོབ་བྱེད་པར་དགེ་མཚན་ཆེན་པོ་ལྡན་པར་སེམས།
            མཇུག་བསྡུ་བའི་གཏམ།
            གནམ་དུར་བྱེད་ལུགས་འདི་ལས་བོད་མི་རིགས་ལ་གཞན་གཅེས་དང་སྙིང་རྗེ། འཆམ་མཐུན་བཅས་ཀྱི་བསམ་བློ་ཁྱད་པར་ཅན་ཡོད་པ་རྟོགས་ཐུབ་སྟེ།  རང་ཉིད་འཚོ་ཐབས་བགྱི་བའི་སྐབས་སུ་གཞན་ལ་འཚེ་བ་མི་བྱེད་པ་མ་ཟད། ཐ་ན་འཆི་བའི་བེམ་རོ་འདི་ཡང་ཕངས་སེམས་མེད་པར་བར་སྦྱིན་པ་སོགས་གཞན་ཕན་གྱི་དོན་བྱེད་པའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་མངོན་ཡོད། འདི་ནང་བསྟན་ཆོས་ངོས་ནས་བཤད་ན། ཚེ་འདས་ཀྱི་ཤ་ཁྲག་རུས་གསུམ་བཅས་བྱ་རྒོད་ལ་སྦྱིན་པ་བཏང་བ་དེས་ཚེ་འདས་ལྡན་གཉིས་ནས་བསོད་ནམས་རྒྱ་ཆེར་གསོག་པ་དང་།  དེའི་སྟོབས་ཀྱིས་ཡུལ་ཁམས་དེར་ཆར་ཆུ་དུས་སུ་འབབ་པ་དང་།  ལོ་ཕྱུགས་རྟག་ཏུ་ལེགས་ཤིང་།  གནས་སྐབས་ནད་ཡམས་དང་འཁྲུག་རྩོད་སོགས་མེད་པ་དང་། མཐར་ཐུག་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཡོང་བར་བཤད་ཡོད་པས།    བོད་ཀྱི་གནམ་དུར་འདི་གཅིག་ནས་ཆོས་ལུགས་ཀྱི་དགོངས་དོན་ཟབ་མོ་དང་མཐུན་ཞིང་།  གཉིས་ནས་རང་བྱུང་སྐྱེ་ཁམས་ཀྱི་ཆོས་ཉིད་དང་ཁོར་ཡུག་སྲུང་གཉེར་སོགས་དང་ཡང་ཧ་ཅང་མཐུན་པོ་ཡོད་པ་རེད།  མེ་དུར་ལ་ཁོར་ཡུག་སྲུང་སྐྱོང་ཐད་ནས་གནོད་པ་ཆེ་བས།  ང་ཚོས་སྐྱེ་ཁམས་སྙོམ་བསྒྲིགས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པར་བསམ་གཞིགས་བཏང་སྟེ།  ཕྱོགས་གཅིག་ནས་འགོ་ནད་དང་།  དུག་སོགས་ཀྱིས་ཤི་བ་མིན་ན་སྤྱིར་བཏང་དུ་མེ་དུར་མི་བྱེད་པའམ་ཡང་ན་མེ་དུར་བྱེད་པ་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ།  སྐྱེ་ཁམས་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས།   ཕྱོགས་གཅིག་ནས་བོད་ཀྱི་སྲོལ་རྒྱུན་གྱི་མེ་དུར་བྱེད་ལུགས་དང་དེང་རབས་ཀྱི་མེ་དུར་བྱེད་ལུགས་གཉིས་ཟུང་འབྲེལ་བྱས་ནས་མེ་དུར་ཀྱིས་ཕྱིའི་ཁོར་ཡུག་ཁྲོད་འཕུད་པའི་ཏན་འགྱུར་དངོས་པོ་(NO)དང་། དབྱང་གཅིག་ཐན་རྫས(CO)། དབྱང་གཉིས་མུ་ཟི་(SO2)།  མུ་ཟི་ཆང་(H2X)།  དངུལ་ཆུ་(Hg)སོགས་ཀྱི་འཕུད་ཚད་ཆེས་དམའ་བའི་ཚད་ལ་འབབ་པར་བརྩོན་ལེན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱེད་དགོས་སོ།།
            མཆན།
            ①②ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང》 མི་རིགས་དཔེ་སྐྲུན་ཁང་།1981.5  P55  P55.    
            ③⑦庚镇城译: 《生命起源的化学基础 》,上海科学技术出版社, 1978年4月, 第,17、40页。
            ④⑥⑩⑾黄厚哲编:《生物学概论》, 高校教材,高等教育出版社, 1984年4月, 第8、442 - 444、447、440、,10-16页。
            ⑤⑦⑧人民教育出版社生物室编:《生物》,高中教材第二册, 2006年11月,第87页。
            ⑥⑿刘天齐编:《环境保护概论 》, 高校教材, 人民教育出版社,  1982年7月 , 第23 - 26、27页。   
            ⑨《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ》 པོད་གསུམ་པ།  ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009.4  P374

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1