༄༅།། འཇིག་རྟེན་སྐྱེ་འགྲོ་ཐམས་ཅད་ཧ་ལས་སུ་འཇུག་པའི་དཔེ་ཆ་ཞིག

རྗོ་དཔལ་ཆེན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-24


《རྨི་ལམ་ལ་བརྟག་པའི་གཞུང་།》
        ཨོ་སི་ཐྲི་ཡའི་སེམས་ཁམས་རིག་པ་བ་ཧྥོ་ལུའོ་དབྱི་ཏི་ཡིས་སེམས་ཁམས་རིག་པའི་ཞིབ་འཇུག་དེ་འགྲོ་བ་མིའི་གཏིང་རིམ་གྱི་བསམ་པའི་འཇིག་རྟེན་དུ་དྲངས་པ་དེས། དེང་རབས་ཀྱི་སེམས་ཁམས་རིག་པ་ལ་ཁྱབ་ཁོངས་གསར་པ་གསར་རྐྱང་ཞིག་བསྟན་པར་མ་ཟད། དེ་ད་རུང་དུས་རབས20པའི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་གཞུང་ཚན་ཁག་གི་ཁྱབ་ཁོངས་སོ་སོར་ཡོངས་སུ་ཁྱབ་སྟེ། དེང་རབས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་འདུ་ཤེས་དང་སྤྱི་ཚོགས་འཚོ་བའི་གཞོགས་ངོས་རེ་རེར་ཕོག་ཐུག་བཏང་དང་གཏོང་བཞིན་མཆིས།
        སྤྱི་ལོ1900ལོར། འཇིག་རྟེན་སྐྱེ་བོ་ཐམས་ཅད་ཧ་ལས་སུ་འཇུག་ཅིང་དུས་རབས་ཀྱི་མཚམས་འབྱེད་པའི་དཔེ་ཆ་ཞིག་ཐོན་ཡོད། དཔེ་ཆ་དེའི་མིང་ལ《རྨི་ལམ་ལ་བརྟག་པའི་གཞུང》ཟེར་ཞིང་།《རྨི་ལམ་ལ་འགྲེལ་བཤད་རྒྱག་པའི་གཞུང》ཞེས་ཀྱང་བསྒྱུར་ཡོད། དེའི་རྩོམ་པ་པོ་ནི་ཞི་ཀི་མོན་ཏི•ཧྥོ་ལུའོ་དབྱི་ཏི་རེད།
        སྤྱི་ལོ1856ལོར་ཧྥོ་ལུའོ་དབྱི་ཏི་ཨོ་སི་ཐྲི་ཡའི་ཡུལ་མོ་ལ་ཝེ་ཡའི(དེང་སང་ཅེ་ཁེ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས)གྲོང་ཁྱེར་ཧྥོ་ལའེ་པུའོ་མཁར་རྫོང་གི་ཡིའུ་ཐའེ་པ་ཞིག་གི་ཁྱིམ་དུ་སྐྱེས། ལོ4ཡི་སྟེང་དུ་ཁྱིམ་གང་པོ་གྲོང་ཁྱེར་ཝི་ཨེ་ན་རུ་གནས་སྤར། ཁོང་གིས་ཝི་ཨེ་ན་ནས་མི་ལོ80རིང་གི་མི་ཚེའི་ལོ་ཟླ་རོལ་ཞིང་བསྐྱལ། སྤྱི་ལོ1938ལོར་ན་ཙི་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་ལ་བཙན་འཛུལ་བྱས་པས། ཧྥོ་ལུའོ་དབྱི་ཏི་དབྱིན་ཇི་རྒྱལ་ཁབ་ཏུ་བཙན་བྱོལ་བྱེད་དུ་མི་འགྲོ་ཀ་མེད་བྱུང་ཞིང་། མཐར་དབྱིན་ཇི་རྒྱལ་ཁབ་ནས་ཚེ་ལས་འདས།
        ཧྥོ་ལུའོ་དབྱི་ཏི་ནི་སློབ་གཉེར་གྱི་དུས་ནས་བཟུང་ཀུན་ལས་ལྷག་པའི་སློབ་མ་ཞིག་ཡིན་ལ། སྤྱི་ལོ1881ལོར་ཝི་ཨེ་ན་སློབ་ཆེན་གྱི་གསོ་རིག་རབ་འབྱམས་པའི་ཐོབ་ཐང་བླངས། དེའི་ཕྱི་ལོར་ནད་ཐོག་སྨྱོ་ནད་སྨན་པ་ཡིན་པའི་ངོས་ཐད་ནས་ཁོང་གིས་སྒེར་གྱིས་ལས་གཉེར་བྱེད་མགོ་བརྩམས་ཤིང་། དང་ཐོག་གཉིད་འགུག་སྨན་བཅོས་ཀྱི་ལས་ཀ་དོན་དུ་གཉེར་བ་དང་། ཕྱིས་སུ་བསམ་པའི་དབྱེ་ཞིབ་ཀྱི་བྱེད་ཐབས་གསར་དུ་བསྐྲུན་ནས་དེ་ལག་ལེན་དུ་བསྟར།
        ཧྥོ་ལུའོ་དབྱི་ཏིའི་གཞུང་ལུགས་ནི་རིམ་པ་བཞིན་དུ་འཕེལ་རྒྱས་བྱུང་བ་ཡིན་ཏེ། སྤྱི་ལོ1895ལོར་ཁོང་གི་ཆེད་རྩོམ་དཔེ་ཆ་དང་པོ《སྨྱོ་ནད་ལ་ཞིབ་འཇུག་བྱེད་པའི་གཞུང》ཞེས་པ་དཔེ་སྐྲུན་བྱས་ཤིང་། སྤྱི་ལོ1900ལོར་ཁོང་གི་ཆེད་རྩོམ་དཔེ་ཆ་ཨང་གཉིས་པ《རྨི་ལམ་ལ་བརྟག་པའི་གཞུང》ཞེས་པ་འགྲོ་བ་མིའི་སྤྱན་སྔར་བཏོན། དཔེ་ཆ་དེར་འགྲོ་བ་མིའི་ལོ་རྒྱུས་བསྒྱུར་བའི་བརྩམས་ཆོས་ཞེས་ཆེ་བ་བརྗོད་ཡོད་པར་མ་ཟད། ད་རུང་བསམ་པའི་དབྱེ་ཞིབ་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་ཤིང་གྲུབ་པའི་མཚོན་རྟགས་གལ་ཆེན་ཞིག་ཏུའང་བརྩིས་ཤིང་རྩི་བ་རེད།
        《རྨི་ལམ་ལ་བརྟག་པའི་གཞུང》ཞེས་པའི་དཔེ་ཆ་དེའི་ནང་དུ། ཧྥོ་ལུའོ་དབྱི་ཏི་ཡིས་ཡིད་ལ་དྲན་ཐུབ་པའི་རྨི་ལམ་ནང་གི་གནས་ཚུལ་དེ་རིགས་ལ“མངོན་གྱུར་གྱི་ནང་དོན”ཞེས་བརྗོད་པ་དང་སྦྲགས། དེའི་ནང་དུ་གབ་པའི་གོ་དོན་ཏེ། “ལྐོག་གྱུར་གྱི་ནང་དོན”ལ་དབྱེ་འབྱེད་གསལ་བོ་བྱས། ཁོང་གིས་བལྟས་ན་ལུགས་དང་མཐུན་པའི་དབྱེ་ཞིབ་བྱས་པ་བརྒྱུད་ཚེ། རྨི་ལམ་གྱིས་འགྲོ་བ་མིའི་སྣང་མེད་ཀྱི་འདུ་ཤེས་ལ་སྒེའུ་ཁུང་ཞིག་ཕྱེས་པ་ཡིན་གཤིས། བཀག་སྡོམ་བྱས་པའི་ཞེ་འདོད་དང་། བྱིས་པའི་དུས་ཀྱི་འདོད་ཆགས་དང་དེ་མིན་ཨུ་ཏིས་ཕུའུ་སིའི་བརྩེ་སེམས﹙བྱིས་པ་ཕོ་རྣམས་ལོ2ནས3གྱི་སྟེང་ནས་ཨ་མ་ལ་དགའ་སེམས་ཆགས་པར་གོ་དགོས)ལ་སོགས་པར་བརྟེན། རིམ་པ་བསྟར་ཆགས་ཀྱི་ཡིད་སེམས་ཀྱི་རྦ་རླབས་ལྟ་བུ་འཕྱུར་ཡོང་བ་རེད།
        ཡིན་ན་ཡང 《རྨི་ལམ་ལ་བརྟག་པའི་གཞུང》དཔེ་སྐྲུན་བྱས་ཏེ་བགྲང་བྱ་བརྒྱད་ཀྱི་རིང་དཔེ་ཆ600མ་གཏོགས་བཙོངས་ཐུབ་མེད། རྒྱུ་མཚན་ནི་ཧ་ལམ་སྐྱེ་བོ་ཀུན་གྱིས་དེར་ཞེན་པ་ལོག་གི་ཡོད་ཟེར། ཧྥོ་ལུའོ་དབྱི་ཏིའི“འགྲོ་བ་མིའི་རྨི་ལམ་ནི་རྨི་ལམ་ཁོ་ན་ཉིད་ཙམ་མིན་པར། དེས་འགྲོ་བ་མིའི་འདུ་ཤེས་མཚོན་པ་ཡིན”ཞེས་པའི་སྐོར་གྱི་ལྟ་ཚུལ་དེར། དེའི་ཚུན་ཆད་ཀྱི་མི་ལོ100ཡི་རིང་ལ་སྐྱེ་བོ་གང་མང་ཞིག་གིས་དེར་མི་འདོད་སྣ་ཤུ་བརྒྱབ་སྟེ།དེ་ནི་ཁུངས་མེད་ཀྱི་སྟོང་བསམ་རེད་ཅེས་བརྗོད་པ་རེད། སྐབས་ཐོག་དེའི་ཚན་རིག་པ་རྣམས་ཀྱིས་རྨི་ལམ་ནི་སྤྱིར་བཏང་དུ་འགྲོ་བ་མིའི་རིགས་ལ་གཉིད་འབབ་པའི་སྐབས་ཀྱི་མིག་དབང་འགུལ་གྲབས་ཀྱི་དུས་རིམ་དུ་བྱུང་བ་ཡིན་ལ། མིག་དབང་འགུལ་གྲབས་ཀྱི་དུས་རིམ་གྱི་འགུལ་སྐྱོད་མང་ཤོས་ཀྱིས་ལྡོག་འཕྲོའི་རང་བཞིན་གྱི་བྱ་སྤྱོད་མཚོན་པ་ཡིན་ཏེ། དཔེར་ན་དབུགས་གཏོང་ལེན་ལ་སོགས་པ་མཚོན་པ་ཡིན་པས། དེ་ཀླད་ཆེན་གཏིང་རིམ་གྱི་བསམ་གཞིགས་དང་ཞེ་འདོད། ཕུགས་འདུན། སྐྲག་སྣང་ལ་སོགས་པ་དང་འབྲེལ་བ་ཆེན་པོ་མེད་པ་ཤེས། དེའི་རྐྱེན་གྱིས་མི་རྣམས་ཀྱིས་རྨི་ལམ་ནི་རྨི་ལམ་ཉིད་ཡིན་པ་མ་གཏོགས། དེ་སྣང་མེད་ཀྱི་འདུ་ཤེས་དང་འབྲེལ་བ་མེད་ཅེས་ཚིག་ཐག་བཅད་ནས། ཧྥོ་ལུའོ་དབྱི་ཏིའི་རྨི་ལམ་སྐོར་གྱི་རིགས་པའི་གཞུང་ལུགས་ནི་ནོར་འཁྲུལ་ཡིན་པའི་སྟེང་དུ་བཞག་ཡོད།
        ཡིན་ནའང་ཚན་རྩལ་སྔར་བས་ཡར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས། འགྲོ་བ་མིའི་ཀླད་ཆེན་གྱི་ནང་ཁུལ་ལ་གློག་རྡུལ་གྱིས་འདྲ་བཤུ་རྒྱག་ཐུབ་པ་བྱུང་བ་དེས། ཧྥོ་ལུའོ་དབྱི་ཏིའི་རྨི་ལམ་སྐོར་གྱི་རིགས་པའི་གཞུང་ལུགས་ལ་ཡང་བསྐྱར་གདེང་འཇོག་བྱེད་པའི་གོ་སྐབས་གསར་པ་ཞིག་བསྩལ་བྱུང་།
        སྤྱི་ལོ1999ལོར། ཨ་མེ་རི་ཁའི་འོན་ལྐུགས་པས་གོ་བརྡ་སྤྲོད་པའི་གེགས་ཆ་ཞིབ་འཇུག་ཁང་གི་ཚན་རིག་པ་ཨེ་ལུན•པུའུ་ལང་གིས་གློག་རྡུལ་ཕོའི་འགྱེད་འཕྲོའི་མཚམས་གཅོད་གློག་རྡུལ་འདྲ་བཤུའི་ལག་རྩལ་བཀོལ་སྤྱོད་བྱས་ཏེ།རྨི་ལམ་གྱི་བརྒྱུད་རིམ་ལ་བགྲང་བྱ་དུ་མའི་རིང་ལ་ཞིབ་འཇུག་བྱས་པ་བརྒྱུད། སྔོན་ཆད་ཀྱི་མིག་དབང་འགུལ་གྲབས་སྐོར་གྱི་རིགས་པའི་གཞུང་ལུགས་དེ་ནི་ཡང་དག་པ་ཞིག་མིན་པ་རྟོགས་བྱུང་། དེའི་རྒྱུ་མཚན་ནི། ཐོག་མར་འགྲོ་བ་མིས་གཉིད་རྒྱག་པའི་དུས་རིམ་གཞན་པའི་ནང་དུ་ཡང་རྨི་ལམ་རྨི་བ་ཡིན། གཉིས་སུ་འགྲོ་བ་མིས་རྨི་ལམ་རྨི་བའི་སྐབས་སུ་རང་སྣང་གི་སེམས་ཤུགས་དང་དབྱེ་འབྱེད་ངོས་འཛིན་ཁག་དེ་གཉིས་ཀའི་ཀླད་ཆེན་གྲུབ་ཚུལ་ནི་ཤིན་ཏུ་འཁྲུག་ཆ་ཆེ་བ་ཞིག་ཡིན་པས། ཁག་དེ་གཉིས་ཀ་སྣང་མེད་ཀྱི་འདུ་ཤེས་དང་འབྲེལ་བ་དམ་པོ་ཡོད་པ་དེ་རེད།
        ཨེ་ལུན•པུའུ་ལང་གི་གསར་རྙེད་དེས་འགྲོ་བ་མི་རྣམས་ཀྱིས་རྨི་ལམ་རྨི་སྐབས་ཀྱི་བློ་ཁ་གཡོ་འགུལ་ཤིན་ཏུ་ཆེ་བ་དང་སྣང་བརྙན་གསལ་པོ་ཡོད་པ་ལ་འགྲེལ་བཤད་བརྒྱབ་པར་མ་ཟད། དེ་ཧྥོ་ལུའོ་དབྱི་ཏིའི་རྨི་ལམ་གྱི་སྣང་མེད་འདུ་ཤེས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མ་བགྲོས་རང་མཐུན་བྱུང་།
        ཧྥོ་ལུའོ་དབྱི་ཏིའི་གཞུང་ལུགས་ལ་སྔ་ཕྱི་བར་གསུམ་དུ་རྩོད་པ་གནས་ཡོད་མོད། འོན་ཀྱང་ཁོང་ཉིད་ནི་འགྲོ་བ་མིའི་བསམ་བློའི་ལོ་རྒྱུས་སྟེང་གི་བླ་ན་མེད་པའི་མི་སྣ་རླབས་པོ་ཆེ་ཞིག་ཡིན་པར་ངོ་གནོང་མི་དགོས། ཁོང་གི་ཁྱད་པར་དུ་འཕགས་པའི་གཞུང་ལུགས་དང་སྨན་བཅོས་ལག་རྩལ། དེ་མིན་འགྲོ་བ་མིའི་སེམས་ཁམས་སུ་ཡིབ་པའི་འདུ་ཤེས་དེར་གོ་བ་གཏིང་ཟབ་མོ་ལོན་ཡོད་པ་དེས། སེམས་ཁམས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་གསར་རྐྱང་ཞིག་གསར་གཏོད་བྱས་ཡོད།
        དུས་ད་ལྟ། ཧྥོ་ལུའོ་དབྱི་ཏིའི《རྨི་ལམ་ལ་བརྟག་པའི་གཞུང》དང་། ཏ་ཨར་ཝུན་གྱི《དངོས་རིགས་ཀྱི་འབྱུང་ཁུངས》ཀོ་པའེ་ཉིའི《སྐར་མའི་གོ་ལ་འཁོར་སྐྱོད་སྐོར་གྱི་གཞུང》ཞེས་པའི་དཔེ་ཆ་འདི་གསུམ་པོ་ལ་འགྲོ་བ་མིའི་བསམ་བློའི་གསར་བརྗེ་ཆེན་པོ་གསུམ་འབྱུང་དུ་བཅུག་པའི་གསུང་རབ་བརྩམས་ཆོས་གསུམ་ཡིན་ཞེས་ཆེ་བ་བརྗོད་དང་རྗོད་ཀྱིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1