ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-23


     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ནས་ཚེས་18ཉིན་བར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཆིང་ཧྭ་སློབ་ཆེན་ནད་ཐོག་གསོ་རིག་སྨན་ཁང་གི་ཡོན་ཀྲང་། ཆིང་ཧྭ་སློབ་ཆེན་ཞོར་གཏོགས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ལག་བསྟར་ཡོན་ཀྲང་བཅས་ཡིན་པའི་ཏུང་ཅ་ཧུང་གིས་མི་5ལས་གྲུབ་པའི་ཚོགས་པ་ཞིག་ཁྲིད་དེ་བོད་ལྗོངས་ལྷ་སར་ཡོང་ནས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་རམ་འདེགས་བྱས་པ་རེད།
     དེའི་རིང་ཡོན་ཧྲི་ཏུང་ཅ་ཧུང་གིས་ཚོགས་པ་ཁྲིད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་མཆིན་སྐྲན་གཤགས་བཅོས་གཅིག་དང་རྙོག་འཛིང་ཆེ་བའི་ཐུམ་འབུའི་ནད་ཀྱི་གཤགས་བཅོས་གཅིག་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས“གཤགས་བཅོས་དེ་གཉིས་དཀའ་ཚེགས་ཆེ་ལ་འགྲན་སློང་ཡང་ཆེན་པོ་ལྡན་པས་ཆེད་མངགས་རིགས་གཅིག་མཁས་ཅན་གདན་དྲངས་པ་ཡིན། ད་ཐེངས་ཀྱི་གཤགས་བཅོས་བདེ་བླག་བྱུང་སོང་”ཞེས་བརྗོད་བྱུང་།
     ཏུང་ཅ་ཧོང་གིས་བོད་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སླད་ཕྱིན་ང་ཚོའི་ཚོགས་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་ལས་དམ་ཟབ་བྱས་ཏེ་རྙོག་འཛིང་ཆེ་བ་དང་བརྟག་དཔྱད་བྱེད་དཀའ་བའི་ཐུམ་འབུའི་ནད་སྨན་བཅོས་ཐད་ལག་རྩལ་གྱི་རོགས་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་།

     ཏུང་ཅ་ཧོང་གིས་ཆིང་ཧྭ་སློབ་ཆེན་ཞོར་གཏོགས་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་བཙུགས་ནས་ལོ་5སོང་རིང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁག་གཅིག་གསོག་འཇོག་བྱས་པ་དང་། དེང་རབས་ཅན་གྱི་སྨན་ཁང་དོ་དམ་ལམ་ལུགས་དང་གཉེར་སྐྱོང་རྣམ་པ་བཙུགས་པ། སྨན་ཁང་ཡོངས་ལ་ཁྱབ་པའི་ཆ་འཕྲིན་མ་ལག་ཡོད་ལ་སྔོན་ཐོན་གྱི་རིག་ལྡན་སྨན་བཅོས་མ་ལག་ཀྱང་ཞིབ་བཟོ་བྱས་ཡོད་པས་ད་ལྟ་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། སླད་ཕྱིན་བོད་དང་མཉམ་ལས་དམ་ཟབ་བྱས་ཏེ་ས་གནས་སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་རིག་ལྡན་སྨན་བཅོས་བོད་རིགས་ས་ཁུལ་དུ་འཕེལ་རྒྱས་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་དམངས་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1