བཅའ་སྡོད་ལས་ཀ་ནན་གྱིས་བསྒྲུབ།། མི་སེར་སེམས་པ་དྲོད་ཀྱིས་ཁེངས།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-13


འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོའི་བཀྲ་སྐོར་སྡེ་པའི་ཧྲུའུ་ཅི་དང་པོ་ཧྥང་དབྱིན་གྱི་གནས་ཚུལ་རགས་བཀོད།

        2015ལོའི་ཟླ་9པར། འཛམ་ཐང་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ལས་ཀའི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ་ཧྥང་དབྱིན་རྫོང་མདའ་ཡུལ་ཚོའི་བཀྲ་སྐོར་སྡེ་པར་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་དུ་མངགས། འདས་པའི་ལོ་ངོ་གསུམ་གྱི་རིང་དུ། དེ་གའི་མང་ཚོགས་རྣམས་ཀྱིས་ཁོ་ལ་ཉེན་རྟོག་པ་ཞེས་འབོད་ཅིང་། སྔར་དཔལ་འབྱོར་གྱིས་ཤིན་ཏུ་དབུལ་བའི་བཀྲ་སྐོར་སྡེ་པའི་ཧྲུའུ་ཅི་ཧྥང་དབྱིན་གྱི་སྣེ་ཁྲིད་ལ་བརྟེན་ཏེ། སྡེ་དམངས་ཚོའི་འཚོ་བ་ཡར་ངོའི་ཟླ་བཞིན་ཇེ་བཟང་དུ་འགྱུར་བཞིན་འདུག

        2019ལོའི་ཟླ་4པའི་ཚེས་22ཉིན། སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་དང་པོ་ཕུལ་བྱུང་གི་འོས་མིར་གཟེངས་བསྟོད་བྱེད་པའི་མིང་ཡིག་བཀྲམ་པ་དང་།ཞིང་ཆེན་ཡོངས་སུ་ཧྲུའུ་ཅི་དང་པོ་ཕུལ་དུ་བྱུང་བ་550བདམས་པའི་ཁྲོད་དུ་བཀྲ་སྐོར་སྡེ་པའི་ཧྲུའུ་ཅི་དང་པོ་ཧྥང་དབྱིན་གྱི་མིང་ཡོད་པ་རེད། གཟེངས་བསྟོད་དེ་རང་དགར་ཐོབ་པ་ཞིག་མ་ཡིན་པར་ཁོས་ལོ་ངོ་གསུམ་གྱི་རིང་ལ་འབད་པ་ལྷོད་མེད་བྱས་པའི་འབྲས་བུ་རེད།ཡིད་སེམས་རྣལ་དུ་ཕབ་སྟེ། ཁྱིམ་ཚང་རེ་རེར་འཚམས་འདྲིར་འགྲོ།




སྣུམ་ཚལ་གྱི་མེ་ཏོག་ར་བར་ལྡུམ་བུ་འབལ་བཞིན་པ། 


        ལུས་ལ་ཉེན་རྟོག་པའི་ལྭ་བ་སྔོན་པོ་ཞིག་གྱོན་འདུག་པ་དང་། བྱ་བ་གང་ཡིན་ལ་གཟབ་ནན་ཆེ་ཞིང་། དུས་རྒྱུན་སྨྲ་བ་ཉུང་ལ་ངོ་ལ་འཛུམ་མདངས་ཀྱིས་དབུལ་བ་ཞིག་རེད། སྐད་ཆ་འདི་ཧྥང་དབྱིན་གྱིས་བཀྲ་སྐོར་སྡེ་པའི་མང་ཚོགས་རྣམས་ལ་བཞག་པའི་བག་ཆགས་ཐོག་མ་ཡིན་འདུག་ལ། དང་ཐོག་མང་ཚོགས་ཚང་མ་ཁོ་ལ་དེ་འདྲ་བཅར་མི་ཕོད་ལ། བར་ཐག་ཀྱང་རིང་པོ་འདུག་པས། དེས་ཁོས་བྱ་བ་སྒྲུབ་པར་དཀའ་ཁག་མང་པོ་བཟོས། དེའི་ཕྱིར། གལ་ཏེ་མང་ཚོགས་ཀྱི་དགའ་བསུ་མི་ཐོབ་ལ། མང་ཚོགས་དང་བར་ཐག་ཉེ་བ་ཞིག་མ་བྱུང་ཚེ། མང་ཚོགས་ཀྱིི་སྣེ་ཁྲིད་ནས་དབུལ་གྲོལ་ཕྱུག་འགྱུར་བྱ་རྒྱུ་ཕར་ཞོག།རྩ་བའི་ལས་ཀ་ཙམ་ཡང་སྒྲུབ་དཀའ་བར་འདུག་པས། ངེས་པར་དུ་མང་ཚོགས་དང་སེམས་པ་འོ་ཆུ་འདྲེས་པ་ལྟ་བུ་ཞིག་ཡོང་བར་འབད་དགོས་པའི་ངེས་ཤེས་ཟབ་མོ་སྐྱེས།
        དེ་བས། ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་རྣམས་ཁྱིམ་ཚང་རེ་རེར་འཚམས་འདྲིར་སོང་པ་དང་། ཁྱིམ་ཚང་དབུལ་པོའི་གྲས་སུ་འཇོག་འོས་མིན་ལ་གསར་དུ་ཞིབ་འཇུག་བྱས་ཤིང་། བསྐྱར་དུ་དཔང་ཡིག་ར་སྤྲོད་བྱས། ཟླ་3གྱི་དུས་ཡུན་དུ། ཁོ་ཚོ་འབྲོག་ས་ཁག་ཏུ་ཟབ་ཞུགས་བྱས་ཤིང་། མང་ཚོགས་1500ལྷག་ལ་འཚམས་འདྲི་བྱས་པར་མ་ཟད། ཁྱིམ་ཚང་དབུལ་པོའི་ཡིག་ཚགས་དག་ལའང་ཡང་བསྐྱར་ཞིབ་བསྡུར་དང་། ཡང་བསྐྱར་གནད་དུ་ཁེལ་བར་བྱས་ཏེ། དེ་དག་ལ་གློག་རྡུལ་ཡིག་ཚགས་བཟོས་པར་མ་ཟད། ཁྱིམ་ཚང་དབུལ་པོའི་གྲས་སུ་འཇོག་མི་འོས་པའི་ཁྱིམ་ཚང་3ཕྱིར་ཕུད་པ་དང་། དེའི་ཚབ་ཏུ་དབུལ་པོ་ཡིན་ཤག་གི་ཁྱིམ་ཚང་3ཡར་བཞག་སྟེ། དབུལ་སྐྱོར་གནད་དུ་འཁེལ་བར་བྱས་འདུག
        སྡེ་པའི་མང་ཚོགས་དང་ཟླ་བ་3ལྷག་འབྲེལ་འདྲིས་བྱས་པས། མང་ཚོགས་ཀྱིས་ད་གཟོད་ཕར་བལྟས་ན་དུས་རྒྱུན་སྨྲ་བ་ཉུང་བའི་ཉེན་རྟོག་པ་འདི་དོན་དངོས་སུ་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་ཞུ་བསྒྲུབ་པར་འབད་མཁན་ཞིག་ཡིན་པ་ཤེས།


ཧྲུའུ་ཅི་ཧྥང་དབྱིན་གྱིས་སྡེ་པའི་ལམ་ཞེང་ཚད་ལེན་བྱེད་བཞིན་པ།
         བཀྲ་སྐོར་སྡེ་པའི་མང་ཚོགས་ཀྱིས་ནོར་འཚོ་བ་དང་། སྨན་རྩྭ་རྐོ་བ་ཙམ་གྱི་ཡོང་འབབ་ལ་བརྟེན་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། དཔལ་འབྱོར་གྱི་ཡོང་སྒོ་ཤིན་ཏུ་ཉུང་། སྡེ་པ་ཡོངས་ལ་ཁྱིམ་ཚང་139ཡོད་པ་དང་། མི་གྲངས་520ཡོད་ལ། ཁྱིམ་ཚང་34དང་མི་གྲངས་139དེ་དབུལ་པོ་ཡིན། ལོ་ངོ་གསུམ་གྱི་རིང་དུ། ཧྥང་དབྱིན་དང་ལས་སྒྲུབ་ཚོ་ཆུང་གིས་ལྡུམ་ཚལ་འདེབས་པ་དང་། ཁྱིམ་འབྲེལ་གྱིས་ནོར་འཚོ་བ་སོགས་དབུལ་གྲོལ་ཐུབ་པའི་ཐབས་ཤེས་མང་པོ་ཞིག་དྲན་ནའང་། སྡེ་པའི་མང་ཚོགས་ཚོའི་བསམ་བློར་རྗེས་ལུས་ཐེབས་པས། གཅིག་ཀྱང་སྒྲུབ་མ་ཐུབ་པར་ལུས། དེའི་ཕྱིར། ཧྥང་དབྱིན་གྱི་སེམས་སུ་གལ་ཏེ་མང་ཚོགས་རྣམས་དབུལ་གྲོལ་བྱ་དགོས་ན། ཐོག་མར་ཁོ་ཚོའི་བསམ་པའི་འདུ་ཤེས་བསྒྱུར་རྒྱུ་གནད་རྩ་ཡིན་པར་ཤེས།


        ལོ་ངོ་10གྲངས་ཤིག་གི་རིང་ལ་གཞི་རིམ་ནས་བྱ་བ་བསྒྲུབས་མྱོང་བའི་ཧྥང་དབྱིན་ལ་མཚོན་ན། དབུལ་གྲོལ་འགག་སྒྲོལ་གྱི་ཕྱོགས་སུ་ལག་གསར་ལྟ་བུ་ཡིན་ནའང་། གཞི་རིམ་གྱི་ལས་ཀར་ཆ་ཡོད་རྒྱུས་ཡོད་ཅན་ཡིན་ཟེར་ནའང་མི་ཆོག་པ་ཅི་ལ་ཡོད་དེ། ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་རྣམས་མང་ཚོགས་ཚོ་དང་མཉམ་ཟ་མཉམ་འཐུང་ཡིན་ལ། མཉམ་དུ་ཞག་འདུག་བྱས་པ་དང་། མཉམ་དུ་ལས་ཀ་བྱེད་བཞིན་འདུག་ལ། མཚན་མོའི་སློབ་གྲྭ་སྟེ། “བཟང་བཞི་སྡེ་པ་”དང་། “གཅིག་དྲུག་”གི་ལས་ཀ་སྒྲུབ་པ་སོགས་ཀྱི་བྱེད་སྒོ་བསྒྲུབས་ཏེ། ཁྱིམ་ཚང་དབུལ་པོ་རྣམས་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་བཟོས།
        ཐབས་ཤེས་སྣ་ཚོགས་བརྒྱུད་དེ། ལོ་རེ་བཞིན་ཁྱིམ་ཚང་ཆེས་མཛེས་པ་རེ་བདམས་ཤིང་། ཡོང་འབབ་ཇེ་མང་དུ་འགྲོ་བར་འབད་པ་དང་། སྡེ་ཁྲིམས་དང་དམངས་ཁྲིམས་བརྩི་ལ། ཁྱིམ་གྱི་ཁོ་ར་ཁོར་ཡུག་ཀུན་ལ་གཙང་སྦྲ་བཟང་བའི་ཁྱིམ་ཚང་དབུལ་པོ་རྣམས་ལ་གཟེངས་བསྟོད་ཀྱིས་སྐུལ་མ་བྱས། དེ་ལྟར་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཐབས་ཤེས་སྣ་ཚོགས་སྤྱད་པས། སྡེ་པ་དེའི་མང་ཚོགས་རྣམས་ཀྱི་བསམ་བློར་རིམ་གྱིས་འགྱུར་ལྡོག་ཐེབས།
        སྡེ་པ་དེའི་མང་ཚོགས་མགོན་པོ་བྱ་བ་གཅིག་པོར་མཚོན་ནའང་། སྔར་བྱ་བ་གང་ཡང་མི་སྒྲུབ་པར་རང་དགར་འཁྱར་ཉུལ་ཁོ་ནས་དུས་འདའ་བ་ཞིག་ཡིན་ནའང་། ཧྥང་དབྱིན་སྡེ་པ་དེར་ཐོན་པའི་དུས་ཐོག་མ་ཉིད་ནས་ལེ་ལོའི་དབང་དུ་གྱུར་པའི་མགོན་པོ་ངོ་ཤེས་པར་གྱུར་པ་དང་། དེ་ནས་མགོན་པོའི་ཁྱིམ་དུ་བལྟ་རུ་སོང་བར་མ་ཟད། ཁྱིམ་གཞིས་ཀྱང་རྒྱུ་ནོར་གྱིས་ཤིན་ཏུ་དབུལ་བ་ཞིག་ཡིན་པར་ཤེས་ཏེ། ཁོར་རྒྱུ་འབྱོར་གྱིས་དབུལ་བར་སྐྲག་དགོས་དོན་མེད། ད་ལྟ་སྲིད་ཇུས་བཟང་པོ་ཡོད་པས། རང་ཉིད་ཀྱིས་རང་གི་འཚོ་བའི་དོན་དུ་འབད་པ་བྱོས། ལེ་ལོ་སྒྱིད་ལུག་གི་དབང་དུ་མ་སོང་བར་བྱས་ན། འཚོ་བ་བཟང་པོར་ལོངས་སྤྱོད་ཐུབ་པར་དཀའ་ཁག་ཅི་ཡོད་ཅེས་ཡང་ནས་བསྐྱར་དུ་སློབ་གསོ་བྱས་པར་མ་ཟད། ལས་སྒྲུབ་ཚོ་ཆུང་གི་བཀོད་སྒྲིག་འོག་ཏུ་ཁོ་རང་ཡུལ་ཚོའི་ནང་དུ་ལས་གླ་བྱེད་པར་ཁྲིད། དེ་ལྟར་ཧྲུའུ་ཅི་ཧྥང་དབྱིན་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་ཚོའི་སྣེ་ཁྲིད་དང་། ཁོ་རང་ཉིད་ཀྱི་འབད་པར་བརྟེན་ཏེ། ཁྱིམ་ཚང་དབུལ་པོའི་གནས་ནས་གྲོལ་བར་གྱུར་ལ། རང་གི་བྱིས་པ་གཉིས་པོའང་བྱིས་གཉོར་ཁང་དུ་མངགས་འདུག །ཁོས་ཧྥང་དབྱིན་ལ། ད་ནས་བཟུང་དབུལ་ཞྭ་མི་གྱོན་སེམས་ཐག་ཡིན། ངས་རང་ཉིད་ཀྱི་ལག་པ་ཟུང་ལ་བརྟེན་ཏེ། འཚོ་བ་མཛེས་སྡུག་དང་ལྡན་པ་ཞིག་རོལ་ངེས་ཡིན་ཞེས་བཤད།
        མགོན་པོའི་འགྱུར་ལྡོག་གིས་སྡེ་དམངས་རྣམས་ལ་ཤུགས་རྐྱེན་བཟང་པོ་བཞག སྡེ་དམངས་རྣམས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་ནས་ངལ་རྩོལ་གྱི་ལག་རྩལ་སོགས་བསླབས་ཏེ། ཁོ་ཚོའི་བསམ་བློར་འགྱུར་ལྡོག་ཐེབས་པར་མ་ཟད། སྣུམ་ཚལ་དང་། སྔོ་ཚལ་སོགས་འདེབས་འཛུགས་དང་། ཁང་རྩིག །རྡོ་རྐོ་སོགས་ཀྱི་ལག་རྩལ་ཀྱང་ཁོང་དུ་ཆུད་པས། ཧྲུའུ་ཅི་དང་པོ་སླེབས་པ་ནས་བཟུང་། ཐོན་ལས་ཀྱི་དབུལ་སྐྱོར་ཡང་ཡོད་པར་གྱུར་པས། སྡེ་དམངས་ཀྱི་སེམས་པ་རེ་བས་ཁེངས་ཤིང་། དམིགས་འབེན་གསལ་ཞིང་ཧུར་སེམས་ཀྱང་ཆེ་བར་གྱུར་ཏོ། །

ཐོན་ལས་དབུལ་གྲོལ་འཕེལ་རྒྱས་བཏང་སྟེ། སྡེ་དམངས་ཕྱུག་པོའི་ལམ་དུ་བཀོད།


དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
        2017ལོའི་ལོ་མཇུག་ཏུ། ཧྥང་དབྱིན་གྱིས་ལོ་ངོ་གཉིས་རིང་འགན་ཡུན་རྫོགས་ཤིང་། ཕྱིར་རྗོང་ཐོག་ཏུ་ལོག་ན་ཆོག་པ་ཡིན་མོད། མཐར་མང་ཚོགས་རྣམས་ཀྱི་རེ་བ་ཇི་བཞིན། རྗོང་ཐོག་ཏུ་ཕྱིར་མ་ལོག་པར་མུ་མཐུད་བཀྲ་སྐོར་སྡེ་པར་བྱ་བ་སྒྲུབ་རྒྱུའི་ཐག་བཅད། དེ་ནི་བཀྲ་སྐོར་སྡེ་པའི་མང་ཚོགས་ཚོའི་རེ་བ་ཁོ་ན་ཙམ་གྱིས་བསྡད་པའང་མ་ཡིན་པར། རང་ཉིད་གནས་དང་བྲལ་མི་ཕོད་པ་ལྟ་བུའི་བརྩེ་བ་ཆགས་ཟིན་པས་རེད། 2018ལོ་ནི་སྡེ་པ་དེ་ཉིད་དབུལ་གྲོལ་བྱས་ཏེ། དབུལ་ཞྭ་ཕུད་དགོས་པའི་ལོ་འཁོར་གལ་ཆེན་ཞིག་ཡིན་ལ། ཏག་ཏག་ལོ་འཁོར་དེར་ཧྥང་དབྱིན་གྱི་ཆུང་མར་མངལ་ཆགས་ཡོད་པས། རང་གི་ཆུང་མའི་གམ་ནས་ཆུང་མར་འདུག་རོགས་བྱ་དགོས་པའི་ཚད་དུ་ཡོད་ནའང་། བཀྲ་སྐོར་སྡེ་པ་དབུལ་གྲོལ་བྱེད་པའི་ལས་དོན་ལ་གཡེང་ཆེས་པས། ཐ་ན་ཆུང་མར་ཕྲུ་གུ་བཤའ་བཙའ་བྱེད་པའི་སྐབས་སུའང་འགྲོ་ཁོམ་བྱུང་མི་འདུག
        ཁོས་ཆུང་མར་ཕྲུ་གུ་བཙའ་བའི་སྐབས་སུའང་འགྲོ་ཁོམ་མ་བྱུང་བས། ངས་བྱ་བ་འདི་ལེགས་པར་བསྒྲུབ་དགོས། དེ་ལྟར་བྱས་ན་ཆུང་མར་ཡང་བཤད་རྒྱུ་ཞིག་འདུག་ལ། མང་ཚོགས་རྣམས་ཀྱི་ཡིད་ཆེས་ཀྱང་སྟོང་ཟད་དུ་མི་འགྲོ་ཞེས་བཤད།
        ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་ཚོས་དཔྱད་སྡུར་ཡང་ཡང་བྱས་མཐར། བཀྲ་སྐོར་སྡེ་པ་དབུལ་གྲོལ་བྱ་དགོས་ན། ངེས་པར་དུ་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་བསམ་བློ་སྐྱེས་པས། ཁོ་ཚོ་ཡང་བསྐྱར་ཁྱིམ་ཚང་རེ་རེར་སོང་སྟེ་བསམ་འཆར་དྲིས་ཤིང་། ཡུལ་ཚོ་དང་། རྗོང་ཐོག་སོགས་སུ་སོང་སྟེ། སྡེ་པ་དེར་འཚམས་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པར་གྱུར།
        2018ལོར། “ཀྲི་པུའུ།+ཁྱིམ་ཚང་།+ཁེ་བགོ”ཡི་འཕེལ་རྒྱས་ཀྱི་རྣམ་པས། མ་རྩའི་རྣམ་གྲངས་བཞི་ཡི་ཁྱོན་སྒོར་ཁྲི་105.69བེད་སྤྱོད་བཏང་སྟེ། བཀྲ་སྐོར་སྡེ་པའི་སྐྱེ་ཁམས་དབུལ་སྐྱོར་ཏེ། རོང་གྲོང་གི་ལྗོངས་རྒྱུ་སྣེ་ལེན་བྱེད་གནས་བཙུགས་ཤིང་། རྣམ་གྲངས་དེས་ཁྱིམ་ཚང་དབུལ་པོའི་ཁྱིམ་ནས་ཡོང་བའི་མི་མགོ་བདུན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་པོ་རེ་རེར་ལོ་གཅིག་གི་རིང་ལ་ཡོང་འབབ་སྒོར་400ལྷག་རེ་བགོ་ཆོག་པར་གྱུར་ལ། ཐུན་མོང་གི་དཔལ་འབྱོར་ཡོང་འབབ་ཀྱང་སྒོར་ཁྲི་9ལྷག་ཅིག་འཕར་བར་བྱས། དེ་དང་ཆབས་ཅིག་ཏུ། ཆེ་ཆུང་ལ་མུའུ་120ཡོད་པའི་སྣུམ་ཚལ་འདེབས་སའི་རྟེན་གཞི་བཙུགས་པ་དང་། ཆེ་ཆུང་ལ་མུའུ་5ཡོད་པའི་སྤྲོ་འཆམ་ལྟ་སྐོར་དང་། སྨན་ལྡུམ་འདེབས་འཛུགས་གཉིས་པོ་གཅིག་འདུས་ཡིན་པའི་རྩྭ་པདྨའི་དཔེ་སྟོན་མུའུ་དང་། མེན་དབྱང་དགེ་འོས་སློབ་གླིང་དང་ཐུན་མོང་གིས་ཆེ་ཆུང་ལ་མུའུ1.2ཡོད་པའི་གྲོ་མའི་དཔེ་སྟོན་མུའུ་བསྐྲུན་ཅིང་། སྡེ་པ་ཡོངས་དབུལ་གྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་རེ་བ་སྔར་བས་ཆེ་བར་གྱུར་ལ། 2018ལོའི་ལོ་མཇུག་ཏུ་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་པར་གྱུར།

        ད་ལྟ། བཀྲ་སྐོར་སྡེ་པའི་ཡུངས་དཀར་མེ་ཏོག་རབ་ཏུ་བཞད་ཅིང་། ཧྥང་དབྱིན་གྱི་སེམས་པའང་དགའ་བ་དང་སྤྲོ་བ་ཚད་མེད་ཀྱིས་ཁེངས་འདུག་སྟེ། སྡེ་པ་འདིར་ལོ་ངོ་གསུམ་གྱི་རིང་ལ་འབད་པ་ཆེས་ཆེར་བྱས་ལ། ཁོ་དང་མང་ཚོགས་དབར་གྱི་མཛའ་བརྩེའི་མེ་ཏོག་ཀྱང་གནས་འདིར་བཞད་ཡོད་པས། ཁོ་རང་སྡེ་པ་འདིར་དགའ་ཞིང་། སྡེ་པ་འདིར་དུངས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1