གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༢༤ཉིན།

༄༅།། ལྐོག་གསོད་མཚར་པོ།


ལུའོ་དབྱི·L·མན་ཀུའུ་མུའུ་ཡིས་བརྩམས། བདེ་ཆེན་མཚོ་རྒྱལ་གྱིས་བསྒྱུར།
        མ་ཁོ་སྨི་ཨེར་ཆེ་ལོ་ཉེར་གཉིས་ལྷག་ལ་རྟག་པར་ཆུ་ཚོད་ལྔའི་སྟེང་སྨན་ཁང་དང་ཁ་གྱེས་ནས་ཞབས་ཐང་དུ་ཡུལ་ལ་ལོག ཡུལ་ལ་ལོག་པའི་ལམ་བར་དུ་མི་ཚང་མས་ཁོ་ལ་གུས་པའི་ངང་འཚམས་འདྲི་ཞུ་བ་རེད། ལོ་དེ་དག་གི་རིང་ལ་ཁོ་བྱིས་པ་ཚོ་དང་འཕྲད་དུས་ནམ་རྒྱུན་ཁོ་ཚོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་བྱིས་པ་དག་ལ་རིན་གོང་སླ་བའི་ཀ་ར་སྟེར་ཅིང་། ཁོ་ནི་དུས་གཏན་དུ་དེ་ལྟ་བུའི་མི་བྱམས་སེམས་ཅན་ཞིག་ཡིན། ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཕའོ་པོ•པ་སི་ཐུའོ་ཁྲང་གིས“མ་ཁོ་ཡིས་ཐ་ན་སྦྲང་ནག་གཅིག་ལ་ཡང་གནོད་པ་མི་བྱེད”ཟེར།
        མ་ཁོ་ནི་ཝེ་ལུའོ་ཝེ་ཨེར་གྲོང་རྡལ་དུ་ཆེས་དགའ་གུས་ཐོབ་པའི་སྤྱི་དམངས་ཤིག་ཡིན། དེ་གའི་མི་རྣམས་ནམ་རྒྱུན་དཀའ་ཁག་དང་འཕྲད་ཚེ་ཁོ་འཚོལ་དུ་ཡོང་ལ། ཁོ་ཚོང་སྒྲོམ་སྟེགས་བུ་རྙིང་པ་དེའི་རྒྱབ་ནས་ལངས་ཏེ་མི་རྣམས་ཀྱིས་སེམས་གཏམ་བརྗོད་པར་ཉན། ཁོ་ནི་དོན་དག་ཐག་གཅོད་མཁས་པའི་རིགས་ཡིན་ཏེ། ཁོས་བཤད་པ་ལྟར་བསྒྲུབས་ན་རང་ཉིད་ཀྱི་གནས་ཚུལ་ཇེ་ལེགས་སུ་འགྲོ་བ་མངོན་གསལ་གྱིས་རྟོགས་ཐུབ།
        ལོ22ལ་སོན་པའི་བུ་མོ་ཨའེ་སྨི་ལི•ཧུ་ཨེར་ཏུན་ནི་སྐྱེ་འབྲས་ཤིན་ཏུ་ལེགས་ཤིང་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན། སློབ་བུ་རྣམས་ནི་མོ་ལ་ཧ་ཅང་དགའ་བོ་ཡོད། ཨའེ་སྨི་ལི་ཟླ9པའི་ཟླ་མགོར་སློབ་གྲྭའི་ནང་ཐོན་པ་དང་། ཡེ་ཤུའི་འཁྲུངས་སྐར་བསུ་བའི་དུས་ཆེན་གྱི་སྐབས་སུ་ཨན་ཏུ་ལུའུ•ཧྥེ་ལུའོ་སི་ལ་བརྩེ་བ་ཆགས།“བགྲེས་པོ”རུ་འབོད་པའི་ཧྥེ་ལུའོ་སི་ནི་དོན་དངོས་སུ་དེ་འདྲ་ཞིག་རྒས་མེད་པར་མ་ཟད། གྲོང་རྡལ་དེར་ཆེས་འབྱོར་ཕྱུག་ལྡན་པའི་མི་དེ་ཡིན་ལ། སློབ་གྲྭའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡང་ཡིན། དེའི་རྐྱེན་གྱིས་ཁོས་དུས་རྒྱུན་དུ་ཨའེ་སྨི་ལི་མཐོང་ཐུབ། མོ་ནི་དུས་ངེས་མེད་དུ་ཁོའི་སྡོད་གནས་ལ་ཡོང་སྟེ་དཔེ་ཁྲིད་ཕྱོགས་ཀྱི་བྱ་བ་སྣ་ཚོགས་སྙན་སེང་ཞུ་བ་རེད། མོའི་ཁོག་ལ་གདོན་ཞུགས་པ་ལྟར་ཁོའི་ཕྱོགས་སུ་དབང་མེད་དུ་བཀུག་ཡོད་པར་ཡང་ཁག་མེད་དེ། ཨའེ་སྨི་ལི་ནི་ཁོ་ལ་དགའ་བ་ཙམ་མ་ཡིན་པར། གཞི་ནས་ཁོའི་ཆེད་དུ་སྨྱོ་ལ་ཁད་བྱེད་ཀྱིན་འདུག
        ཉིན་ཞིག ཨའེ་སྨི་ལི་མ་ཁོ•སྨི་ཨེར་ཆེ་ཡི་སྨན་ཁང་ནང་དུ་ཡོང་། “ཁྱོད་ཀྱིས་ཨན་ཏུ་ལུའུ•ཧྥེ་ལུའོ་སི་ཟེར་བ་ཡིན་ནམ།”ཞེས་ཨའེ་སྨི་ལིས་རང་གི་གནས་ཚུལ་གསལ་པོར་བརྗོད་རྗེས་མ་ཁོ་ཡིས་དྲིས།
        “འེ། ང་ནི་དངོས་གནས་གླེན་མ་ཞིག་རེད།”ཨའེ་སྨི་ལིས་ངུ་ཤུམ་དང་བཅས་བཤད་རྒྱུར“འོན་ཀྱང་ང་རང་ཁོ་ལ་དགའ། ཁོས་ཀྱང་ང་རང་ཆུང་མར་ལེན་རྒྱུ་ཁས་བླངས་ཡོད། ཡིན་ནའང་། ད་ལྟ་ཁོས་ངའི་གསང་བ་མང་པོ་ཞིག་ཤེས་ཡོད་ཟེར་བར་མ་ཟད། ད་དུང་དེས་ང་ལ་འཇིགས་སྐུལ་བྱེད། ཁོས་བཤད་པའི་སྐད་ཆ་དེ་དག་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། འེ། ད་ནི་ཅི་ཞིག་བྱ་དགོས་སམ། སྐུ་ཞབས་སྨི་ཨེར་ཆེ་ལགས།”མ་ཁོས་ཨའེ་སྨི་ལི་དམ་པོར་བསྡམས་ཤིང་། སེམས་པ་ཡང་ཧ་ཅང་མི་སྐྱིད་པར་གྱུར། དེ་མ་ཐག་ཁོས་རྣམ་རིག་བསྒྲིམས་ཏེ་དངུལ་ཁང་ནས་དངུལ་སྒོར་འབོར་ཆེན་ཞིག་བླངས་རྗེས་སྨན་ཁང་དུ་ཡོང་ཞིང་དངུལ་སྒོར་ཨའེ་སྨི་ལི་ལ་སྤྲད། “ས་གནས་འདིར་སོང་ནས་མི་ཞིག་འཚོལ”ཟེར་ཞོར་མ་ཁོ་ཡིས་ཉིའུ་ཡུའེ་གྲོང་ཁྱེར་གྱི་མི་ཆེ་གེ་མོ་ཞིག་བྲིས་ཡོད་པའི་ཤོག་བྱང་ཞིག་ཨའེ་སྨི་ལིའི་ལག་ལ་བཞག “དོན་དག་གི་བརྒྱུད་རིམ་ཡོད་ཚད་བུད་མེད་དེ་ལ་ཤོད། ཁྱོད་རང་མ་ཁོ•སྨི་ཨེར་ཆེ་ཡིས་མངགས་པ་ཡང་མོ་ལ་ཤོད། དེའི་རྗེས་དུས་གཏན་དུ་ཕྱིར་ཝེ་ལུའུ་ཝེ་གྲོང་རྡལ་དུ་མ་ཡོང་།”ཞེས་བཤད། ཨའེ་སྨི་ལིས་མ་ཁོ་ཡི་དངུལ་ཤོག་མ་བླངས་མོད། འོན་ཀྱང་སྐུ་ཞབས་སྨི་ཨེར་ཆེ་ཡིས་ཨའེ་སྨི་ལི་པང་དུ་བཟུང་ནས་འོ་ཞིག་བྱས་པ་དང་། མོ་ལ་དངུལ་སྒོར་དེ་དང་ལེན་བྱེད་དུ་བཅུག་རྗེས། ཨའེ་སྨི་ལི་བུད་སོང་། སྨི་ཨེར་ཆེ་ཡིས་སླར་ཡང་སྒྲོམ་སྟེགས་ཀྱི་འགྲམ་ནས་བསྒུགས་བསྡད།
        ཁོས་ཨན་ཏུ་ལའོ་གསོད་རྒྱུའི་སེམས་ཐག་བཅད་ཟིན།
        མི་འགྱངས་པར་ཨན་ཏུ་ལའོ་སྨན་ཁང་དུ་ཡོང་སྟེ། ཁོར་མཁོ་བའི་སྨན་དེ་བཙོང་རྒྱུ་ཡོད་མེད་དྲིས། “ཨན་ཏུ་ལའོ། སྨན་གསར་པ་ཞིག་ཐོན་ཡོད། དྲི་མ་ཡང་ཞིམ་གྱི”ཞེས་མ་ཁོ་ཡིས་ངག་འཇམ་པའི་ངང་དེ་ལྟར་བཤད། ཁོ་རང་སྒྲོམ་སྟེགས་ཀྱི་ལོགས་སུ་སོང་ནས། ཨང་སི་ཕྱེད་ཀྱི་ཆིང་ཧྭ་ཆིང(དུག་སྨན)ཁྱེར་ཡོང་ཞིང་། དེ་ནས“བགྲེས་པོ”ཧྥེ་ལུའོ་སིས་སྣོམ་ཙམ་བྱས་རྗེས། “ཁམ་བུའི་དྲི་ཞིམ་ཞིག་འཐུལ་ཡོང་བས། དངོས་པོ་བཟང་ཁ་རེད”ཟེར།
        མ་ཁོ་ཡིས“དངོས་གནས་དྲི་མ་ཞིམ་ལ་མིག་ལ་ཡང་ཕན”ཟེར།
        “བགྲེས་པོ”ཧྥེ་ལུའོ་སི་བགད་བྱུང་ལ། མ་ཁོ་ཡང་བགད་བྱུང་། རྒྱུ་མཚན་ནི་ཁོས་ཐིགས་ཆུ་གཅིག་ཧྥེ་ལུའོ་སིའི་མིག་ནང་དུ་ལྷུང་བ་ཙམ་གྱིས་ཀྱང་ཁོ་རང་ཕྱི་མའི་ཡུལ་དུ་རྫོང་ཐུབ་པ་ཤེས་ཡོད། “བགྲེས་པོ”ཧྥེ་ལུའོ་སིས་རྩིས་བརྒྱབ་ཚར་ནས་སྨན་ཁང་དང་ཁ་གྱེས། སྐབས་དེར་ཆུ་ཚོད་ལྔ་ཏག་ཏག་ཡིན་པས་མ་ཁོ་དང་ཁོ་གཉིས་མཉམ་དུ་ཡུལ་ལ་ལོག་ཅིང་། མ་ཁོ་ཡུལ་ལ་སླེབས་སྐབས་གཟབ་ནན་སྒོས་གྲོགས་པོར་བདེ་མོ་བཞག
        ཉིན་གཉིས་པའི་ཞོགས་པར། གནས་ཚུལ་མྱུར་དུ་གང་སར་ཁྱབ། གཉེར་བ་ཐང་ཕུའུ་སེན་ལྕམ་མོས་ཧྥེ་ལུའོ་སི་ཆུ་ཚོད་ཡུན་རིང་ཞིག་ལ་ནངས་ཇ་འཐུང་དུ་མ་ཡོང་བས་ཅི་ཞིག་བྱུང་སོང་ཨང་སྙམ་ནས་ཐོག་ཁང་དུ་སོང་བ་ན། བདག་པོ་གསང་སྤྱོད་ཁང་དུ་ས་ལ་འགྱེལ་ཏེ་སྔ་མོ་ནས་ཤི་ཡོད་པ་ཚོར། མོས“བགྲེས་པོ”ཡི་ལག་པ་ཅིག་ཤོས་ནང་ཤེལ་གྱི་ཆག་རོ་དམ་པོར་བསྡམས་ཡོད་པ་མཐོང་། མིག་སྨན་དེ་བསྡམས་ནས་ཆག་སོང་བ་མངོན་གསལ་དོད་པོ་ཡིན།
        ཕྱི་དྲོའི་ཆུ་ཚོད་ལྔ་ཡི་སྟེང་མ་ཁོ•སྨི་ཨེར་ཆེ་ཡིས་སྨན་ཁང་གི་སྒོ་བརྒྱབ་ནས་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གམ་དུ་འགྲོ་གྲབས་བྱས་པ་དང་། ནག་ཉེས་ཁས་ལེན་བྱས་ཏེ་རང་སེམས་བདེ་བར་བྱེད་ཆེད་ཁོ་ཚོས་རང་ཉིད་ལ་མནར་གཅོད་བཏང་ནས་འཆི་ལམ་དུ་བརྫངས་ནའང་འགྱོད་པ་སྤུ་ཙམ་མི་སྐྱེས་ཤིང་། ད་ནི་ཁོའི་དོན་དག་ཅི་ཞིག་བྱུང་རུང་ཁ་ཡ་མི་བྱེད་པ་རེད།
        ཁོས་ཉེན་དཔོན་ལ“ ང་རང་སྐྱོན་ཁས་ལེན་བྱེད་དུ་ཡོང་བ་ཡིན། ཨན་ཏུ་ལི•ཧྥེ་ལུའོ་སི་ནི་ངས་བསད་པ་ཡིན”ཞེས་བཤད། ཉེན་དཔོན་ཧབ་ཆ་ཞིག་བྱས་ནས་ཅུང་ཙམ་འགོར་རྗེས་གློ་བུར་དུ་མཚམས་བཞག
        མ་ཁོ་ཡི་མིག་མདངས་ལ་གཏུམ་ཉམས་ཀྱིས་ཁེངས་ནས་སྨྱོན་པ་ཞིག་དང་འདྲ། ཉེན་དཔོན་གྱིས་མ་ཁོ་ཙོག་ཏུ་བཅུག་སྟེ། སྒོར་སོང་ནས་ཉེན་དཔོན་གཞོན་པའི་རྣ་ཁར་ཅི་ཞིག་བཤད་ཀྱིན་མཆིས།“མ་ཁོ་སྨི་ཨེར་ཆེ་སྨྱོས་འདུག་པ་རེད།”ཁོས“བགྲེས་པོ”ཧྥེ་ལུའོ་སི་ཁོས་བསད་པ་ཡིན་ཟེར་བ་དེ་དཔེ་མི་སྲིད། མ་ཁོ་ཡིས་ཐ་ན་འབུ་གྲོག་མ་གཅིག་གི་སྲོག་ཀྱང་ལེན་མི་སྲིད། ཁོ་གཉིས་ནི་ལོ་གང་མང་རིང་གི་གྲོགས་པོ་ཡིན་པས་ཧྥེ་ལུའོ་སི་འདས་པ་དེའི་མ་ཁོ་ལ་རྡུང་རྡེག་ཚབས་ཆེན་ཐེབས་པ་རེད། ” ཧྥེ་ལུའོ་སི་འདས་པས་མ་ཁོ་ལ་སེམས་སྡུག་གིས་མནར་ནས་སྨྱོ་གྲབས་མཆིས། དངོས་གནས་སྐྱོ་བ་ལ་ཨང་། ཁོ་ནི་དེ་འདྲའི་མི་བཟང་ཞིག་ཡིན་པས། ངོ་མས་ཡིད་ཕངས་པ་ཞིག་རེད། གྲོགས་པོའི་འདས་རྐྱེན་གྱིས་མ་ཁོ་སྨྱོས་རན་འདུག་ཅེས་པའི་གནས་ཚུལ་དེ་མ་ཉིད་དུ་གང་སར་ཁྱབ་སོང་།
        རྒྱུ་མཚན་ནི་དུག་སྨན་དེ་ཁོས་བཙོངས་པ་རེད། “གྲོགས་པོས་རང་སྲོག་གཅོད་རྒྱུ་ཡིན་པ་དེ་ཁོས་མ་གཞི་ནས་ཡིད་ལ་ཤར་ཡོད་པས་ཁོས་རང་ཉིད་ལ་ལེ་བདའ་བྱེད་པ་ཡིན་སྲིད།” ཕུང་རོ་ཞིབ་བཤེར་མཁན་གྱིས་དེ་ལྟར་བཤད་པ་རེད། མ་ཁོ་གྲོང་རྡལ་དུ་ཡར་མར་ལ་འཁོར་ནས་མི་རེ་རེར་ཧྥེ་ལུའོ་སི་དངོས་གནས་ཁོས་བསད་པ་ཡིན་ཞེས་བཤད་རུང་། མི་རྣམས་ཀྱིས་མགོ་བོ་གཡུགས་གཡུགས་བྱེད་ཞོར“དངོས་གནས་ཡིད་ཕངས་པ་ཞིག་རེད། མ་ཁོ་དངོས་གནས་ཡིད་ཕངས་པ་ཞིག་རེད།”ཅེས་ཟེར་ཞོར་དུ་ཁ་ཡ་མི་བྱེད་པར་བུད་འགྲོ། ཡུན་རིང་མ་ལོན་པར། མ་ཁོ་དུས་རྒྱུན་ནམ་གུང་གཉིད་ལས་སད་དེ་སྐད་གསང་མཐོན་པོས་སྐད་ཅོར་བརྒྱབ་པ་དང་། གཉེར་བ་ཡང་ཁོ་དང་ཁ་གྱེས་སོང་། མི་རྣམས་ཀྱིས་མ་ཁོ་ཧྲི་སྨི་སི་སྨྱོ་ཁང་དུ་བསྐྱལ་ལ། ཕངས་སེམས་མི་སྐྱེ་བ་གཅིག་ཀྱང་མི་འདུག
        ཁོ་ཚོའི་བློ་ཡུལ་ལས་འདས་པ་ཞིག་ནི་མ་ཁོ་ལ་རང་ཉིད་ཀྱིས་ཧྥེ་ལུའོ་སི་བསད་པར་འདོད་པའི་བློ་འཆར་ཡ་མཚན་ཅན་སྐྱེས་པ་དེ་རེད། ཡིན་ནའང་། ཝེ་ལུའོ་ཝེ་ཨེར་གྲོང་རྡལ་དུ་དུས་ད་ལྟ་ཡང་ཨའེ་སྨི་ལི•ཧུ་ཨེར་ཏུན་ནི་མ་ཁོ•སྨི་ཨེར་ཆེའི་བུ་མོ་ཡིན་པ་ཤེས་མཁན་གཅིག་ཀྱང་མེད་དེ། མ་ཁོ་རྩ་བ་ནས་གཉེན་སྒྲིག་བྱས་མྱོང་མེད་པ་ཡང་སུས་ཀྱང་ཤེས་མེད། གཞན“བགྲེས་པོ”ཧྥེ་ལུའོ་སི་ནི་གསང་བ་འདི་དག་ཤེས་མཁན་གཅིག་པུ་ཡིན་པའང་སུས་ཀྱང་ཤེས་མེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1