གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཚེ་རིང་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༡༨ཉིན།

༄༅།། ཙོང་ཁ་པ་དྲན་པའི་གདུང་དབྱངས།


ཚེ་རིང་རྡོ་རྗེ།
ཐུབ་བསྟན་ཀུ་མུད་གསལ་བའི་ག་བུར་དབང་། །ཙོང་ཁའི་ཡུལ་དུ་དཀར་གསལ་འོད་ཀྱིས་འཛུམ། །
ཁམས་གསུམ་འགྲོ་ལ་མཁྱེན་བརྩེའི་སྣང་བ་འབུམ། །སྩོལ་མཛད་བསྟན་པའི་མིག་ནི་ཕྱག་གི་ཡུལ། །
ཙནྡན་ཤིང་ལ་སྐུ་འབུམ་བྱོན་པའི་དུས། །རིགས་རུས་གཙང་བའི་དམ་པ་གང་གི་སྐུ། །
ཉི་ཟླ་སྐར་གསུམ་འཛོམས་པའི་རྟེན་འབྲེལ་ལས། །བསྟན་པའི་འོད་སྣང་གསལ་ཕྱིར་འཁྲུངས་ཚུལ་རྨད། །
དཔྱིད་ཀྱི་དཔལ་མོ་རྒྱས་པའི་ས་གཞི་ལ། །ཆར་སྤྲིན་སྒྲ་དབྱངས་སྙན་མོ་སྒྲོག་པ་བཞིན། །
མདོ་རྒྱུད་མང་པོར་ལུང་གིས་ཟིན་པ་ཡི། །གྲགས་པའི་མཚན་གྱི་གྲེ་འགྱུར་རྣ་བར་སྙན། །
བཤེས་གཉེན་བསྟེན་པ་གངས་ཀྱི་རི་བོ་རུ། །བརྩོན་འགྲུས་གཤོག་ཟུང་གངས་རིའི་སྤོ་ན་བརྗིད། །
ཤེས་རབ་ཉིན་བྱེད་གཞོན་ནུའི་འོད་ཟེར་ལས། །རིག་པའི་གནས་ལྔ་དག་ནི་གསལ་བར་བྱེད། །
བསླབ་པ་མནོས་ཤིང་འདུལ་བའི་བཅས་མཚམས་ལ། །ཆ་ཙམ་མ་འགལ་མི་ཚེའི་དོན་སྙིང་བཀོད། །
ཐུབ་བསྟན་ཡང་སྙིང་མདོ་སྔགས་རྒྱ་མཚོ་ཆེར། །གཏིང་མཐའ་ཡོངས་སུ་བགྲོད་པའི་དཔའ་བོ་ཆེ། །
འདུ་འཛི་གཡེང་བའི་དུག་མཚོན་རིང་ནས་སྤངས། །ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་མཁན། །
ལྟ་སྒོམ་སྤྱོད་གསུམ་གཙང་བའི་གཞོགས་སྟེགས་སུ། །སྐུ་གསུང་ཐུགས་ལ་བསྔགས་པ་མཛེས་མའི་གར། །
མ་བོས་སྤྲིན་བཞིན་འདུས་ཏེ་འཁོར་གྱིས་བསྐོར། །ལགས་སོ་འཛུམ་པའི་གུས་སློབ་ཚར་དུ་དངར། །
རྒྱལ་མཁས་ལྟ་བའི་དགེ་འདུན་འདུས་པའི་སྡེ། །རྒྱ་གར་པཎ་གྲུབ་རྣམས་དང་གཉིས་སུ་མེད། །
ཤཱཀྱའི་བསྟན་ལ་འཆད་རྩོད་རྩོམ་པ་ལས། །སྙན་པའི་བ་དན་ཕྱོགས་བཅུར་བསྒྲེངས་པ་ལ། །
འཛམ་གླིང་རྒྱན་གཅིག་བྱ་བྲལ་ཙོང་ཁ་པ། །སྲིད་པའི་སྒྲོན་མེའི་སྤུན་དུ་འོད་པོ་ཆེ། །
དབེན་པར་བསྟེན་ནས་རང་རྒྱུད་ཞི་བར་གནས། །དགོན་པ་བཏབས་ནས་གཞན་དག་སྐྱོང་ཁུལ་མཛད། །
རིས་མེད་གྲུབ་མཐའ་འཛིན་པའི་དམ་པ་གང་། །འཕགས་བོད་གཞུང་བརྒྱ་མཁྱེན་པའི་བསྐྱེད་རྫོགས་པ། །
ཆོ་འཕྲུལ་ཟླ་བའི་དུས་ཀྱི་མཁའ་དབྱིངས་དབུས། །དགེ་ལྡན་སྨོན་ལམ་ཆེན་མོའི་ཟླ་ཚེས་གསལ། །
ཇོ་བོར་དབུ་རྒྱན་ཕུལ་བའི་མེ་ལོང་ངོས། །ནག་ནོག་བྱི་དོར་མཛད་པ་སྐུ་བསོད་ཆེ། །
ལྟ་བ་རྟེན་འབྱུང་སྒོམ་པའི་རྟོགས་པ་དང་། །སྤྱོད་པ་འཚེ་མེད་གནང་བའི་མཛད་རྗེས་སུ། །
ལོ་འཁོར་དྲུག་བརྒྱ་འཁོར་བའི་ཟིན་ཐོ་རུ། །མཚན་སྙན་གླིང་བཞིར་ཁྱབ་པ་ཀུན་གྱིས་ཚོར། །
སྐྱེ་འཆི་ཀུན་སྤངས་རྡོ་རྗེའི་སྐུ་ཉིད་ཀྱང་། །རྟག་འཛིན་ཆོས་ལ་བསྐུལ་ཕྱིར་ཞི་བའི་དབྱིངས། །
རེ་ཞིག་འཐིམ་ཚུལ་བསྟན་ཀྱང་འགྲོ་བའི་དོན། །ནམ་ཡང་ཞུམ་པ་མེད་པའི་ཀློང་ན་བརྡོལ། །
མདོར་ན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བས། །ཆོས་ལ་ཆོས་བཞིན་མཛད་པའི་ཆོས་སྤྱོད་ཀྱིས། །
ཆོས་མིན་ཆོས་སུ་རློམ་པའི་ཆོས་མིང་བས། །ཆོས་ལོག་ཆོས་སུ་བསྟན་པ་དོར་ཅིག་ཨང་། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1