ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-24



ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་ནི་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་སྟེང་དུ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་གཙོ་བོ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མཉམ་ལས་ཀྱི་འབྲེལ་བ་དམ་པོའི་གྲོགས་པོ་བཟང་བོ་ཡིན། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་མཉམ་བསྲེས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བཟུང་སྟེ་སྦས་ཤུགས་སྔར་ལས་སྔོག་འདོན་ཆེན་པོ་བྱེད་པ་དང་དངོས་གཉེར་མཉམ་ལས་ཀྱི་རིམ་པ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་རང་སྟེང་གི་འཕེལ་རྒྱས་དེ་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འདྲ་མཚུངས་གཉིས་ཕན་རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་མཉམ་སྤྱོད་དང་འགན་ཁུར་མཉམ་འཁུར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྤྱི་ཁོག་ནང་དུ་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་དང་རྒྱལ་ཁབ་གཉིས་ཀྱི་དྲང་བདེན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་ཟེར།
        ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ད་ལོ་ནི་ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་མཚོན་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་ཧན་གོ་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ། ཧན་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ལུས་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་ཧན་གོའི་ལྷོ་ཕྱོགས་གསར་བ་དང་བྱང་ཕྱོགས་གསར་བའི་སྲིད་ཇུས་དང་འབྲེལ་མཐུད་བྱས་ཏེ། མཉམ་འབྲེལ་སྒོས་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་མྱུར་དུ་ལག་བསྟར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་རོགས་ལས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།
        དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1