ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-17



        སྤྱི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་སྨི་ཁེ་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུའུ་ཨའེ་ལུའོ་དང་མཇལ་མོལ་གནང་ཡོད། མཇལ་མོལ་མ་གནང་གོང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས་སྨི་ཁེ་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཏའེ་ཝེ•ཕ་ནུ་ཨའེ་ལུའོ་ནས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད་པ་རེད།
         གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་སྨི་ཁེ་རོ་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཡོད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཕ་ནུ་ཨའེ་ལུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད།
         ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་། རྒྱལ་དོན་ཨུ་ཡོན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་དང་ཧོ་ལི་ཧྥེང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཕེབས་ཡོད་པ་རེད།
         ཕ་ནུའུ་ཨའེ་ལུའོ་དང་ལྷན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྲས་སུ་མཁྱེན་ལྡན་མ་ཨའེ་ཏེ་ཝུན་དང་རྒྱལ་ཚོགས་ཀྱི་གྲོས་དཔོན་གཞོན་པ་སོགས་ཡོད། ཕ་ནུའུ་ཨའེ་ལུའོ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ཡོད།
         དགའ་བསུ་ཞུ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་ཕ་ནུའུ་ཨའེ་ལུའོ་དང་མཇལ་མོལ་གནང་ཡོད།
         ཞི་ཅིན་ཕིང་གིས་ཕ་ནུའུ་ཨའེ་ལུའོ་ཡིས་ཀྲུང་གོ་དང་སྨི་ཁེ་རོ་ནི་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ30འཁོར་མཚམས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། ཁོང་ནས་འགན་གནས་བཞེས་ཚུན་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱས་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་པར་བསྔགས་བརྗོད་ཞུས་ཡོད། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཆེ་ཆུང་གང་ཞིག་ཡིན་རུང་ཚང་མ་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་གསུངས་གནང་ཡོད།
         ཞི་ཅིན་ཕིང་གིས། ཙུང་ཐུང་སྐུ་ཉིད་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ30འཁོར་བ་དང་ཏག་ཏག་འཁེལ་ཡོད། ལོ་ངོ30ཡི་རིང་། ཀྲུང་གོ་དང་སྨི་ཁེ་རོ་ནི་ཡ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར། འདྲ་མཉམ་གྱི་རྨང་གཞིའི་ཐོག་དངོས་གཉེར་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་སྨི་ཁེ་རོ་ནི་ཡའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་སྨི་ཁེ་རོ་ནི་ཡ་ཕྱོགས་དང་ལྷན་དུ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ30འཁོར་བ་གོ་སྐབས་སུ་བརྩིས་ཏེ་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་དང་། མཉམ་ལས་རྒྱ་སྐྱེད་གཏོང་བ། སྤེལ་རེས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་སྨི་ཁེ་རོ་ནི་ཡ་ཕྱོགས་གཉིས་པོས་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་སྡེ་ཚན་དང་ཁྲིམས་འཛུགས་ལས་ཁུངས་བར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཅས་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་སྔ་ཕྱི་བར་གསུམ་དུ་སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་རང་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་རྒྱུར་བརྩི་འཇོག་བྱེད་པ་དང་། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་རྒྱལ་ཁབ་རང་བཙན་སྲུང་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཕྱོགས་གཉིས་པོས་བཟང་ཆ་གསབ་རེས་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཉོ་ཚོང་མ་འཇོག་དང་། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཡུལ་སྐོར་སོགས་ཁྱབ་ཁོངས་ནང་མཉམ་ལས་རྒྱ་ཆེ་རུ་གཏོང་དགོས། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་ཀྲུང་གོར་འཕང་གཟུགས་ཉ་སོགས་བཟང་ཆ་ལྡན་པའི་ཐོན་རྫས་སྔར་བས་མང་བ་ཕྱིར་གཏོང་བྱ་རྒྱུ་དང་། ཀྲུང་གོའི་ཕྱོགས་ནས་ཁྱབ་བསྒྲགས་བྱས་པའི་གླིང་ཕྲན་རྒྱལ་ཁབ་བར་མཉམ་ལས་དང་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་ཁག་བེད་སྤྱོད་གང་ལེགས་བཏང་སྟེ་དམངས་འཚོར་ཕན་འདོགས་པའི་དངོས་གཉེར་མཉམ་ལས་ཀྱི་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་ནུས་པས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་སྨི་ཁེ་རོ་ནི་ཡའི་ཕྱོགས་ལ་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་བར་མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། ད་ཐེངས་མིང་རྟགས་བཀོད་པའི་ཕན་ཚུན་བར་ཕྱི་འབྲེལ་དང་། གཞུང་དོན། གཞུང་དོན་གྱི་སྤྱིར་བཏང་ལམ་ཡིག་མེད་པ་བཟོ་བའི་མི་སྣའི་འཐུས་མཆན་ལག་ཁྱེར་གྱི་གྲོས་མཐུན་བཞག་པ་གོ་སྐབས་སུ་བརྩིས་ཏེ་ཕན་ཚུན་བར་མི་སྣ་འགྲོ་འོང་བྱ་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཟབ་ཏུ་གཏོང་བ། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་དང་ཧའེ་ནན་ཞིང་ཆེན་དང་སྨི་ཁེ་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་བར་ས་གནས་ཀྱི་མཉམ་ལས་ལ་དངོས་གཉེར་གྲུབ་འབྲས་དེ་བས་མང་བ་ཐོབ་བ་བྱེད་པ། འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་མུ་མཐུད་ནས་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོ་སོགས་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
         ཕ་ནུའུ་ཨའེ་ལུའོ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་གིས། ད་ཐེངས་འཚམས་འདྲི་བྱེད་རིང་། རང་ཉིད་ནས་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་རིག་གནས་དང་དེང་རབས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཉིས་ཕན་ཚུན་འོད་མདངས་འཕྲོ་རེས་བྱེད་པའི་མྱོང་ཚོར་ཟབ་མོ་བྱུང་། ཀྲུང་གོའི་ལྷག་བསམ་དག་པའི་གྲོགས་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོར་ཐོབ་པའི་རླབས་ཆེའི་འཕེལ་རྒྱས་གྲུབ་འབྲས་ལ་རང་ཉིད་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། མ་འོངས་པར་ཀྲུང་གོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་མཉམ་སྐྲུན་བྱེད་པའི་གྲོས་འགོ་དང་དེ་བཞིན་ཀྲུང་གོས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་ཐོན་པར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད། སྨི་ཁེ་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་ནི་མ་གཞི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཀྲུང་གོས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་བརྩི་འཇོག་བྱེད་པ་ཚོར་ཐུབ་ཀྱི་འདུག ཀྲུང་གོ་ནི་སྨི་ཁེ་རོ་ནི་ཡའི་མི་རིགས་རང་བཙན་བཅིངས་འགྲོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་སྔ་ཤོས་ཡིན་པ་མ་ཟད། སྨི་ཁེ་རོ་ནི་ཡའི་རྒྱལ་ཁབ་འཕེལ་རྒྱས་ཆེད་རོགས་རམ་གནང་མཁན་ཞིག་ཀྱང་ཡིན། སྨི་ཁེ་རོ་ནི་ཡ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་སྨི་ཁེ་རོ་ནི་ཡའི་རྒྱལ་ཁབ་དང་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་སྐྲུན་ཡོད། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་མུ་མཐུད་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བསྐྱད་བཤད་བྱ་རྒྱུ་ཡིན། ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་སོགས་ཀྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱིའི་རྒྱལ་ཁབ་ནས་ཐེ་ཇུས་བྱེད་མི་རུང་། ཀྲུང་གོས་ལེགས་འགྲུབ་ལྡན་པའི་ངང་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བའི་ཐོག་ནས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་བར་གཉིས་ཕན་མཉམ་ལས་དང་ཐུན་མོང་དར་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་པ་མཚོན་ཡོད། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མ་འོངས་པར་སྨི་ཁེ་རོ་ནི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་བས་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལའི་རང་བཞིན་གྱི་གནད་དོན་ལ་ཁ་གཅད་གཅོག་སྐབས་ནུས་པ་གལ་ཆེན་ཐོན་པར་དགའ་བསུ་ཞུ་གི་ཡོད་ལ་མུ་མཐུད་ཀྲུང་གོའི་ཕྱོགས་བར་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཀྱང་ཡོད། སྨི་ཁེ་རོ་ནི་ཡའི་ཕྱོགས་ནས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
         མཇལ་མོལ་གནང་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1