གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

ཁྱུང་ཕྲུག་བློ་བཟང་དར་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༢༤ཉིན།

༄༅།། གནའ་བོའི་གཞུང་རྙིང་《བསམ་གཏན་མིག་སྒྲོན་》གྱི་གསར་དཔྱད།


 ཁྱུང་ཕྲུག་བློ་བཟང་དར་རྒྱས།
[ནང་དོན་གནད་བསྡུས།] བོད་ཀྱི་ཆེས་ཐོག་མའི་རིག་གཞུང་བགྲོ་གླེང་ཆེན་མོ་སྟེ་བསམ་ཡས་ཆོས་རྩོད་ཅེས་པའི་ལོ་རྒྱུས་དང་བརྗོད་དོན་གྱིས་གནའ་ནས་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་རིག་པའི་རིག་གཞུང་ཞིབ་འཇུག་གླེང་སྟེགས་སུ་ཤན་ཤུགས་ཟབ་མོ་ཐེབས་ཤིང་བརྒལ་བརྟག་གི་རྩེ་དགའ་ཆད་མེད་དུ་བྱུང་། དེ་ལྟ་ནའང་སྔ་འགྱུར་བཀའ་མའི་ཁྲོད་ཀྱི་དཔེ་རྙིང་《བསམ་གཏན་མིག་སྒྲོན་》ཞེས་པ་འདི་ལས་རྩོད་གླེང་དེའི་བརྗོད་དོན་གྱི་ལྟ་སྒོམ་རྒྱས་བཤད་ངོས་རྫོགས་པ་ཆེན་པོའི་རིང་ལུགས་གསལ་བར་བསྟན་པ་དང་མཚུངས་སུ་སྐབས་དེའི་འབྲེལ་ཡོད་ཀྱི་ལོ་རྒྱུས་ཁག་ཅིག་ཀྱང་ས་ཕྱར་ཏེ་རྡོ་ལྷང་ལ་བུད་པའི་དཔེ་བཞིན་ཡོངས་གྲགས་ལས་འདས་པ་མངོན་གསལ་དུ་བྱུང་། དེར་བརྟེན་ཁོ་བོས་འདིར་མི་རིགས་དང་ས་ཁོངས།    རིག་གནས་དང་གྲུབ་མཐའི་ཕྱོགས་ཞེན་རིང་དུ་བཏང་ནས་དེའི་སྐོར་གསལ་སྟོན་གྱིས་ཞིབ་འཇུག་དཔྱད་འཇོག་གང་ལྕོགས་བགྱིས་ཡོད།།
[བརྡ་ཆད་གཙོ་བོ།] བསམ་གཏན་མིག་སྒྲོན། གནུབས་སངས་རྒྱས་ཡེ་ཤེས། མ་ཧཱ་ཡ་ན། ཡེ་ཤེས་དབང་པོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   B946.6།
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]   1002-9060(2013)03-0018- 13 
        དང་པོ། ཡིག་རྙིང་《བསམ་གཏན་མིག་སྒྲོན་》གྱི་རྩོམ་པ་པོའི་ལོ་རྒྱུས་ལ་དཔྱད་པ།
        འདིའི་རྩོམ་པ་པོ་ནི་སྔ་འགྱུར་རིང་ལུགས་ཀྱི་མཁས་གྲུབ་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞུ་བ་དེ་ཡིན། ཁོང་ནི་སྤྱི་ལོ832ལོ་སྟེ་བོད་ཀྱི་ཆུ་ཕོ་བྱི་བའི་དཔྱིད་ཟླ་ར་བ་ལ་དབུས་རིའི་བརྒྱུད་སྒྲགས་ཀྱི་ཕུར་སྐུ་འཁྲུངས། ཆུང་དུས་ཀྱི་སྐྱ་མིང་ལ་རྡོ་རྗེ་ཁྲི་གཙུག ཆོས་ཀྱི་མཚན་ལ་སངས་རྒྱས་ཡེ་ཤེས། གསང་སྔགས་ཀྱི་མཚན་ལ་རྡོ་རྗེ་ཡང་དབང་གཏེར་ཞེས་གསོལ་ཏོ།།  
        དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་སྦྱངས། ཆུང་ངུའི་དུས་ནས་རྒྱ་གར་དང་བལ་ཡུལ་དུ་གསང་སྔགས་དང་གདམས་པ་མང་དུ་གསན། ལོ་ཆེན་ཤྲི་སིདྷ་དང་པཎ་ཆེན་བི་མ་ལ། ཀ་མ་ལ་ཤྲཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཞི་བའི་སྙིང་པོ། གཙུག་ལག་དཔལ་དགེ བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་དང་། བོད་ཀྱི་གཉགས་ལོ་ཙཱ་པ་ཡེ་ཤེས་གཞོན་ནུ།  དཔལ་གྱི་བུ་བརྒྱད་དང་། གཙོ་བོ་སོག་པོ་དཔལ་ཡེ་དང་རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བསྟེན་ནས་མདོ་སྔགས་ཕྱོགས་ཀྱི་སྙན་བརྒྱུད་མན་ངག་ལ་གསན་སྦྱངས་དཔྱིས་ཕྱིན་པ་གནང་། རྒྱུད་དང་མན་ངག་ཆོ་ག་བསྟན་སྲུང་བཅས་མང་པོ་བོད་དུ་བསྒྱུར།།   
        དགུང་ལོ་རེ་གཅིག་པ་སྤྱི་ལོ་893ལོར་སྒྲགས་སུ་ཁེངས་ལོག་བྱུང་པས་གཤིན་རྗེ་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད།  སླར་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་པས་སྙེ་མོ་བྱེ་མཁར་བཟུང་།   གནས་དེར་ཡང་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བསྡོ་བར་ཉེ་བ་ན།   མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ།  ཚིགས་སུ་བཅད་པའི་དབྱངས་ཀྱིས་བདེན་པ་བདར།  དམག་མི་ཡོད་པའི་རི་ལོགས་ལ་དྲིལ་ཅིང་བསྡིགས་པས་རི་ལ་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླགས་པར་བྱས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས་པར་གྱུར།  
        ཁོང་གིས་མཛད་པའི་གསུང་རྩོམ་ལ། 《མདོའི་འགྲེལ་ཆེན་མུན་པའི་གོ་ཆ་》དང་།  《དཀའ་གཅོད་སྨྲ་བའི་མཚོན་ཆ》《སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ》 《དཔལ་འབར་འཁོར་ལོའི་རྒྱུད》《རྫོགས་པ་ཆེན་པོ་ནམ་མཁའ་ཆེ་ཡི་འགྲེལ་པ་རིག་པའི་ཉི་མ》《རྫོགས་པ་ཆེན་པོའི་མན་ངག་སྒོམ་གྱི་གནད་རྣམ་པར་ཕྱེ་པ་བསམ་གཏན་མིག་སྒྲོན་》སོགས་བརྩམས་ཏེ་བཤད་དང་སྒྲུབ་པའི་འཕྲིན་ལས་ཀྱིས་བོད་རིག་པ་སྔ་ཕྱི་དར་གཉིས་མཐུད་པར་མཛད། ཁོང་ལ་སློབ་མ་ཐུགས་ཟིན་བཞི་དང་སྲས་ཀྱི་ཐུ་བོ་གཅིག་བཅས་ལྔ་བྱུང་། སྟོན་པ་འདས་ཏེ་ཆིག་སྟོང་དྲུག་བརྒྱ་ཉེར་ལྔ་པ་ཆུ་བྱི་ལ་གནུབས་ཆེན་འཁྲུངས། ཆུ་བྱི་འདི་བཙན་པོ་ཁྲི་སྲོང་ལྕགས་རྟ་ལ་འཁྲུངས་པའི་ཞེ་གསུམ་པ་དང་མེ་ལུག་ལ་སད་མི་བདུན་རབ་ཏུ་བྱུང་པའི་ལོ་དྲུག་པ་ཡིན། གནུབས་ཆེན་དགུང་ལོ་བཅུ་བདུན་བཞེས་པའི་ས་འབྲུག་ལ་ཁྲི་སྲོང་སྐུ་གཤེགས། དགུང་ལོ་གོ་ལྔ་པ་ཆུ་སྟག་ལ་གནུབས་ཆེན་གཤེགས་པས་བསྟན་བསྣུབས་ཀྱི་རྗེས་ནས་ལོ་ཞེ་གཉིས་ཙམ་བཞུགས་སོ།། ཁྱོན་བསྡོམས་ཁོང་ཉིད་ལོ་བརྒྱ་དང་བཅུ་གསུམ་གྱི་བར་དུ་སྐུ་འཚོ་བཞུགས་གནང་ནས་མཐར་ལྷུན་གྲུབ་རྫོགས་པ་ཆེན་པོའི་འོད་གསལ་གྱི་དབྱིངས་སུ་མྱ་ངན་ལས་འདས་ཞེས་སྐུའི་ཡ་མཚན་གྱི་མཛད་པ་ཤིན་ཏུ་མང་།  
        ཁོང་གིས་ཁེངས་ལོག་སྐབས་སུ་སྡིག་པ་མང་པོ་བསགས་སོང་པས། རྣམ་ཐར་ལས། དེའི་སྡིག་སྦྱོང་གི་དགེ་བར་《བསམ་གཏན་མིག་གི་སྒྲོན་མ》ཡང་མཛད་ཅེས་གྲགས་སོ།། ཞེས་གསལ་པ་ལ་《བསམ་གཏན་མིག་སྒྲོན་》རང་གི་མཇུག་ཏུ།  བན་ཆུང་གནུབས་བན་སངས་རྒྱས་ཀྱིས།། རྒྱ་བལ་བོད་དང་གྲུ་ཤ་སོགས།། མཁས་པའི་ཁ་བརྒྱུད་མཉེས་ཕུལ་པས།། པཎྜི་ཏ་ཡི་ཐུགས་སྒོ་ཕྱེ།། ཡང་རྩེ་ལུང་གི་མན་ངག་ཐོབ།། ལྷ་སྲིན་རྣམས་ཀྱིས་དབང་བསྐུར་པས།།  རང་ཉམས་བསྒོམ་པའི་ཡི་གེ་བྲིས།།  རྒྱལ་པའི་གདུང་འཛིན་སྐྱེས་མཆོག་བུས།།  གཏན་དུ་སྒོམ་བྱེད་འདུ་སྤོང་གིས།། ཉམས་སུ་ལོངས་ཤིག་ཕ་ཡི་བཙས།། བུས་ཀྱང་རིགས་འཚོབ་གཅིག་ལ་གཏོད།། མང་ན་རྡོ་རྗེ་དམྱལ་བར་སྐྱེ།།  བཙུན་ཆུང་འཕྲུལ་གྱི་ཐུགས་དམ།།  གཅིག་གཉིས་ཀྱི་རྣ་བར་ཟུང་ཡ།། རྫོགས་སོ།། དགེའོ།།① ཞེས་པར་བརྟེན་ནས་མཁས་དབང་ནམ་མཁའི་ནོར་བུས། སློབ་དཔོན་ཆེན་པོ་ཉིད་ཀྱི་དགོངས་ཉམས་ཕྱི་རབས་གདུལ་བའི་དོན་དུ་ཡི་གེར་བཀོད་ཅིང་། དེའང་སློབ་དཔོན་ཉིད་ཀྱི་འཕྲུལ་གྱི་ཐུགས་དམ་སྟེ། ཉམས་ལེན་གྱི་ཡང་སྙིང་ཡིན་པ་གསལ་བར་བསྟན་ལ། ལྷག་པའི་རྣལ་འབྱོར་པ་ཆེན་པོ་འདི་ལྟ་བུ་ཞིག་གིས་སྡིག་བཤག་གི་ཆེད་དུ་ཟབ་མོའི་གཞུང་ཞིག་བརྩམས་པར་བཤད་པ་ནི་དོན་དང་མ་འབྲེལ་པར་ཤེས་ཐུབ་པ་ཡིན་②ཞེས་དགག་ནའང་བརྩམས་ཆོས་འདི་ཉིད་སྡིག་སྦྱོང་དུ་བརྩམས་པར་གོང་གསལ་ཆོས་འབྱུང་གཉི་ག་ལས་གསལ་པ་མ་ཟད།   ལྷག་པའི་རྣལ་འབྱོར་པ་ཆེན་པོ་ཡིན་ཡང་རང་གཞན་ཅི་རིགས་ཀྱི་དགོས་དོན་ལ་དགོངས་ཏེ་འདི་ལྟའི་སྡིག་བཤག་མི་རིགས་པ་མེད་པའི་ཕྱིར། དེར་ཐལ། དབྱིག་གཉེན་གྱིས་ཀྱང་ཐེག་ཆེན་ལ་སྐུར་པ་བཏབ་པའི་སྡིག་བཤགས་ལ་《མངོན་པ་མཛོད་》བརྩམས་པ་ཡིན་པའི་ཕྱིར།   
        ཁོང་སྐུ་ཚེ་རིང་དུ་བཞུགས་པས་ཁྲི་རལ་གྱི་དུས་སུ་ཡང་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཏུ་གསལ་ཏེ། རྣམ་ཐར་ལས། དེ་ཡང་ལོ་རྒྱུས་འགའ་ཞིག་ཏུ་གནུབས་ཆེན་ལོ་བརྒྱ་དང་བཅུ་གསུམ་བཞུགས་པར་བཤད་ཀྱང་།    ཉིད་ཀྱི་གསུང་ལས། གནུབས་ཀྱི་སངས་རྒྱས་ངས།། ལོ་བརྒྱ་དང་སུམ་ཅུ་ལོན།། ཞེས་གསུངས་པ་བཙན་པར་འདུག་ཅིང་རྒྱུ་མཚན་མངའ་བདག་ཁྲི་སྲོང་དུས་ནས་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པའི་ལོ་རྒྱུས་སྣང་སྟེ། དར་མས་བསྟན་པ་བསྣུབས་པ་(906)ཐུགས་ཀྱིས་མ་བཟོད་པར་དྲག་སྔགས་བྱ་བར་དགོངས་ཏེ་སླར་བལ་བོར་ལོག་སྟེ་བ་སུ་དྷ་ར་ལ་དྲག་སྔགས་སྤུ་གྲི་རེག་ཆོད་འགའ་ཞིག་མནོས་པ་ཚུར་བྱོན་པའི་ཚེ། རྒྱལ་པོ་སྡིག་ཅན་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་(902)ཟིན་འདུག་པས་ངན་སྔགས་མཛད་མ་དགོས་པར་གཏེར་དུ་སྦས་པར་གསུངས་པའི་ཕྱིར།   དེ་ལྟར་གདུལ་བ་རྫོགས་ནས་རེ་ཞིག་གདོད་མའི་ཞིང་དུ་ལྷུན་གྲུབ་ཕུང་ཆེན་པོར་གཤེགས་སོ།།③   ཞེས་པ་དེ་ལྟར་ན་ངེས་པར་ལོ་བཅུ་བདུན་གྱི་བར་ཁྱད་ཆེན་པོ་བྱུང་སྣང་བས་གསུང་མགུར་དེ་ཉིད་འཇིག་རྟེན་མཐུན་སྣང་ལ་ཅུང་བློ་ཡུལ་དུ་ཤོང་དཀའ་ཞིང་དེར་མ་ཟད་བཅུ་གསུམ་དང་སུམ་ཅུ་གཉིས་ཕྱིས་ཀྱི་ཡི་གེ་པས་གསན་ཉེས་སམ་བྲིས་ནོར་བྱུང་པ་ཡིན་སྙམ།     ནམ་མཁའ་ནོར་བུས་ཀྱང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་པའི་དབང་དུ་བྱས་ནའང་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ནས་ཁྲི་རལ་པ་ཅན་སྐུ་མ་གཤེགས་ཀྱི་བར་ལོ་གྲངས་བརྒྱ་དང་བཅུ་གཅིག་ལས་མེད་པས། དུས་སྐབས་ཀྱི་འགལ་པ་ཅི་ཞིག་ཀྱང་མེད④ཅེས་གསུངས་པ་ནི་མཁས་པ་གཟུ་བོའི་གཏམ་དུ་གསལ།   མཁར་རྨེའུ་བསམ་གཏན་ལགས་ཀྱིས་མཁས་པ་འདི་འཚོ་བཞུགས་ཀྱི་དུས་ཚོད་ནི་གསལ་པོ་མེད་པར་བཤད⑤ནས།   《མིག་སྒྲོན་》གྱི་ནང་དུ་བཙན་པོ་གླང་དར་མའི་སྐོར་གྱི་དཔྱད་གཞི་གསལ་པོ་ཞིག་འཁོད་འདུག་པའི་རྐྱེན་གྱིས་བརྩམས་ཆོས་དེ་ནི་བཙན་པོ་འུ་དུམ་བཙན་གྲོངས་རྗེས་ཀྱི་དུས་མཚམས་ག་གེ་མོ་ཞིག་གི་ནང་དུ་བརྩམས་པ་རྟོགས་ཐུབ་ཅིང་། འགོས་ལོ་གཞོན་ནུ་དཔལ་(1392- 1481)གྱིས་《དེབ་སྔོན་》དུ་དུས་རབས་བཅུ་བའི་ནང་རྒྱལ་པོ་བཀྲ་ཤིས་བརྩེགས་པ་དཔལ་གྱིས་སྲིད་སྐྱོང་སྐབས་གནུབས་སངས་རྒྱས་ཡེ་ཤེས་མཛད་པ་ཆེ་སྒང་ཡིན་ཞེས་གསུངས་ཡོད་པ་མ་ཟད་རྗེ་མི་ལ་རས་པས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཡང་ཚ་ལྷ་རྗེ་ལྷུྃ་ཆུང་གི་མདུན་ནས་མཐུ་སློབ་ཚུལ་གསུངས་ཡོད། ད་དུང་འགོས་ལོས་གནུབས་སངས་རྒྱས་ཡེ་ཤེས་དང་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་གཉིས་དབར་མི་ཐོག་གཅིག་གི་སྔ་ཕྱིའི་ཁྱད་ཙམ་ལས་མེད་ཚུལ་གསུངས་ནའང་དཔྱད་ཚེ་གནུབས་ཆེན་དགུང་ལོ་མཐོན་པོར་བཞུགས་པ་ཤེས་མོད་འཚོ་བཞུགས་ཀྱི་དུས་ཚོད་གསལ་པོ་མེད་ཅེས་བཤད་པ་ནི་ཅུང་མི་བདེན།   འོན་ཀྱང་མཁར་རྨེའུ་རང་གི་ལུགས་ལ་གནམ་ལྡེ་འོད་སྲུང་གི་བུ་དཔལ་འཁོར་བཙན་གྱི་དུས་མཉམ་དུ་འཚོ་བཞུགས་མཛད་པའི་མཁས་པ་ཡིན་པར་བཤད་དེ།  ཁོས་བཤད་རྒྱུར།  ཁོ་བོ་ལྟར་ན་དེ་ནི་རྒྱལ་པོ་དཔལ་འཁོར་བཙན་དང་དུས་མཉམ་པའི་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་《བསམ་གཏན་མིག་གི་སྒྲོན་མེ་》ཞེས་པ་དེ་ལ་ཟེར་པ་མིན་ནམ་སྙམ།⑥ ཞེས་པ་ལྟར་ཡིན། དེ་ནི་དེབ་སྔོན་ལས་དཔལ་འཁོར་བཙན་གྱི་བུ་ཁྲི་བཀྲ་ཤིས་བརྩེགས་པའི་སྐབས་སུ་གནུབས་ཆེན་གྱི་འཕྲིན་ལས་ཆེས་རྒྱས་སྒང་ཡིན་པར་གསུངས་པ་ལ་བརྟེན་པ་ཡིན།  ཡང་གཙུག་ཕྲེང་གིས། འཇམ་དཔལ་སྐུའི་བཀའ་བབས་ཀྱི་སངས་རྒྱས་ཡེ་ཤེས་དེ་ནི་སྒྲགས་པ་སངས་རྒྱས་ཡེ་ཤེས་སུ་སྣང་ལ། སྣུབས་སངས་རྒྱས་ཡེ་ཤེས་ནི་རལ་པ་ཅན་གྱི་དུས་བྱུང་ནས་བོད་དང་། བལ་པོ་དང་།  རྒྱ་གར་དང་།  བྲུ་ཤའི་མཁས་པ་མང་པོ་བསྟེན་ཅིང་།   བྲུ་ཤའི་ལོ་ཙཱ་པ་ཆེ་བཙན་སྐྱེས་ལས་མདོ་དགོངས་འདུས་གསན། སྤྱིར་མི་ཡིན་བྲན་དུ་འཁོལ། ལོ་བརྒྱ་དང་བཅུ་གསུམ་དུ་བཞུགས་ཏེ།  སློབ་དཔོན་འདི་ལ་མདོ་རྒྱུད་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་ཏུ་བབས་པ་ཡིན་ནོ།།⑦   ཞེས་གནུབས་ཆེན་མིང་ཅན་གྱི་མཁས་པ་གཉིས་ཡོད་པར་བཤད་ཀྱང་སྒྲགས་ཞེས་པ་དེ་ནི་ཡུལ་གྱི་མིང་དང་སྣུབས་ཞེས་པ་ནི་རུས་ཀྱི་མཚན་དུ་གསལ་པས་དེ་གཉིས་སློབ་དཔོན་མི་འདྲ་གཉིས་སུ་འགྱུར་པའི་གཏན་ཚིགས་སུ་མི་འགྲོའོ།། 
        གཉིས་པ། 《བསམ་གཏན་མིག་སྒྲོན་》རང་གཞུང་ལ་དཔྱད་པ།  
        འདིའི་མཚན་བྱང་ཧྲིལ་བོར། 《ཀུན་གཞི་བྱང་ཆུབ་ཀྱི་སེམས་ལྷུན་གྱི་རྫོགས་པ་ཆེན་པོ་གཏན་ལ་དབབ་པའི་མན་ངག་གི་རྒྱལ་པོ་རྣལ་འབྱོར་པའི་མིག་ཅེས་བྱ་བའི་བསམ་གཏན་》ཞེས་ཞུ་བ་སོགས་འདིའི་མཚན་གྱི་རྣམ་གྲངས་ཉི་ཤུ་ཡོད་པ་གཞུང་རང་ལས་འབྱུང་པ་ལྟར་ཡིན། དེའི་སྐབས་སུ། ཆེད་དུ་བྱ་བ་གང་ཡང་མེད་པས། 《ཉལ་པ་ཆེན་པོའི་བསམ་གཏན་》ཞེས་ཀྱང་བྱའོ་ཞེས་གསུངས་པར་དཔྱད་ན།  ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་ཧྭ་ཤང་གི་ཡིག་ཆ་སྟེ།  《བསམ་གཏན་ཉལ་པའི་འཁོར་ལོ་》ཞེས་པའི་མཚན་གྱི་འདོགས་སྲོལ་ལ་ཡང་མཁས་པ་མང་པོས་སྒྲ་བཤད་པ་དེ་ལྟར་མ་ཡིན་པར་བསམ་གཏན་སྒོམ་པའི་ཚེ་ན་ཀུན་རྫོབ་ཀྱི་དཔྱད་པ་ཆེད་དུ་མི་བྱ་བས་མིང་དེ་ལྟར་བཏགས་པར་བཤད་ན་ལྷོད་ལྷོད་འགྲིག་འགྲིག་འོང་། འདིའི་གླེགས་བམ་ལ་མདའ་ཚད་མའི་ལྡེབ་མ་ཉིས་བརྒྱ་ང་ལྔ་བཞུགས་ཤིང་། མགོ་མཇུག་ཀུན་ཏུ་མཆན་གྱི་ཡིག་ཆུང་ཡོད།  དཀྱུས་སུ་བུ་བཤུས་མཁན་པོས་མཆན་རྟགས་ནོར་པ་དང་མཆན་དཀྱུས་ཤོར་གྱི་སྣང་ཚུལ་འདུག གཞུང་དོན་ལེའུ་བརྒྱད་ཀྱིས་ས་བཅད་བགོས་འདུག  དཔེ་འདི་སྨིན་གླིང་མཁན་ཆེན་དྷ་རྨ་ཤྲིའི་ཕྱག་དཔེ་ལས་བཤུས་ཤིང་། དེས་ཀྱང་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོའི་ཕྱག་དཔེ་ལས་མ་ཕྱི་མཛད་པའོ།། ཞེས་དང་། འདིའི་ལེའུ་བཞི་པ་ནས། ཀ་མ་ལ་ཤཱི་ལའི་ལུགས་དང་། ལྔ་པ་ནས་ཧྭ་ཤང་མ་ཧཱ་ཡ་ནའི་ལུགས་དེ་གསལ་བར་བསྟན། བོད་ཀྱི་ཕྱག་ཆེན་པ་དང་པོའི་ཚོ། ཕྱག་ཆེན་ལུགས་དེ་གཉིས་ཀ་མིན་གསུང་བར་འདུག   ཕྱིས་འབྱུང་ད་ལྟའི་ཚོ་ཀ་ཤཱིའི་ལུགས་དང་ཅིག་ན་དགའ་བ་གཅིག་ཡིན་པར་འདུག་བསམ་ནས་དེ་གཉིས་ཅིག་གྱུར་བྱེད་གྱིན་འདུག་ནའང་། དེའི་རྫུན་ཕུགས་གཞུང་འདིས་རྡིབ་འདུག ཧྭ་ཤང་གི་ལུགས་དང་ད་ལྟའི་ཕྱག་ཆེན་འདི་གཉིས་གྱུ་རུ་ལུགས་སུ་འདུག་པ་དགོངས་འཚལ།⑧   ཞེས་གསུངས་པ་ནི་གཞུང་འདི་ལ་བརྟེན་ནས་དེ་དང་དེ་བཞིན་དུ་བདེན་དཔང་རྙེད་པ་ཁོ་ནར་ངེས་པས།  གལ་ཏེ་འདི་ཉིད་དཔེ་དཀོན་དུ་མ་གྱུར་པར་ཀུན་གྱི་མཇལ་སྐལ་དུ་བྱུང་ཡོད་ཚེ་འབྲུག་པ་པད་དཀར་ཡབ་སྲས་རྗེས་འབྲང་དང་བཅས་པའི་ཐུགས་དོགས་རྣམས་ཀྱང་རང་ས་རུ་དྭངས་ངེས།  མཆོད་བརྗོད་དུ།  གདོད་ནས་ལྷུན་གྱིས་གྲུབ་པའི་ངང་།།  རང་བཞིན་ངང་ལས་མ་གཡོས་ཀྱང་།། མ་མཐོང་རང་བཞིན་གཉིས་སུ་སྣང་།།  དེ་ཉིད་ངང་གྱུར་བདག་ཕྱག་འཚལ།།  ཞེས་པས་འདིའི་དགོས་སོགས་ཆོས་བཞི་བསྡོམས་ཏེ་བསྟན་པ་ནི་གཅིག་ན་ཁོང་གིས་རྒྱ་གཞུང་ལ་དཔེ་བླངས་ཏེ་བྲིས་པའི་དན་རྟགས་དང་གཉིས་ན་མཁས་རྩལ་ངོམ་པ་ཙམ་མིན་པར་བརྗོད་དོན་གསལ་དྲིལ་དུ་བསྟན། གནས་ལུགས་རང་བཞིན་གཉིས་སུ་སྣང་པའམ་རང་བཞིན་གྱིས་མ་གྲུབ་པའི་ལྟ་བ་དེའི་ཆེ་བ་བརྗོད་ནས་གསུངས་པའོ།། སྒོས་སུ་བསིལ་ལྗོངས་ཀུན་མཁྱེན་རྟོན་པ་བཞི་ལྡན་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐ།  ཀརྨ་པ་རང་བྱུང་རྔོ་རྗེ།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། རྗེ་མཉམ་མེད་ཙོང་ཁ་པ་རྣམས་ཀྱི་ལྟ་བ་གང་ཉིད་སྒྲ་དོན་གཅིག་མཚུངས་ཀྱི་སྒོ་ནས་བཤད་པ་ཐང་མར་བརྡལ་སོང་བར་སེམས། 《མིག་སྒྲོན་》འདིར། རྒྱུའི་ཐེག་པ་ཆེན་པོའི་ལུགས་ཀྱིས་ཀྱང་། སྔོན་སྟོན་པས་ཞབས་ཀྱིས་བཅགས་པའི་རྡོ་རྗེའི་གདན་དང་།  བྱ་རྒོད་ཕུང་བོའི་རི་དང་།  ལི་ཡུལ་ལྕང་ར་སྨུག་པོ་ལ་སྩོགས་པ་བཀྲ་ཤིས་པའི་གནས་དག་བྱ་བ་གྲུབ་པར་བྱེད་པས་བཙལ་ལོ།།  ཞེས་དུ་མ་ལས་འབྱུང་ངོ་།།⑨ ཞེས་གསུངས་པ་འདིས་སྟོན་པས་ཞབས་ཀྱིས་བཅགས་པའི་གནས་ངོས་བཟུང་པའི་ནང་ལི་ཡུལ་དུ་ཕེབས་ཚུལ་གསུངས་པས། དེ་ལྟར་ན་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་ཐེག་ཆེན་གྱི་གཞུང་ཤེར་ཕྱིན་རྣམས་ཀླུ་ཡུལ་རང་ནས་ཀླུ་སྒྲུབ་ཀྱིས་བསྣམས་ཏེ་བྱུང་ཚུལ་བཤད་པའང་དོན་དུ་ཀླུ་ཡུལ་དང་སྒྲ་ཉེ་བའི་གནས་ལི་ཡུལ་འདི་ནས་གདན་དྲངས་པ་ཡིན་པའི་ཤེས་བྱེད་དུ་འགྲོ་ན་ནང་རིག་ལ་སྡང་ཞུགས་ཅན་དག་གིས་རེ་ཞིག་ཡུམ་ཤེར་མདོ་ཁུངས་མེད་དུ་དམོད་པ་དེ་ཡང་རེ་ཞིག་རང་ཞིར་འགྱུར་ངེས།   
        འདི་ལྟར་ན།  དེ་ལས་ཁྱད་པར་དུ་གདམས་ངག་རྣ་བར་བརྒྱུད་པའི་མན་ངག་ཐོབ་པར་བྱའོ་ཞེས་གདམས་ནས། དེ་ལ་ཡང་རྒྱུའི་ཐེག་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར་འོད་སྲུངས་ལ་གདམས་ངག་ཕོག  དེ་ནས་མཁན་པོ་བོ་དྷེ་དྷ་རྨོ་ཏྟཱ་ར་ལ་སོགས་པ་ནས་རིམ་བཞིན་རྒྱ་ནག་པོར་བདུན་བརྒྱུད་ཐ་མ་ཧྭ་ཤང་མ་ཧཱ་ཡ་ན་ལ་ཐུག དེ་ནས་བོད་ཡུལ་དུ་བཙན་པོ་དང་བཙུན་མོ། དགེ་སློང་ཡེ་ཤེས་དབང་པོ་ལ་སོགས་པ་རྣམས་ལ་ཡོད་པ་ནི་ནུབ།  དེ་དག་གི་ལྟ་བའི་འདོད་གཞུང་གི་ཡི་གེ་ཡོད་པ་དེ་དག་དང་། ཀ་མ་ལ་ཤི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་། སྔགས་ནང་པ་ལ་ཐབས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་མན་ངག་དང་། གདམས་ངག་ཐིག་ལེ་ལ་སོགས་ཏེ།  སྟེང་འོག་གི་སྒོའི་མན་ངག་དང་།  ལྷག་པའི་རྣལ་འབྱོར་དག་ལ་ནི།   ཅི་ལ་ཡང་བྱ་བ་མེད་པའི་མན་ངག་སྙན་ཁུང་བརྒྱུད་པ་ཐོབ་པར་བྱ་བ་གསུངས་པ་ལ་བལྟས་ན་གོང་ནས་བརྒྱུད་པའི་མན་ངག་རྣམས་ཇི་ལྟ་བ་བཞིན་ཐོབ་པར་བྱས་ན་ད་གཟོད་མཐར་ཐུག་པའི་ཚེ་ཅི་ཡང་ཡིད་ལ་བྱ་བ་མེད་པའི་ལྟ་སྒོམ་ལ་གཞོལ་དགོས་པའི་མན་ངག་ལ་གཏུགས་ཡོད་པ་གསལ་ན་བསམ་ཡས་ཆོས་རྩོད་དེ་ཡང་སྙིང་ལོ་རྒྱུས་《རྦ་བཞེད་》ལས་བཤད་པའི་འགལ་བ་དེ་ཡིན་པ་དོགས་པ་མི་བ་ཀ་མེད་དུ་གྱུར་ཏོ།།   
        《མིག་སྒྲོན་》ལེའུ་གཉིས་པར། དོན་ལ་འཇུག་པའི་ཚེ་ཡང་། རྒྱུའི་ཐེག་པའི་ལུགས་ཀྱིས་ཀྱང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གི་གཉིས་ཏེ།  རིམ་གྱིས་པ་དང་།  ཅིག་ཅར་པའོ།། དེ་ལ་རིམ་གྱིས་པ་ནི། རྒྱ་དཀར་པོའི་སློབ་དཔོན་ཀ་མ་ལ་ཤི་ལའི་འདོད་གཞུང་སྟེ།  དྲང་བ་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པའི་གཞུང་ངོ་།།  ཅིག་ཆར་འཇུག་པ་ནི། འོད་སྲུངས་དང་། སློབ་དཔོན་དྷ་རྨོ་ཏྟཱ་ར་ལས་བརྒྱུད་པ་ནི། བོ་དྷེ་དྷ་རྨོ་ཏྟཱ་ར་ནི་ཤར་ཕྱོགས་ནས་རྒྱ་མཚོ་བརྒལ་ནས་འོངས་ཏེ། རྒྱ་ཡུལ་ལེང་ཀུག་ཏུ་ཕྱིན་པ་དང་། རྒྱ་རྗེ་སེའུ་ཡན་འང་།  མཁན་པོ་མཇལ་བས།  མཁན་པོས་རྒྱ་རྗེའུ་ནི་དོན་དམ་པ་གོ་བ་མ་ཡིན་པར་ཤེས་ནས།  མཁར་ལག་ཆུར་བྱོན་བྱོན་པས་དགེ་སློང་ཁ་ཤི་དང་།   ལིའུ་ཅི་དང་།  ཀྭ་ན་ཧོང་ལ་སོགས་པས་ཕྲག་དོག་བྱས་ཏེ།  ལི་ཅིས་མཁན་པོ་ལ་དུག་ལན་སྔ་ཕྱི་དྲུག་བླུད་པས་མ་ཚུགས་སོ།། གཞུག་ཆོས་གཏད་པའི་ས་རྙེད་ནས་རྒྱ་ཡུལ་སྐུ་འདས་ཚུལ་བསྟན་ནས།  བདུར་པ⑩འང་ཟིན་ནས།  རྒྱ་ཡུལ་ནས་སྟོད་ཕྱོགས་སུ་ཚོང་པ་འུན་ཞེས་བྱ་བས་ཕྱིན་པས། ར་མ་ཏིང་གི་ལ་ཀ་སློབ་དཔོན་བོད་དེ་དར་མོ་ཏཱ་ར་དང་མཇལ་ཏེ།  ཕྱག་ན་ལྷམ་ཡ་གཅིག་ཀྱང་ཐོགས་ནས་འདུག་གོ  །དེར་བཀའ་མཆིད་ཞིབ་ཏུ་སྨྲས་པ་དང་།  སླར་ལོག་ནས་རྒྱ་ཡུལ་དུ་གཏམ་ཞིབ་ཏུ་བསྙད་པ་དང་།  དུར་ཁ་ཕྱེ་སྟེ་བལྟས་ན། ལྷམ་ཡ་གཅིག་ལས་མི་འདུག་སྟེ། ཀུན་ན་རེ་འཕགས་པ་ཡིན་ནོ་ཟེར་རོ།།   དེས་བརྒྱུད་པའི་ཐ་མ་ཧྭ་ཤང་མ་ཧཱ་ཡན་གྱི་གཞུང་ཅིག་ཅར་འཇུག་པ་སྟེ། ཡོངས་སུ་རྫོགས་པའི་མདོ་སྡེའི་གཞུང་ངོ་།⑾ ཞེས་གསུངས་པར་དཔྱད་ན་སྤྱིར་ཐེག་པ་ཆེན་པོ་ལ་གཉིས་སུ་དབྱེ་ཡོད།  དེ་ཡང་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་གཉིས་སུ་དབྱེ། རིམ་བཞིན་ཕར་ཕྱིན་དང་སྔགས་ཀྱི་ཐེག་པའམ་རྡོ་རྗེ་ཐེག་པ་ཞེས་ཟེར་ཏེ།  《མདུན་ལེགས་མ་》ལས།  འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།།   ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག།   རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།།   ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།།  ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།⑿  ཞེས་སོ།། དྷ་རྨོ་ཏྟཱ་ར་ལས་བརྒྱུད་པ་འདི་ནི་རྒྱ་ནག་གི་ཆོས་བརྒྱུད་ཆེན་པོ་ལུགས་ལྔ་ཡོད་པའི་ནང་གི་སྙིང་པོ་དོན་གྱི་བརྒྱུད་པར་གཏོགས་པས་དེ་ལྟར་《ཐུའུ་བཀྭན་གྲུབ་མཐའ་》ལས་ཀྱང་འབྱུང་བས་དེ་ནི་རྒྱའི་ལོ་རྒྱུས་ཚད་ཐུབ་ཡོངས་གྲགས་ཡིན་ཕྱིར་གནུབས་ཆེན་གྱིས་དེ་ལྟར་དགོངས་པར་སེམས། རྒྱུའི་ཐེག་པ་ལ་ཡང་། རིམ་གྱིས་པ་དང་། ཅིག་ཅར་པ་གཉིས་སུ་ཕྱེ།   སྔོན་མ་ནི་སློབ་དཔོན་ཀ་མ་ལ་ཤི་ལས་བསྟན་པའི་ལུགས་ཏེ།  དེ་ཡང་དྲང་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པ་སྟེ་དབང་པོ་རྟུལ་པོ་ཡི་དབང་དུ་བས་ནས་བསྟན་པ་ལ་ཟེར།    གཉིས་པ་ཅིག་ཅར་པའི་ལུགས་དེ་ཧྭ་ཤང་མ་ཧཱ་ཡན་གྱི་གཞུང་དབང་པོ་རྣོན་པོ་ལ་བསྟན་པ་ཅིག་ཅར་འཇུག་པ་སྟེ་ཡོངས་སུ་རྫོགས་པའམ་མཐར་ཐུག་པའི་མདོ་སྡེའི་གཞུང་དུ་ངོས་འཛིན་ཏོ།།   
        འདི་དང་མཐུན་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་།   དེས་ན་བོད་ཀྱི་ལོ་རྒྱུས་འགའ་ཞིག་ཏུ་ཏོན་མེན་ཙེན་མེན་ཞེས་གྲུབ་མཐའ་སོ་སོ་པ་ལྟ་བུར་ངོས་བཟུང་པ་ཡང་ནོར་པ་སྟེ། ཏོན་མེན་དང་ཙེན་མེན་ནི་ཅིག་ཆར་དང་རིམ་གྱིས་འཇུག་པ་སྟེ་སློབ་མ་འཁྲིད་ཚུལ་གྱི་རྣམ་གྲངས་ཙམ་དུ་སྣང་བས་སོ།⒀ ཞེས་གསུངས་པ་ཡིན་པས་ལུགས་དེ་གཉིས་ཀའང་གདུལ་བྱ་མི་འདྲ་བའི་ངོས་ནས་བཞག་པ་མ་གཏོགས་དོན་གྱི་འབབ་ས་མཐུན་པར་གྲུབ་འདུག སྒོས་སུ་གཞུང་འདིར་དྲང་དོན་གྱི་མདོ་སྡེ་ཞེས་པའི་ཐ་སྙད་བྱུང་པ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྐད་ཅིག་ཏུ་གསལ་ཏེ།  རྒྱ་བརྒྱུད་ནང་བསྟན་གཞུང་ལས་དྲང་ངེས་དབྱེ་བ་འབྱེད་པའི་རང་རྐང་གི་གཞུང་མེད། དེས་ན་འདི་ནི་བོད་བརྒྱུད་ནང་བསྟན་ཁྱད་ཆོས་ཀྱི་འཕེལ་རྒྱས་མཚོན་བྱེད་ཅིག་ཏུ་འགྲོ།   ཏུན་ཧོང་གཏེར་ཡིག་སོགས་ལས་ཐ་སྙད་དེ་དག་བྱུང་པ་ནི་བཀའ་བསྟན་འགྱུར་དང་བོད་བརྒྱུད་ནང་བསྟན་གྱིས་ཤན་ཞུགས་པ་ཤེས།   
        ཡང་གཞུང་འདི་ལས། དེ་ཡང་རེ་ཞིག་ཕྱེ་ནས་གསོལ་ཏེ།  ཙེན་མིན་ནི་ཐབས་ཞི་གནས་རྒྱུད་བརྟགས་པ་དང་། གོམས་པར་སླ་བའི་ཞི་གནས་དག་ཐོབ་པར་བྱེད་དོ།། སྟོན་མུན་ནི་ཐོག་མ་ཉིད་ནས་དོན་དམ་པ་མ་སྐྱེས་པ་ལ་བྱ་བ་མེད་པས།  གོམས་པའི་ཐབས་རྣམས་ཐོབ་པར་བྱེད་ཀྱང་། ཐབས་ནི་ཡིན་གྱི་དེ་ལ་ཐབས་ཆེན་པོ་ཞེས་མི་བྱའོ།། ཐབས་ཆེན་པོ་གང་ཞེ་ན།  དེ་ལའང་གཉིས་ཏེ།  རྟེན་པ་བའི་ཐབས་དང་།  བྱ་བ་མེད་པའི་ཐབས་སོ།⒁  ཞེས་གསུངས་པ་ལས་རིམ་དང་ཅིག་ཅར་པ་གཉིས་ལ་སྟོན་མུན་དང་ཙེན་མིན་ཞེས་པའི་མིང་གིས་བསྟན་ཡོད་ཅིང་། དེའི་ཕྱིར་བསྟན་པ་སྔ་དར་གྱི་སྐབས་སུ་རྒྱའི་སྐད་འདི་དག་སོར་བཞག་གིས་ཡོངས་ཁྱབ་ཏུ་བཀོལ་པ་འདིས་སྐབས་དེར་བོད་རྒྱའི་རིག་གནས་དང་སྐད་ཀྱི་འབྲེལ་བ་དང་བརྗེ་རེས་གང་འདྲ་བྱུང་སོང་པ་ཤེས་ཐུབ།  
        ཡང་《མིག་སྒྲོན་》འདིར།  དེ་ལ་སྒོམ་པའི་དུས་སུ་སྤྲིན་ནག་པོ་ཨ་ཅང་ཡང་ཆེས།   དཀར་པོ་ཡང་ཉི་མ་ལ་སྒྲིབ་པ་དང་འདྲ་བར་རྣམ་པར་དཀར་པའི་ལས་ཆོས་སྤྱོད་ཉིད་ཀྱང་སྒྲིབ་པས། དཀར་ཕྱོགས་བཏང་སྙོམས་སུ་བཞག་པར་བྱ་སྟེ། མདོ་དག་ལས་རྒྱ་ཆེར་གསུངས་སོ།⒂ ཞེས་གསལ་པ་འདི་ནི་ཧྭ་ཤང་གིས་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པ་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་ངན་འགྲོ་དང་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ།། གང་དག་ཅི་ལ་མི་སེམས།   ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་པ་ལས་ཐར་པར་འགྱུར་རོ།། དེ་བས་ན་ཅི་ཡང་མི་བསམ་མོ།། སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་པ་རྣམ་པ་བཅུ་ལ་བཤད་པ་ནི་སྐྱེ་བོ་དགེ་བའི་ལས་འཕྲོ་མེད་པ་མ་རབས་དབང་པོ་རྟུལ་པོ་བློ་ཞན་པ་རྣམས་ཁོ་ན་ལ་བསྟན་པ་ཡིན་ནོ།། སྔོན་སྦྱངས་པ་དབང་པོ་རྣོ་བ་རྣམས་ལ་ནམ་མཁའ་ལ་སྤྲིན་དཀར་ནག་གཉིས་ཀས་སྒྲིབ་པ་དང་འདྲ་བར་དགེ་སྡིག་གཉིས་ཀ་སྒྲིབ་པར་འདྲ་བས་ཅི་ཡང་མི་སྤྱོད།  ཅི་ཡང་མི་སེམས།  མི་རྟོག་མི་དམིགས་པ་ནི་གཅིག་ཆར་འཇུག་པས་ས་བཅུ་པ་དང་འདྲའོ་ཞེས་སྨྲས⒃ཞེས་པ་གཉིས་ཚིག་ངོས་ནས་ཤིན་ཏུ་མཐུན་ཤས་ཆེ་བ་མ་ཟད། སྐབས་དེར་དེ་འདྲའི་སྤྲིན་དཀར་ནག་ལ་སྦྱར་པའི་དཔེ་མཚོན་གྱི་རྩོད་པ་བྱུང་ཞེས་གྲགས་པ་ལ་གང་ལྟར་གཞི་མེད་ཅིག་མ་ཡིན་པར་ཁུངས་ལུང་ལྡན་པ་ཡོངས་སུ་གྲུབ་པར་འདོད་དོ།།   ཡང་མིག་སྒྲོན་དུ་ཧྭ་ཤང་ཏོན་མུན་པའི་ལུགས་ཀྱི་མ་སྐྱེས་པའི་ཀློང་ལ་གཞལ་དུ་ཡང་མེད་པས་རྟོགས་པར་སྨྲ་བ་དང་། དེ་ཡང་མི་ཤེས་པ་ཉིད་ཤེས་པ་ཡང་དག་པ་དང་། ཅི་ཡང་མ་རིག་པ་ཉིད་རིག་པ་ཡང་དག་པ།   ཅི་ཡང་མ་མཐོང་པ་ཉིད་མཐོང་པ་ཡང་དག་པ།  ཅི་ཡང་མི་རེག་པ་ཉིད་རེག་པ་ཆེན་པོར་རྟོགས་པའི་ལྷག་མཐོང་སྟེ། ཚུལ་དེ་ལྟར་གཉིས་རྟོགས་པ་ནི་ཆོས་ལ་མཁས་པར་བཤད་ཅིང་། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྟེན་འབྲེལ་སྙིང་པོའི་ལུང་། འདི་ལ་བསལ་བྱ་གང་ཡང་མེད།།  བཞག་པར་བྱ་བ་གང་ཡང་མེད།།  ཡང་དག་ཉིད་ལ་ཡང་དག་བལྟ།།  ཡང་དག་མཐོང་པས་རྣམ་པར་གྲོལ།། ཅེས་པ་དྲངས་ཏེ། ཏོན་མུན་གྱི་བསྒོམ་པའི་དོན་ཡང་ཡིན་ནོ།⒄  ཞེས་པ་འདི་དང་འོག་གི་སྤྲོས་བཅས་སྤྲོས་མེད་བཤད་པའི་སྐབས་སུ་《དབུ་མ་རྩ་བ་ཤེས་རབ་》 ཀྱི་ལུང་དྲངས་ཏེ་བཤད་པ་འདིས།  རང་ལུགས་ལ་ཙེན་མིན་པ་ལྟ་ཅི།   ཏོན་མུན་པའི་ལྟ་བ་ཡང་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཀྱི་ལྟ་བ་ལས་མ་འདས་པར་བཤད་པས་བསམ་ཡས་ཆོས་རྩོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་དེང་སླན་ཆར་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཟུངས་ཞེས་བཙན་པོས་བཀའ་བསྒོས་ཏེ་བསྒྲགས་ཞེས་བཤད་པ་མི་བདེན་པས་མཁས་པ་འགའ་ཞིག་གིས་ཡུལ་དུས་ཀྱི་དགོས་དབང་གིས་དེ་ལྟར་རྟོག་བཟོ་བས་པར་གོ་ཐུབ།  
        ཡང་འདིར།  དེ་ལ་ཙེན་མེན་རིམ་གྱིས་འཇུག་པ་ནི། རང་བཞིན་ལ་རྟོག་པའི་མཚན་མ་ལ་སོགས་པ་བཞི་རིམ་གྱིས་སྤངས་ནས། མི་རྟོག་པ་ལ་འཇུག་པ་སྟེ། དེ་ཡང་མི་རྟོག་པའི་གཟུངས་ལས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདོད་པའི་མིས་བྲག་ཤིན་ཏུ་སྲ་ཞིང་མཁྲེགས་པའི་འོག་ན་ཡོད་ཀྱིས་རྐོས་ཤིག  ཅེས་པ་ནས།  རིམ་པར་བསྒོམ་པ་དང་། གཞན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒོ་གསུམ་རིམ་པར་བསྒོམ་པ་དང་།  ཞི་གནས་ལྷག་མཐོང་ལ་སོགས་པ་བསྒོམ་པའོ།།⒅  ཞེས་རྒྱ་སྐད་ཀྱི་ཙེན་མུན་(渐门)ཏེ་རིམ་གྱིས་པ་ཞེས་པའི་དོན་རང་བཞིན་རྟོག་པ་དང་གཉེན་པོ་ལ་རྟོག་པ།   དེ་ཁོ་ན་ཉིད་ལ་རྟོག་པ། ཐོབ་པ་ལ་རྟོག་པ་བཞི་སྟེ། རྟོག་བཅས་སམ་མཚན་བཅས་བཞི་རིམ་གྱིས་སྤངས།   མཚན་མ་དེ་དག་ཡིད་ལ་མི་བྱ་བ་རིམ་པར་བསྒོམ་པ།  སྟོང་ཉིད་དང་མཚན་མེད་སྨོན་མེད་གསུམ་རིམ་པར་བསྒོམ་པ།  ཞི་ལྷག་གཉིས་རིམ་པར་བསྒོམ་པ་ལ་རིམ་གྱིས་པ་ཞེས་ཟེར་པར་མི་རྟོག་པའི་གཟུངས་ཀྱི་མདོ་དྲངས་ནས་བསྒྲུབས་པ་་འདིས་རིམ་གྱིས་པ་ཞེས་པའི་མིང་འདི་ཇི་ལྟར་ཐོགས་ཚུལ་བཙན་པོའི་དུས་ནས་ངོས་འཛིན་ཟབ་མོ་བྱུང་ཡོད་པ་གསལ་བར་ཤེས་པས་《རྦ་བཞེད་》སོགས་སུ་སྟོན་རྩེན་ཞེས་པ་བོད་སྐད་ཡིན་ཤག་གི་སྒྲ་བཤད་པ་ནོར་འཁྲུལ་དུ་གསལ།   
        ཡང་དེའི་རྗེས་སུ། མཁན་པོ་ཆེན་པོ་བོ་དྷེ་དར་མོ་ཏ་རས་བཤད་པ་ལས། ཡང་དག་པ་ལ་ཕྱོགས་ཤིང་རྟོགས་པ་སྤངས་ཏེ། ལྷམ་མེར་གནས་ན། བདག་ཀྱང་མེད་གཞན་ཡང་མེད།  མ་རབས་དང་འཕགས་པ་མཉམ་ཞིང་གཅིག་སྟེ། མི་འགྱུར་བར་བརྟན་པར་གནས་ན། དེ་ཕན་ཆད་ཡི་གེ་དང་བསྟན་པའི་རྗེས་སུ་མི་འབྲང་ངོ་།།   འདི་ནི་ཡང་དག་པའི་དོན་གྱི་རྣལ་དུ་ཕབ་པ་རྣམ་པར་མི་རྟོག་པ་མེད་པ།  ཞིར་ཞིང་བྱ་བ་མེད་པ་སྟེ།།  དེ་ནི་དོན་ལ་མི་འཇུག་པའོ།།   བསམ་གཏན་གྱི་མཁན་པོ་འཇུག་དུས་བཤད་པ། མི་སེམས་ནི་ཚུལ་ཁྲིམས། མི་དྲན་པ་ནི་ཏིང་ངེ་འཛིན། སྒྱུ་མའི་སེམས་མི་འབྱུང་པ་ནི་ཤེས་རབ་བོ།། བསམ་གཏན་གྱི་མཁན་པོ་བདུད་འདུལ་སྙིང་པོས་བཤད་པ་ལས།  ཅི་ཡང་མི་དྲན་པ་ནི་སངས་རྒྱས་དྲན་པའོ།།  འདི་ཉིད་ལ་བལྟས་ཏེ་སེམས་སྙོམས་ན།  དེ་བཞིན་གཤེགས་པ་ཡང་དག་པའི་སྐུ་ཉིད་ཡིན་ནོ།།  བསམ་གཏན་གྱི་མཁན་པོ་ཨ་དྷ་ན་ཧེར་གྱིས་བཤད་པ་ལས། སེམས་ཇི་བཞིན་དུ་མཉམ་པ་ནི་རྣལ་འབྱོར་ངེས་པའི་ལམ་མོ།། མཁན་པོ་མ་ཧཱ་ཡན་གྱིས་བཤད་པ་ལས། ཆོས་ཉིད་བསམ་དུ་མེད་ལ་མི་རྟོག་པར་བཞག་གོ། ཞེས་གསུངས་ཏེ། སྒོམ་པ་པོའི་རིག་པ་ཉིད་མ་སྐྱེས་པས་མ་སྐྱེས་པའི་དོན་ཆེད་དུ་དྲན་པར་བྱར་ཡང་མེད་དོ།།  ཅིག་ཅར་འཇུག་གོ⒆    ཞེས་ཅིག་ཅར་པའི་དོན་ཤེར་མདོ་སོགས་དང་བོ་དྷེ་དར་མོ་ཏ་ར་སོགས་ཧྭ་ཤང་མཁན་པོ་ལྔའི་བཤད་པ་དྲངས་ཏེ་རེ་མོས་སམ་རིམ་པ་ལྟར་མ་ཡིན་པར་དོན་དམ་པ་མ་སྐྱེས་པ་ཉིད་དེ་ཆོས་ཉིད་ཀྱི་དོན་ལ་ཅིག་ཅར་འཇུག་པ། དེ་ཡང་མི་རྟོག་པར་འཇུག་པ། དྲན་པར་བྱར་ཡང་མེད་པར་འཇུག་པ་ཞིག་ལ་ད་གཟོད་ཅིག་ཅར་འཇུག་པ་ཞེས་ཟེར་ལ།  མཁན་པོ་དེ་དག་གི་ལུང་དེ་རྣམས་རྒྱ་ཡིག་ནས་བསྒྱུར་པ་ཡིན་ཤས་ཆེ་བས་གནུབས་ཆེན་ཁོང་གིས་རྒྱའི་ཡི་གེ་མཁྱེན་པའི་དན་རྟགས་སུ་ཆེ། གཞན་བཞི་ལ་བསམ་གཏན་གྱི་མཁན་པོ་ཞེས་བྲིས་ཏེ་དྲངས་པ་དང་། ལྔ་པ་གཅིག་པུ་ལ་མཁན་པོ་ཧྭ་ཤང་མ་ཧཱ་མ་ཡན་གྱིས་བཤད་པ་ལས་ཞེས་དྲངས་ཡོད།   《བཀའ་ཐང་སྡེ་ལྔ》 《ཏུན་རྟོང་གཏེར་ཡིག་》 p.t. 116ལས་ཀྱང་དེ་མཚུངས་སུ་མཁན་པོ་མ་ཧཱ་ཡན་གྱིས་ཞེས་ཐེངས་དུ་མར་དྲངས་འདུག་ན། ད་ལྟ་ཞིབ་འཇུག་པ་སྐོར་ཞིག་གིས་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པ་ནི་རྒྱ་དཀར་ནག་གཉིས་ཀྱི་སྐད་ཟུར་ཆག་པའི་མིང་ཞིག་སྟེ། ཧྭ་ཤང་ཞེས་པ་བཙུན་པའམ་མཁན་པོ་དང་།  མ་ཧཱ་ཡ་ན་ཞེས་པ་ཐེག་པ་ཆེན་པོ་ཞེས་པའི་དོན་ཡིན་པས་མིང་དེ་བཙུན་པ་གཅིག་གི་སྒེར་མིང་མིན་པར་རྒྱའི་བཙུན་པ་དུ་མ་ཞིག་ལ་སྦྱར་པ་ཡིན་ཚུལ་བཤད་དེ།  སློབ་དཔོན་དོར་ཞི་རིན་པོ་ཆེས་བསྒྱུར་གནང་མཛད་པའི་《རྒྱའི་སློབ་དཔོན་སེང་ཀྲོའི་དབུ་མའི་གསུང་བཏུས་》ཞེས་པར།  སྔོན་ཆད་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་བ་ཞེས་མཐའ་གཅིག་ཏུ་ལོག་ལྟར་བཅད་ཀྱང་། ཧྭ་ཤང་ཞེས་པ་རྒྱ་གར་སྐད་དུ་ཨུ་པ་ཏ་ཡ་དང་།   ཀོ་ཤ་ཞེས་པ་ཕལ་སྐད་དུ་ཨུ་ཤ་ཞེས་པར་འགྱུར་པ་མཁན་པོ་དང་།   བླ་མ་དང་།  པཎྜི་ཏ་སོགས་ཀྱི་མིང་ཡིན་ཞེས་རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་ཚིག་མཛོད་ཆེན་མོ་ལས་བྱུང་།  མ་ཧཱ་ཡ་ན་ནི་ཐེག་ཆེན་ཞེས་པ་ཡིན་གསུངས་པས་མདོར་ན་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པ་འདི་ཉིད་ཐེག་ཆེན་མཁན་པོ་ཟེར་པ་ལྟ་བུ་ཡིན་སྙམ་མོ།།     ཞེས་བཤད་པའང་གོང་དང་མཚུངས་པར་གང་ཟག་བྱེ་བྲག་པ་གཅིག་ལ་མ་གོ་བར་སོང་འདུག་པ་སོགས་ལ་ཡང་དོགས་པ་དབང་མེད་དུ་སྐྱེ་རུ་འཇུག་པ་ཤེས་དགོས།  འོན་ཀྱང་སློབ་དཔོན་དོར་ཞིས་གསུངས་པ་ནི་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པའི་མཚན་གྱི་སྒྲའི་གོ་དོན་དང་ཐོགས་ཚུལ་ཙམ་གསུངས་པ་ལས་དེ་འདྲའི་ཧྭ་ཤང་ཡོད་ཚད་ལ་དེ་ལྟར་གོ་དགོས་པའི་ཤེས་བྱེད་དུ་མི་འགྲོ། ཚུལ་གྱིས་ལྟ་བས་ཐག་བཅད་པ་ཡང་།   གཞལ་བྱ་དང་འཇལ་བྱེད་གདོད་ནས་མ་སྐྱེས་པའི་ཆོས་ཉིད་དུ།  དོན་ཉིད་ཅིར་ཡང་མ་སྩལ་པ་ཉིད་ཀྱི་གོ་བར་འདོད་དེ།  དོན་དེ་མཐོང་ན་རིའི་རྒྱལ་པོ་རི་རབ་ཀྱི་རྩེར་ཕྱིན་ན།  རི་བྲན་མ་བལྟས་གསལ་པ་བཞིན་གོ་བར་བཞེད་དོ།། ཞེས་པ་ནས། དེ་ཡང་རིག་པ་དང་ལུང་གིས་བཤད་དེ། སེམས་ལོན་ལས། དང་པོར་ཐག་བཅད་པ་ནི། ཡུལ་ལ་མ་བརྟེན་པར་སེམས་མི་སྐྱེ། སེམས་ལ་མ་བརྟེན་པར་ཡུལ་མི་སྣང་སྟེ། ཤེས་བྱ་དང་ཤེས་བྱེད་ཕན་ཚུན་ལྟོས་ཏེ།   གྲུབ་པའི་སྣང་བ་མི་འགོག་པ་ནི་ཐབས་སྣང་ལ་ཡང་དག་པར་རང་བཞིན་མེད་པ་ནི་ཤེས་རབ་བོ།། ཞེས་འབྱུང་།(21) དེ་ནི་དབུ་གཞུང་གི་གཟུང་པ་དང་འཛིན་པའི་དོན་ལྟར་གཞལ་བྱ་དང་འཇལ་བྱེད་གཉིས་ཀ་ཐོག་མ་ནས་གྲུབ་པའི་ཆོས་ཉིད་ཅིག་བསྒོམ་པ་ལ་འདོད་དེ།  དེ་ཡང་སློབ་དཔོན་ལ་མི་བསྟེན་པ་དང་ཐོས་བསམ་མི་བྱེད་པ་མ་ཡིན་པར་བསྟན་ཡོད།   དེ་ལ་སེམས་ལོན་ཞེས་པ་སྟེ་རང་རེའི་ལོ་རྒྱུས་དང་དབུ་གཞུང་དག་ནས་བཤད་པའི་བསམ་གཏན་ལོན་ཞེས་པ་དེ་ཡིན་འདུག འདིའི་ལོན་ཞེས་པ་ཡང་རྒྱ་ཡིག་གི་论དེ་ཡིན་ཞིང་། དེའི་དོན་ཡང་དཔྱད་པའི་དོན་ལ་འཇུག་པས་སྐབས་་འདིའི་མཆན་བུར། རིགས་པས་བསྟན་ཞེས་འབྱུང་བ་ལྟར་རོ།།   ལུང་འདིའི་རིགས་པ་ནི་རྟེན་འབྲེལ་གྱི་ཕྲད་ལྟོས་བརྟེན་གསུམ་རིགས་པ་གཞིར་བྱས།  སྣང་བ་སྟེ་ཀུན་རྫོབ་མི་འགོག་ཅིང་དོན་དམ་པར་ན་རང་བཞིན་གྱིས་མ་གྲུབ་པའམ་མེད་པ་དེ་ཉིད་རྟོགས་པའི་ཤེས་རབ་ཀྱི་ཡུལ་ལ་ཐག་བཅད་པ་བཞག་སྣང་།   ཚུལ་འདིས་དམན་བློར་རྗེ་ཙོང་ཁ་པས་ཀྱང་ཟླ་མེད་མཁྱེན་རབ་ཀྱི་རྩལ་གྱི་སྒོ་ནས་མཐར་ཐུག་ལྟ་བའི་གསང་མཛོད་ཀྱི་སྒོ་མོ་ཧར་གྱིས་ཕྱེ་སོང་ངོ་ཞེས་པའི་མྱོང་ཚོར་དབང་མེད་དུ་སྐྱེས།   
        ཡང་འདིར། མཁན་པོ་ཀིན་ཧུན་ཤེན་ཤིས་བཤད་པ་ལས།   སེམས་མཉམ་ན་ཆོས་ཐམས་ཅད་ཀྱང་མཉམ་མོ།། ཡང་དག་པ་ཉིད་རིག་ན་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གང་ཡང་མེད་དོ།།   དོན་གོ་བའི་དུས་ན་ཡང་སྲེད་ཅིང་ཆགས་པ་མི་སྐྱེ། ཡང་དག་པའི་སྤྱོད་ཡུལ་ཉམས་སུ་མི་ལེན་པའི་ཚེ་ཡང་།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ནི། ཡེ་ནས་མཉམ་པ་དམིགས་སུ་མེད་པའི་ཕྱིར་རོ།(22)  ཞེས་གསལ་པ་ནི་སློབ་དཔོན་ཆེན་པོ་བོ་དྷེ་དར་མོ་ཏ་ར་ལས་བརྒྱུད་པའི་བསམ་གཏན་མཁན་པོ་སོ་བཞིའི་ལུང་དྲངས་ཏེ་རྣམ་པར་མི་རྟོག་པའི་ཤེས་རབ་ཁོ་ནས་གྲོལ་ཚུལ་བསྒྲུབས་ཏེ་མཇུག་ཏུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་སྟོང་ཉིད་རྟོགས་ན་ཕར་ཕྱིན་ཚང་མ་དེར་འདུས་པར་གསུངས་ནས་དེ་མི་རྟོག་པ་སྟོང་ཉིད་ལ་དང་པོར་ཞུགས་ཏེ་བསྒོམ་དགོས་པར་བསྟན།  དེ་ནི་སྒོམ་ཐོག་ནས་ལྟ་བ་འཚོལ་པའམ་འཇོག་སྒོམ་འབའ་ཞིག་གི་ཐབས་གསུངས།   
        ཡང་《བཀའ་ཐང་སྡེ་ལྔ་》ནང་ཧྭ་ཤང་མཁན་པོ་མང་པོ་ཞིག་གི་གསུང་བཏུས་ཡོད་ཅིང་། དེའི་ནང་ཧྭ་ཤང་མཁན་པོའི་མེས་པོ་བོ་དྷེ་དར་མོ་ཏ་རའི་གསུང་ཡོད་པ་མ་ཟད།    ཧྭ་ཤང་མ་ཧཱ་ཡ་ན་དང་ཁོང་གི་དུས་མཉམ་གྱི་གསུང་མང་པོ་ཞིག་ཀྱང་བཏུས་འདུག 《ཏུན་ཧོང་གཏེར་ཡིག་》 p.t. 116ཡིག་རྙིང་རྣམས་ཀྱང་བསམ་གཏན་མཁན་པོའི་གསུང་བཏུས་བསྒྱུར་པ་རྐྱང་རེད།  དེ་ལྟར་ན་《བཀའ་ཐང་སྡེ་ལྔ་》ནང་ཧྭ་ཤང་གི་གསུང་བཏུས་དེ་འདྲ་བཞུགས་པ་འདིས་ཏུན་ཧོང་ཁོ་ན་ན་མ་ཡིན་པར་བོད་ཁམས་ཀུན་ན་ཧྭ་ཤང་གི་ཡིག་ཆ་དར་འཕེལ་བྱུང་བ་ཤེས། ཞར་ལ་མཁན་པོའི་གསུང་དག་ཧྭ་ཤང་ལྟ་སྒོམ་སྟོན་པའི་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་པའང་ཤེས། ཡང་《ལོ་པཎ་བཀའི་ཐང་ཡིག་》ལས་ཀྱང་གོང་གི་བསམ་་གཏན་མཁན་པོ་ཐམས་ཅད་ཀྱི་མཚན་སྨྲས་འདུག་པའི་ཁར། གནུབས་ཆེན་ཁོང་གི་མཚན་ཟུར་ཡང་བགྲངས་ཡོད་པས་《བཀའ་ཐང་སྡེ་ལྔ་》དེ་ཉིད་《བསམ་གཏན་མིག་སྒྲོན་》གྱི་རྗེས་སུ་བརྩམས་པ་ལ་ཐེ་ཚོམ་མེད། ཡང་《མིག་སྒྲོན་》དུ།  ཡང་ལོན་ལས།  དངོས་པོ་གཅིག་ཀྱང་མ་མཐོང་ན། དེ་ནི་ཆོས་ལམ་མཐོང་པ་ཞེས་བྱའོ།། དངོས་པོ་གཅིག་ཀྱང་མི་ཤེས་ན། དེ་ནི་ཆོས་ལམ་བསྒོམ་པ་ཞེས་བའོ།། ཞེས་འབྱུང་།(23)  ཞེས་པ་འདིར་བོད་ཀྱི་མཁས་པ་བྱིངས་ལ་མཚན་ཙམ་གྲགས་པའི་ཧྭ་ཤང་གི་བརྩམས་ཆོས་ལྔའི་གྲས་ཀྱི་དེ་ཡིན། ཡང་འདིར། ཙེན་མེན་ལས་འདིར་ཁྱད་པར་བཅུས་འཕགས་ཏེ།(24)  ཞེས་ཏོན་མུན་ཅིག་ཅར་པའི་ལུགས་འདི་ཙེན་མེན་ལས་ཁྱད་པར་བཅུས་འཕགས་པར་གསུངས་པ་ལ་མཆན་བུར་རིམ་བཞིན། དང་པོ། རྩེན་མེན་རྩོལ་པ་བྱེད། ཆེད་དུ་བྱ་བ་ལས་འཕགས། གཉིས་པ།  དམིགས་སུ་མེད་པས་འཇུག་ཏུ་མེད་པར་ཤེས་པས་འཕགས།  གསུམ་པ།  བྱ་བ་མེད་དེ་སྤྱོད་པ་བཞིས་འཕགས།  བཞི་པ།  རང་རིག་མ་སྐྱེས་པར་རང་གསལ་བར་མི་དམིགས་པས་འཕགས།  ལྔ་པ།  རང་བྱུང་རང་ཞིར་བཞག་པས་འཕགས།  དྲུག་པ།  ཆེད་དུ་མ་བསལ་དག་ལས་འཕགས།  བདུན་པ།  རང་སེམས་མེད་པར་རྟོགས་པས་འཕགས།  བརྒྱད་པ།  ཏིང་ངེ་འཛིན་གཉིས་ཚོགས་གཉིས་རྫོགས་པས་འཕགས། དགུ་པ། རིལ་མ་སྐྱེས་མ་བསླད་པ་བདག་གཞན་མེད་པར་རྟོགས་པས་འཕགས།བཅུ་པ།  ཏིང་ངེ་འཛིན་ཀྱང་འགྲོ་དོན་མང་པོ་བྱེད་པས་འཕགས་སོ་ཞེས་གསལ་བ་ལྟར་《བཀའ་ཐང་སྡེ་ལྔ་》ལས་ཀྱང་། རྩེ་མེན་ལས་འདིར་ཁྱད་པར་བཅུས་འཕགས་ཏེ།(25)ཞེས་སོགས་གསུངས་པའོ།།  འདིས་《བཀའ་ཐང་སྡེ་ལྔ་》རྩོམ་པ་པོས་མཁན་པོའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་བརྩམས་པར་མཛད་པའི་《བསམ་གཏན་མིག་སྒྲོན་》འདི་རྩོམ་གཞི་བྱས་ཏེ་ཚིགས་བཅད་དུ་བསྡེབས་སོང་པ་ཤེས་པས་《བཀའ་ཐང་》འདི་ཉིད་དུས་རབས་དགུ་པའི་རྗེས་ཙམ་དུ་བརྩམས་པར་ཤེས།   
        《མིག་སྒྲོན་》གྱི་སྟོན་མུན་ཅིག་ཅར་འཇུག་པའི་ལེའུའི་མཇུག་ཏུ། རྣལ་འབྱོར་མིག་གི་བསམ་གཏན་གྱི་སྐབས་འདིར། སྟོན་མུན་དང་། རྫོགས་ཆེན་ཆ་འདྲ་བས་གོལ་དུ་དོགས་པའི་ཕྱིར་རྒྱས་པར་བཀོད་དོ།(26)  ཞེས་པ་འདི་ལ་སྔོན་དུ་ཏོན་མུན་པའི་ལུགས་ཏེ་ཅིག་ཅར་ལ་འཇུག་པའི་སྒོ་དེ་ཉིད་ལུང་རིགས་ཀྱི་ལམ་ནས་རྒྱ་ཆེར་བཤད་ནས་དེའི་ལྟ་སྒོམ་གྱི་ཆ་དང་གསང་པ་སྔགས་ཀྱི་རྫོགས་པ་ཆེན་པོའི་ལྟ་སྒོམ་གཉིས་ཆ་འདྲ་ས་ཤིན་ཏུ་མང་པས་ཕྱི་རབས་པ་དག་གོལ་པ་སྟེ་འཁྲུལ་དུ་དོགས་ནས་དེ་ལྟར་སྤྲོས་ཞེས་གོ་བ་གཅིག་དང་། ཡང་ན་མདོ་ལུགས་ཅིག་ཅར་པའི་ལྟ་སྒོམ་དེ་དང་སྔགས་ལུགས་རྫོགས་ཆེན་གྱི་ལྟ་སྒོམ་གཉིས་དོན་གྱི་ཆ་འདྲ་བའི་རྐྱེན་གྱིས་གོལ་པ་སྟེ་ཡན་གར་པར་འཛིན་དུ་དོགས་པས་རྒྱས་པར་བཤད་ཅེས་གོ་ཚུལ་གཉིས་ཀྱི་དབང་དུ་བྱས་ན་རེ་ཞིག་ཁོ་བོས་《མིག་སྒྲོན་》གྱི་གོ་བ་དང་ཕྱི་ནང་མཁས་པའི་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་བྱས་པ་ལྟར་ན་ཕྱི་མ་དོན་དང་འབྱོར་སྙམ།   
        འགའ་ཞིག་འདི་ལྟར། རྫོགས་ཆེན་གྱི་སྐབས་སུ་སེམས་དང་ཡེ་ཤེས་སམ་སེམས་དང་རིག་པའི་ཁྱད་པར་ཕྱེ། ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཕྱེ་ནས་རིག་པ་རང་བྱུང་གི་ཀློང་དུ་སྣང་སྲིད་ཆོས་ཀུན་མ་བཙལ་ཡེ་རྫོགས་ཀྱིས་ད་ལྟ་ནས་རྫོགས་པས་གཞིར་སྐུ་གསུམ་རང་གྲོལ་ཆེན་པོ་ལ་བཟླ་བའི་ཆེད་ཀ་དག་མཁྲེགས་གཅོད་དང་།   ལྷུན་གྲུབ་ཐོད་རྒལ་གྱི་ལམ་ལས་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕབ་ནས་བསྒོམ་པའི་ཕྱིར་མདོ་སྡེའི་ངེས་དོན་དང་། རྫོགས་ཆེན་གཉིས་ཁྱད་པར་ཤིན་ཏུ་ཆེའོ་(27)ཞེས་བཤད་མོད། འོན་ཀྱང་། ཁོ་རང་གིས་བཤད་དགོས་ངེས་ཀྱི་གནད་གསལ་བོར་མ་གསུངས་པར་ཕལ་སྐད་ཞེ་ཚིག་གི་ཁྱད་པར་གྱིས་འབྱེད་པ་སོགས་གསུངས་པ་དག་གིས་གོ་རྒྱུ་ཞིག་མི་སྟེར། 
        གསུམ་པ། 《རྦ་བཞེད་》དང་《བསམ་གཏན་མིག་སྒྲོན་》གཉིས་ཀྱི་ཧེ་བག་གཤིབ་བསྡུར།   
        《མིག་སྒྲོན་》ནི་རྩོམ་པ་པོས་རང་ཉེས་འགྱོད་བཤག་གི་ཆེད་བརྩམས་པས་ལོ་རྒྱུས་ཀྱི་དོན་དངོས་ལ་སྒྲོ་འདོགས་མཛད་མི་སྲིད་ཅིང་། ལོ་རྒྱུས་རྙིང་པ་《རྦ་བཞེད་》ལ་ལྟོས་ཏེ་བརྩམས་པའི་དུས་ཀྱང་སྔ་བས་ཡིད་རྟོན་འཕེར་རུང་།   འདི་གཉིས་ཀྱི་ཧྭ་ཤང་མཁན་པོའི་ལྟ་སྒོམ་ལྒིང་ཕྱོགས་ཙམ་བསྡུར་པ་ལ།  《མིག་སྒྲོན་》དུ།  དེ་ལ་རྒྱུའི་ཐེག་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཀར་འོད་སྲུངས་ལ་གདམས་ངག་ཕོག    དེ་ནས་དར་མོ་དྷ་ར་ལ་སོགས་པ་ནས། རྒྱ་ནག་པོར་བདུན་བརྒྱུད་ཐ་མ་ཧྭ་ཤང་མ་ཧཱ་ཡ་ན་ལ་ཐུག  དེ་ནས་བོད་ཡུལ་དུ་བཙན་པོ་དང་དགེ་སློང་རྣམས་ལ་ཡོད་པ་ནི་ནུབ། དེ་དག་གི་འདོད་གཞུང་གི་ཡི་གེ་དག་ཡོད་པ་དེ་དག་དང་། ཀ་མ་ལ་ཤཱི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་།  སྔགས་ནང་པ་ལ་ཐབས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་མན་ངག་དང་།  གདམས་ངག་ཐིག་ལེ་ལ་སོགས་ཏེ།  སྟེང་འོག་གི་སྒོའི་མན་ངག་དང་། ལྷག་པའི་རྣལ་འབྱོར་དག་ལ་ནི། ཅི་ལ་ཡང་བྱ་བ་མེད་པའི་མན་ངག་སྙན་ཁུང་བརྒྱུད་པ་ཐོབ་པར་བྱ་བ་སྟེ།  ཞིབ་ཏུ་འོག་ནས་ཀྱང་སྟོན།(28) ཞེས་པ་འདི་དང་《རྦ་བཞེད་》གཉིས་མི་མཐུན་ས་མངོན་གསལ་དུ་སྣང་སྟེ།   《རྦ་བཞེད་》ལས་ཀ་མ་ལ་ཤི་ལས་ཧྭ་ཤང་ལྟ་སྒོམ་དེ་ཉིད་ལུང་རིགས་དང་མི་མཐུན་པས་བརྩད་པའི་མཐར་ཕམ་པར་བཤད་ཅིང་།   《མིག་སྒྲོན་》འདིར་དེ་ལས་ལྡོག་སྟེ་སྟོན་པ་ནས་འོད་སྲུངས།  དེ་ནས་དར་མོ་དྷ་ར།   དེ་ནས་ཧྭ་ཤང་མ་ཧཱ་ཡ་ན་ལ་བརྒྱུད་པ་ཡིན་པར་གསལ་བོར་བཤད་པ་མ་ཟད། དེ་ཉིད་ལྟ་སྒོམ་གྱི་བརྒྱུད་པ་ཡང་དག་ཏུ་བཞེད་སྣང་བས་ཧྭ་ཤང་ནི་བརྒྱུད་པ་རབས་བརྒྱད་པར་གསུངས་པའི་ཕྱིར།  དེར་ཐལ།  བཀའ་ཐང་ལས།    བཅོམ་ལྡན་འདས་སྐུ་མྱ་ངན་འདའ་བའི་དུས།། ཆོས་ཀྱི་ཐ་མ་དྲི་བས་ཐེ་ཚོམ་བཅད།།  མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན།། དཔེ་དོན་མང་པོ་འོད་སྲུངས་ཉིད་ལ་གསུངས།།   དེ་ནས་དར་མོ་དྷ་ར་ལ་སོགས་ནས།། རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་མཐའ།། ཧྭ་ཤང་མ་ཧཱ་ཡ་ན་ཉིད་ལ་ཐུག(29)ཅེས་གསུངས་པས་ན་འདི་དང་ཕྱི་དར་མཁས་པའི་བཞེད་དགོངས་མི་མཐུན་པའི་འགལ་འཛོལ་ཤོར་ཡོད།  
        དེ་ནས་《མིག་སྒྲོན་》འདིར་ཧྭ་ཤང་གི་ལྟ་སྒོམ་བརྒྱུད་པ་དེ་ཉིད་དེ་སྔོན་བོད་ཡུལ་དུ་ཡོད་པ་བཙན་པོ་གླང་དར་མའི་རིང་ལ་བཙུན་པ་ཡེ་ཤེས་དབང་པོ་བར་ཆད་དུ་གྱུར་པས་མཚན་ཉིད་ཀྱི་སློབ་དཔོན་བརྒྱུད་པ་ནུབ་སོང་པར་གསལ་པོར་བསྒྲགས་ཤིང་།    དེ་ནི་ཁོང་གིས་དངོས་སུ་གཟིགས་པའི་གནས་ཚུལ་ཡིན།  འོན་ཀྱང་ཕལ་ཆེར་གྱིས་《རྦ་བཞེད་》ཀྱི་རྗེས་སུ་འབྲངས་ཏེ་ཧྭ་ཤང་མཁན་པོ་ནི་ཆོས་རྩོད་ཀྱི་སྐབས་སུ་ཕམ་པར་གྱུར་པ་མ་ཟད། དེར་བརྟེན་བོད་ནས་མཐར་སྐྲོད་བཏང་ཞེས་བཤད། གལ་ཏེ་《མིག་སྒྲོན་》ཉིད་ཚད་མར་ཁས་ལེན་ཚེ། བསམ་ཡས་ཆོས་རྩོད་ཀྱི་སྐབས་སུ་ཏོན་ཙེན་གཉིས་ལས་གང་རྒྱལ་པར་གྱུར་པ་ལ་རྩོད་བཞིན་པའི་སྔ་དེང་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱང་དོན་མེད་ཀྱི་ཐུགས་ཁྲལ་དང་སྐུ་ཚེགས་ལ་བཅར་དགོས་མི་འདུག 
        ཡང་《མིག་སྒྲོན་》ལྟར་བསམ་གཏན་གྱི་ལྟ་སྒོམ་ཁྲི་སྲོང་ལྡེ་བཙན་ནས་བཟུང་གླང་དར་བསྟན་བསྣུབས་ཀྱི་བར་དུ་རྒྱུན་འཛིན་སྔར་བཞིན་གནས་ན་ཆོས་རྩོད་ལ་བརྟེན་ནས་རྒྱལ་ཕམ་གྱི་ཤན་ཕྱེ་བ་དེ་ཡང་ཡུལ་དུས་ཀྱིས་གྲགས་པ་ལས་དོན་དངོས་ཤིག་མིན་པར་གྲུབ་ཡོད།  ལར་རིག་གཞུང་དཔྱད་གླེང་གི་རྩོད་པ་དག་ལ་རྒྱལ་ཕམ་གྱི་དབྱེ་བ་ཕྱེ་དཀའ་བ་ནི་རྒྱུ་མཚན་ཡོད་དེ། རྩོད་པ་ལ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དགོས་ན་དེ་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་དགོས་པར་ཐུག  དེ་ལྟ་ན་རིགས་གཞུང་གི་ཆེས་གནད་ཆེ་ས་དང་ཕྲ་ས་ཡི་བདེན་རྫུན་དེ་ལུང་རིགས་ཚད་མ་ལ་བརྟེན་ནས་འབྱེད་དགོས།   སྣང་ཚོད་དང་གནས་ཚོད་ཀྱི་རྒྱལ་ཕམ་གཉིས་གཞི་གཅིག་ལ་མི་འདྲ་བ་འབྱུང་ངེས་པ་ཡང་ལྡོག་ཏུ་མེད།   
        《རྦ་བཞེད་》ལྟར་ན། སྐབས་དེར་ཁྲི་སྲོང་ལྡེ་བཙན་དང་། ཞི་བ་འཚོ། ཀ་མ་ལ་ཤི་ལ་རྗེས་འབྲང་བཅས་ཀྱིས་ཧྭ་ཤང་མཁན་པོའི་ལུགས་ལ་འགལ་ཟླར་བཟུང་སྟེ་རྩོད་པ་བས་པའི་གནས་ཚུལ་རྒྱས་གསལ་བཀོད་ཡོད།   《མིག་སྒྲོན་》འདིར།   ཀ་མ་ལ་ཤི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་། ཞེས་ཀ་མ་ལ་ཤི་ལས་རིམ་པར་བསླབ་ཅེས་པ་ཁོང་གིས་ཧྭ་ཤང་གི་ལྟ་སྒོམ་གྱི་འདོད་གཞུང་སྟེ་དེའི་ལྟ་བའི་བརྩམས་ཆོས་རྣམས་ལ་རིམ་པར་བསླབས་པ་ལ་གོའམ།   ཡང་ན་ཧྭ་ཤང་གི་ལྟ་བ་དང་མ་འབྲེལ་བར་ཁོང་གིས་རིམ་པར་བསླབ་པ་སྟེ་བསྒོམ་རིམ་གསུམ་ལ་སོགས་པ་ལ་གོ་དགོས།  གལ་ཏེ་གོང་ལྟར་གོ་བ་བླངས་ན་ཀ་མ་ལ་ཤི་ལ་ཁོང་ཡང་སྔོན་ཙམ་ལ་མཁན་པོའི་རྗེས་སུ་འབྲངས་པ་ཡིན་པར་འགྱུར་དགོས་ཤིང་།   ཕྱིས་སློབ་དཔོན་ཞེས་པའི་སློབ་དཔོན་ལ་ཡང་ཧྭ་ཤང་མཁན་པོ་འཇོག་དགོས།   ཕྱི་མ་ལྟར་ན་ལོ་རྒྱུས་ཀྱི་རྐང་དང་ཅུང་འགྲིག་པར་སེམས་ཀྱང་གཞུང་འདིར་བསྒོམ་རིམ་གྱི་གཞུང་ཞལ་འཕངས་གནང་སྐབས་བསྒོམ་རིམ་ཞེས་སྣང་པ་ལས་འདི་ལྟར་རིམ་པར་བསླབ་པ་ཞེས་གསུངས་མེད།  ཕྱིས་སློབ་དཔོན་ལ་མི་སྙེག་ཅེས་པའི་སློབ་དཔོན་ཡང་ཀ་མ་ལ་ཤཱི་ལར་གོ་ན་འོས་ཆེ་སྟེ།   ལོ་རྒྱུས་དང་ཏུན་ཧོང་གཏེར་ཡིག་རྣམས་སུ་ཧྭ་ཤང་མ་ཧཱ་ཡ་ན་ལ་མཁན་པོ་ཞེས་འབོད་པ་ལས་སློབ་དཔོན་ཞེས་བྲིས་མེད། འོ་ན་འདི་དག་གཞིར་བཟུང་ན་ཆོས་རྩོད་ཆེན་མོ་དེ་རྦ་ཡེ་ཤེས་དབང་པོ་ནས་བྱུང་བར་བྱས་ན་ལྟ་སྒོམ་གྱི་འགལ་བ་དེ་ཡང་དངོས་སུ་བརྩད་པའི་ངེས་པ་རྙེད་དཀའ།   
        《མིག་སྒྲོན་》འདིར།    དེ་ནས་དར་མོ་དྷ་ར་ལ་སོགས་པ་ནས།  རྒྱ་ནག་པོར་བདུན་བརྒྱུད་ཐ་མ་ཧྭ་ཤང་མ་ཧཱ་ཡ་ན་ལ་ཐུག   དེ་ནས་བོད་ཡུལ་དུ་བཙན་པོ་དང་དགེ་སློང་རྣམས་ལ་ཡོད་པ་ནི་ནུབ་ཅེས་གསལ་པ་ལྟར་ན། ཧྭ་ཤང་མ་ཧཱ་ཡ་ན་ནས་རིམ་བཞིན་བཙན་པོ།   དེ་ནས་དགེ་སློང་རྣམས་ལ་བརྒྱུད་པར་གསུངས་པ་འདིས་《རྦ་བཞེད་》དང་རྦད་དེ་མི་མཐུན་པར་བཙན་པོས་ཀྱང་ཧྭ་ཤང་ཆོས་བརྒྱུད་གསན་ཏེ་ཚུལ་འདི་ལ་གོང་བཀུར་དང་རྒྱབ་སྐྱོར་མཛད་ཡོད་པ་ཤེས། གཞན་ད་དུང་《ཏུན་ཧོང་གཏེར་ཡིག་》ཁྲོད་ཀྱི་ཡིག་ཆp.4646ཐེག་ཆེན་ཅིག་ཅར་རིགས་པ་ཡང་དག་པར་ངེས་པ(30)ཞེས་པའི་མགོ་བརྗོད་དུ།  བདག་གི་བཀུར་འོས་ཀྱི་བཙན་པོ།།  གདོད་མ་ནས་བཟུང་སྒོམ་སྒྲུབ་སྐྱོང་།།    ཡང་དག་གི་ཐབས་ཤེས་དེ་འཛིན།། (粤我圣赞普,夙植善本,顿悟真筌)(31)ཞེས་བཙན་པོས་ཀྱང་ཆོས་བརྒྱུད་དེ་ལ་ཐུགས་གཙིགས་ག་འདྲ་གནང་སོང་བ་མཚོན།  དེ་བས་འདི་གཉི་གས་མཐུན་པར་བཙན་པོ་དང་ཧྭ་ཤང་མཁན་པོ་གཉིས་ཀྱི་མཉེས་གཤིན་འབྲེལ་བ་དཔོག་ཐུབ་པ་མ་ཟད་དེ་ལྟར་《ཉང་རལ་ཆོས་འབྱུང་》ལས་ཀྱང་བཙན་པོས་སྦྱིན་བདག་དང་ནུས་ཤུགས་བཏོན་ཏེ་ཧྭ་ཤང་ལ་ལྷ་ཁང་བཞེངས་ཞེས་གསལ་པའང་བདེན་པའི་གཏམ་དུ་གྲུབ། 
        ཡང་གནུབས་ཆེན་གྱིས།   གླང་དར་མའི་རིང་ལ་བཙུན་པ་ཡེ་ཤེས་དབང་པོ་བར་ཆད་དུ་གྱུར་པས་མཚན་ཉིད་ཀྱི་སློབ་དཔོན་བརྒྱུད་པ་ནུབ།  ཅེས་གསུངས་པ་འདི་ནི་ཆེས་གལ་ཆེ་བ་ཞིག་སྟེ།  དེ་ཡང་ཡེ་ཤེས་དབང་པོ་ཞེས་པ་ནི་རྦ་གསལ་སྣང་ལ་མཁན་ཆེན་ཞི་བ་འཚོས་རབ་བྱུང་སྒྲུབ་སྐབས་བཏགས་པའི་ཆོས་མིང་ཡིན།  《རྦ་བཞེད་》ཀྱིས་བསམ་ཡས་ཆོས་རྩོད་ནི་རྒྱ་གར་ནག་གཉིས་ཀྱི་ཆོས་བརྒྱུད་མི་གཅིག་པ་ལས་བྱུང་པའི་ལྟ་སྒོམ་གྱི་འགལ་བའི་རྩོད་པ་ཞིག་ཏུ་བཞེད།   དེར་བརྟེན་བུ་སྟོན་དང་གཙུག་ཕྲེང་སོགས་ཕལ་ཆེར་གྱིས་ཀྱང་དེ་ལྟར་ངོས་འཛིན་གནང་ཡོད། 《མིག་སྒྲོན་》ལས་དེ་ལྟར་མ་ཡིན་པར་མཁན་པོ་ཡེ་ཤེས་དབང་པོ་ཁོང་ཉིད་ལ་བར་ཆད་དུ་གྱུར་ཚུལ་སོགས་ཐུགས་ཁྲལ་དང་གཟིགས་གཟོས་གནང་ཡོད་པ་འདིས་ཕྱི་རབས་པ་དག་གི་བློ་ངོར་《རྦ་བཞེད་》ལ་དོགས་གཞི་ཆེན་པོ་ཞིག་བསླངས་སོ།།  དོན་གྱི་དབང་འདིར་བརྟེན་དགེ་ཆོས་ཀྱིས།    འགའ་ཞིག་གིས་འདི་དག་ནི་ཡོངས་སུ་མ་རྫོགས་པའི་རྒྱལ་རབས་ཀྱི་དུམ་བུ་རེ་ཡིན་པས། ཁུངས་སུ་མི་འོས་སྙམ་ན་ཡང་མི་རིགས་ཏེ།   ལར་སྔོན་གྱི་ལོ་རྒྱུས་རྙིང་མ་ཡོད་རིགས་ཐམས་ཅད་ཀྱང་འདི་འདྲའི་དུམ་བུ་རེ་ཡིན་པ་《རྦ་བཞེད་》དང་།  《ཐང་ཡིག་》ལྟ་བུ་ཡིན་ལ་ཞེས་གསུངས་པ་བཞིན་དོགས་གཞི་རེ་འགའ་སྣང་སོང་པ་འདིས་《བསམ་ཡས་དཀར་ཆག་ཆེན་མོ་》འམ་《རྦ་བཞེད་》གང་ཉིད་དཔྱད་གཞིར་མི་འོས་པའམ་རིན་ཐང་མེད་པར་བཤད་སོང་པ་ནི་གཏན་ནས་མིན། 
        དཔྱད་གཞིའི་ཡིག་ཆ་དང་མཆན།  
①⑧⑨⑾⒁⒂⒄⒅⒆⒇(21)(22)(23)(24)(26)(28)གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས། སྒོམ་གྱི་གནད་གསལ་བར་ཕྱེ་པ་བསམ་གཏན་མིག་གི་སྒྲོན་མ་ཞེས་བྱ་བ་བཞུགས།  རྙིང་མའི་བཀའ་མའི་དཔེ་ཚོགས་ལག་བྲིས་པར་སློག་མ། ཤོག་ངོས་253、254、3、 12、13、22、24、28、29、34、59、60、75、93、8ན་གསལ་ལོ།།  
②④ནམ་མཁའི་ནོར་བུས་བརྩམས།  《ཏུན་ཧོང་ནས་ཐོན་པའི་དཔེ་རྙིང་སྦས་པའི་རྒུམ་ཆུང་གི་ཕྱི་མོའི་སྐོར་བཤད་པ》ཀྲུང་གོའི་བོད་ཀྱི་ཤེས་རིག   1989 3 ཤོག་ངོས་17、 18ན་གསལ།  
③རིག་འཛིན་པད་མ་ཕྲིན་ལས་ཀྱིས་བརྩམས།  《འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་པ་》ཞེས་བྱ་བ།  ནམ་མཁའི་ནོར་བུས་བརྩམས་པའི་《ཏུན་ཧོང་ནས་ཐོན་པའི་དཔེ་རྙིང་སྦས་པའི་རྒུམ་ཆུང་གི་ཕྱི་མོའི་སྐོར་བཤད་པ་》ཞེས་པ་ལས་དྲངས།  ཀྲུང་གོའི་བོད་ཀྱི་ཤེས་རིག   1989.3ཤོག་ངོས་17ན་གསལ། 
 ⑤⑥མཁར་རྨེའུ་བསམ་གཏན་གྱིས་བརྩམས།   བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།《མདའ་དང་འཕང་།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2010.11ཤོག་ངོས་མཆན་213、86ན་གསལ།  
⑦དཔའ་པོ་གཙུག་ལག་ཕྲེང་པས་བརྩམས།   《ཆོས་འབྱུང་མཁས་པའི་དགའ་སྟོན》  ཀྲུང་གོའི་བོད་ཀྱི་ཤེས་རིག    1989ལོའི་དེབ3པའི་ཤོག་ངོས་18དུ་དྲངས་པ་ལས་གསལ།  
⑩བདུར་པ་ཞེས་པ་ནི་བོད་ཀྱི་ཚིག་མཛོད་དག་ན་མི་སྣང་བའི་བརྡ་རྙིང་པ་ཞིག་སྟེ།  མི་ཤི་བའི་རྗེས་ཀྱི་ཆོ་ག་བསྒྲུབས་པ་ལ་ངེད་ཅག་རེབ་གོང་ས་ཆར་ད་ལྟའང་དེ་ལྟར་བཤད་སྣང་།  དཔེར་ན་བསོད་ནམས་ཀྱིས་རང་གི་ཕ་མ་མེས་པོ་རྣམས་བདུར།   ཞེས་བཤད་པ་ལྟར་རོ།།  
⑿རྗེ་ཙོང་ཁ་པ་ཆེན་པོས་བརྩམས། 《རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།   1987.8ལོའི་པར། ཤོག་ངོས་98ན་གསལ།  
⒀ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས། 《གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ཤེལ་གྱི་མེ་ལོང་》ཞེས་བྱ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   1984.4 པར། ཤོག་ངོས་436ན་གསལ། 
 ⒃རྦ་གསལ་སྣང་གིས་བརྩམས་པར་གྲགས།  《རྦ་བཞེད》གངས་ཅན་རིག་མཛོད་དེབ་ང་དྲུག་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་39ན་གསལ།  
(25)(29)གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ།  རྡོ་རྗེ་རྒྱལ་པོས་བསྒྲིགས།  《བཀའ་ཐང་སྡེ་ལྔ》(བློན་པོ་བཀའི་ཐང་ཡིག) མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1989.2 པར་ཐེངས་གསུམ་པ། ཤོག་ངོས་460、454ན་གསལ།  
(27)དཔལ་ལྡན་ཤེས་རབ་ཀྱིས་བརྩམས།  《གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བསམ་གཏན་མིག་སྒྲོན་ལེའུ་རྣམས་ཀྱི་སྤྱི་བཤད་མདོར་བསྡུས་ཤེས་རབ་མིག་འབྱེད་ཅེས་བྱ་བ་བཞུགས》སྣ་རིང་མདའ་ཚད་མ།  རྩོམ་པ་པོས་སྤྱི་ལོ་1994.7.29ཉིན་བྲིས། ཤོག་གྲངས་24རྒྱབ་ངོས་ན་གསལ། 
 ⑩ཏུན་ཧོང་བོད་ཀྱི་ཡིག་རྙིང་ཤོག་དྲིལ་p.t. 823ནི་ཏུན་ཧོང་གཏེར་ཡིག་རྒྱའི་ཡིག་རྙིང p. 4646《顿晤大乘正理诀》ཞེས་པ་སྟེ།  བོད་ཀྱི་གཞུང་ལུགས་དག་ན་ཡིག་རྙིང་འདིའི་བོད་མིང་ལ་རིགས་པ་ཡང་དག་པར་ངེས་པ་ཞེས་དང་།  ཐེག་པ་ཆེན་པོ་ཅིག་ཅར་རིགས་པ་ཡང་དག་ངེས་ཞེས་ཟེར།   འོན་ཀྱང་ཧྥ་རན་སིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་ཁྲོད་དུ་ཅིག་ཅར་ལ་འཇུག་པའི་སྒོ་ཞེས་བསྒྱུར་ཡོད་པ་དེ་ཡིན།  དེང་སང་ཁ་ཅིག་གིས་འདི་བོད་ཀྱི་གཞུང་ན་གསལ་བའི་བསམ་གཏན་ལོན་ཞུ་བ་དེ་ཡིན་པར་བཤད་ཀྱང་། བསམ་གཏན་ལོན་གྱི་ལུང་འགའ་བསམ་གཏན་མིག་སྒྲོན་དུ་དྲངས་ཡོད་པ་ལ་དཔྱད་ན་དེ་གཉིས་གཅིག་ཡིན་པར་མཐོང་མི་བཏུབ་བོ།།    
(31)饶宗颐、王锡:《顿晤大乘正理决》 序并校记。张曼涛编。 《现代佛教学术丛刊 》 89号, 台北大乘出版社, 1979年,第367页。
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1