ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་ཕོ་བྱི་ལོའི(2020)ལོ་སར་དགོང་ཚོགས་སྐལ་བཟང་དཔྱིད་ཀྱི་སྨོན་འདུན་ཞེས་པའི་བརྙན་ཕབ་བྱ་བ་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-17


          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་ཕོ་བྱི་ལོའི(2020)ལོ་སར་དགོང་ཚོགས《སྐལ་བཟང་དཔྱིད་ཀྱི་སྨོན་འདུན》ཞེས་པ་ཟླ12པའི་ཚེས14དང་ཚེས15ཉིན་གྱི་དགོང་མོར་ཚོགས་ཤིང་བརྙན་ཕབ་བྱ་བ་ལེགས་འགྲུབ་བྱུང་། དགོང་ཚོགས་སྟེང་“མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས།  རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་སྤྱིའི་བརྗོད་དོན་དུ་བཟུང་སྟེ་དུས་རབས་གསར་བའི་ཉམས་དགའ་བའི་འཕོ་འགྱུར་གྱི་སྣང་ཚུལ་དང་གནམ་ལོ་གསར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་མངོན་པར་མཚོན་སླད། ས་གནས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་ཀྱི་གླུ་དང་རྡུང་ལེན། རྩེད་རིག དེང་རབས་ཀྱི་གཞས་དང་ཞབས་བྲོ། གར་ཆུང་། ཟློས་གར་སོགས་འཁྲབ་ཚན་བཅུ་དགུ་ཡིས་གྲུབ་པར་བྱས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་རིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་གང་ཅིའི་ཐད་ནས་བླངས་པའི་གྲུབ་འབྲས་མཚོན་པར་བྱས་ཡོད།
 
          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་ལོ་རེར་སྒྲུབ་བཞིན་པའི་བོད་ལུགས་ལོ་སར་དགོང་ཚོགས་ནི་བོད་རིགས་མི་དམངས་ཀྱིས་རེ་སྒུག་དང་དགའ་བསུ་བྱེད་པའི་གཟབ་རྒྱས་ཀྱི་རིག་རྩལ་དགོང་ཚོགས་ཤིག་ཡིན་ལ། ཐེངས་འདིའི་དགོང་ཚོགས་ལ་དབུས་གཙང་དང་། ཁམས་ཕྱོགས། ཨ་མདོ་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་གྱི་མདོ་འཛིན་པས་མདོ་འཛིན་བྱས་ཏེ།  མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཀྱི་བོད་ཁུལ་ནས་ཐོན་པའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ230གར་སྟེགས་གཅིག་ཏུ་འཛོམས་ནས་འཁྲབ་སྟོན་བྱས། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་ལས་གཞན། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་དམངས་གླུའི་སྒྱུ་རྩལ་པ་གླུ་གར་རྒྱལ། རིན་ཁོ། རྟ་བྷོ། གླུ་བ་ཤེར་བསྟན། པད་མ་བསམ་འགྲུབ་སོགས་བོད་ཁུལ་ན་ཆེས་དགའ་བསུ་ཐོབ་བཞིན་པའི་འཁྲབ་སྟོན་པ་མང་པོ་གདན་འདྲེན་ཞུས་ཡོད་པ་དང་། ད་ལོའི་དགོང་ཚོགས་ལ་ཨ་མདོའི་དམངས་གླུ་དང་རྩེད་རིག ཡུལ་ཤུལ་གྱི་བྲོ། དེ་མིན་ད་དུང་ཀན་ལྷོ་འབྲུག་ཆུ་དང་ཐེ་བོའི་དམངས་གླུ། བདེ་ཆེན་དང་ཆབ་མདོའི་བྲོ་གཞས། ལྷ་སའི་ནང་མ། མངའ་རིས་སྒྲ་སྙན་སོགས་རྣམ་པ་མང་ལ་ནང་དོན་ཕུན་སུམ་ཚོགས།
          དགོང་ཚོགས་འཁྲབ་ཁྲིད་ཚན་ཆུང་གིས་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དགོང་ཚོགས་ཀྱི་འགོ་མཇུག་བར་གསུམ་དུ་སྤྲོ་སྣང་འཆམ་མཐུན་དང་དགའ་སྤྲོའི་རྣམ་པས་ཁེངས་པར་བྱས་ནས་ཁྱད་ཆོས་ལྔ་འབུར་དུ་ཐོན་པར་བྱས་ཡོད་སྟེ། གཅིག་ནི་བརྗོད་དོན་དགོངས་དོན་དགོང་ཚོགས་འགོ་མཇུག་ཡོངས་ལ་ཁྱབ་པར་བྱས་པ་དང་། “མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་དང་། ”མི་རིགས་སོ་སོས་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་གཅིག་ཏུ་འཕེལ་རྒྱས་ཀྱི་གོ་འཕང་སྙེག”ཅེས་པ་དགོང་ཚོགས་ཡོངས་ཀྱི་བརྗོད་དོན་དུ་བཟུང་པ།  གཉིས་ནི“མཚོ་སྔོན་གཞི་རྐང་ཏུ་བཟུང་སྟེ། བོད་ཁུལ་ཡོངས་ལ་ཁ་ཕྱོགས་པའི“ངེས་གནས་གཏན་ཁེལ་གྱིས། མདོ་འཛིན་པ་དང་འཁྲབ་སྟོན་པ་ཚང་མ་བོད་ཁུལ་ཡོངས་ནས་གདན་འདྲེན་ཞུས་ཡོད་པ་མ་ཟད། དགོང་ཚོགས་ཀྱི་ནང་དོན་ཡང་ཡུལ་སྐད་ཆེན་པོ་གསུམ་གྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་པ་རེད། གསུམ་ནི་དགོང་ཚོགས་སྤྱིའི་ནང་དོན་མང་ཚོགས་ཀྱི་འཚོ་བའི་ཁ་ཕྱོགས་དང་མཐུན་ལ། དམངས་ལ་དྲོད་སྐྱིད་སྦྱིན་པ་བཅས་ཀྱི་ཁྱད་ཆོས་དང་། དགོང་ཚོགས་ཀྱི་རིག་རྩལ་ཁྲོད་ཆེད་ལས་རིམ་པའི་ཟློས་གར་དང་ཞབས་བྲོ་ཡོད་ལ། དམངས་ཁྲོད་ཀྱི་རྩེད་རིག་དང་དམངས་གླུ། རྡུང་ལེན་སོགས་ཀྱང་ཡོད།  བཞི་ནི་བོད་ཁུལ་གྱི་གླུ་བ་གྲགས་ཅན་དང་སྤྱིར་བཏང་གི་རོང་འབྲོང་མང་ཚོགས་ཀྱིས་མཉམ་གཅིག་ཏུ་《སྐལ་བཟང་དཔྱིད་ཀྱི་སྨོན་འདུན》ཞེས་པའི་ལོ་སར་དགོང་ཚོགས་ལ་རྟེན་འབྲེལ་ཞུས་པ་རེད། དགོང་ཚོགས་སྟེང་བོད་ཁུལ་ན་སྐད་གྲགས་ཆེ་བའི་ཆེད་ལས་སྒྱུ་རྩལ་པ་གདན་འདྲེན་ཞུས་ཡོད་པ་ལས་གཞན་དམངས་ཁྲོད་ཀྱི་སྒྱུ་རྩལ་མི་སྣ་ཡང་མི་ཉུང་བ་གདན་འདྲེན་ཞུས་ཡོད། ལྔ་ནི་རྒན་རབས་པ་དང་གཞོན་རབས་པ། དར་མ་སོགས་ལོ་ཚོད་མི་གཅིག་པའི་ལྟད་མོ་བའི་མོས་འདུན་ལྟར། འཁྲབ་ཚན17པའི་ནང་ན་ཆུང་བྱིས་པ་རྣམས་པའི་དགའ་བའི་རིག་རྩལ་དང་། རྒན་པ་རྣམས་དགའ་བའི་ཟློས་གར་དང་རྩེད་རིག་སོགས་སྲོལ་རྒྱུན་གྱི་རིག་རྩལ། དར་མ་རྣམས་དགའ་བའི་དེང་གཞས་དང་གླུ་གར་བཅས་ཀྱི་རིག་རྩལ་སོགས་བཀོད་སྒྲིག་བྱས་ཡོད་པ་རེད།
 
          ད་ལོའི་ལོ་སར་དགོང་ཚོགས་ནི2020ལོའི་ལོ་གསར་དང་བོད་ལུགས་ལོ་སར་སྐབས་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་གཞུང་ཕྱོགས་སྤྱི་སྟེགས་དང་ཉིན་རེའི་གངས་ལྗོངས་སྤྱི་སྟེགས། ཨ་མདོ་བརྙན་འཕྲིན་གྱི་འཁྱུག་དབྱིངས་བཅས་ནས་ཀྱང་སྤེལ་འཆར་ཡོད། །
 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1